རྒྱ་བོད་ཤན་སྦྱར་ཚིག་མཛོད་དང་འབྲེལ་ནས་་དེང་སྐབས་ རྒྱ་བོད་ཡིག་བསྒྱུར་ཐད་ཀྱི་གནད་དོན་འགའ་གླེང་བ།
འབྲུག་རྒྱལ་མཁར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03
གཅིག 《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》ཀྱི་ནུས་པའི་སྐོར།
《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདི་ནི་ཐོག་མར་1954ལོ་ནས་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཡིག་གི་དཔེ་དེབ་ནང་གི་ཐ་སྙད་གསར་པ་རྣམས་འཚོལ་བསྡུ་ལེགས་སྒྲིག་བྱས་ཏེ་《རྒྱ་བོད་ཤན་སྦྱར་ཚིག་མཛོད།》སྔ་ཕྱིར་ཁྱོན་དེབ་བཞི་བཟོས། དེར་བརྟེན་ཀློག་པ་པོ་རྣམས་ཀྱི་དགོས་མཁོ་དང་རེ་འདུན་གཞིར་བཟུང་ནས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག ཐོན་སྐྱེད་ལག་རྩལ་དང་གཏམ་དཔེ། ཐ་སྙད་གསར་བ་སོགས་འདུས་པའི་《རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད།》སྡོམ་པས་ཐ་སྙད་ཆིག་ཁྲི་སུམ་སྟོང་ལྷག་ཡོད་པའི་ཚིག་མཛོད་འདི་པར་སྐྲུན་བྱས། 1976ལོར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐ་སྙད་བཞི་ཁྲི་དྲུག་སྟོང་ལྷག་ཡོད་པའི་རྨང་གཞིའི་ཐོག 1985ལོར་ལྗོངས་ཞིང་ལྔའི་མི་རིགས་དཔེ་སྐྲུན་ཁང་དང་མི་རིགས་དཔེ་སྐྲུན་ཁང་བཅས་ཐུན་མོང་གིས་རྩོམ་སྒྲིག་མཉམ་སྒྲུབ་བྱས་ནས་1991ལོའི་ཟླ་9པར་པར་སྐྲུན་བྱས།《རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདིར་ཁྱོན་བསྡོམས་པས་ཐ་སྙད་ཁྲི་བརྒྱད་ལྷག་ཙམ་ཡོད་པའི་ནང་དོན་གཙོ་བོ་དེང་རབས་རྒྱ་སྐད་ཀྱི་སྤྱིར་བཏང་གི་མིང་ཚིག་བསྡུས་ཡོད་པ་དང་། དེ་མིན་རྒྱུན་སྤྱོད་སྐད་ཡིག་དང་གཏམ་དཔེ། སྙན་ཚིག་གྲགས་ཅན། གདམས་ངག ཡུལ་སྐད། དེ་བཞིན་ཆེད་ལས་འདྲ་མིན་གྱི་རྒྱུན་སྤྱོད་ཐ་སྙད་ཀྱང་གང་འཚམ་ཞིག་བསྡུས་ཡོད་པ་དེ་ལས་མང་ཆེ་བ་ནི་དཔར་དུ་བསྐྲུན་ཟིན་པའི་བོད་ཡིག་བསྒྱུར་རྩོམ་ནང་ནས་བསྡུས་པས། ལག་ལེན་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ངེས་ཅན་ཞིག་ལྡན་ཡོད། ཕྱོགས་བསྡུས་ཚིག་མཛོད་ཆེན་མོ་འདིས་གཙོ་བོ་རྒྱ་བོད་ཡིག་སྒྱུར་ལས་དོན་གཉེར་མཁན་དག་ལ་མ་ནོར་ལམ་སྟོན་གྱི་ནུས་པ་བླ་ལྷག་བཏོན་ཡོད། རྒྱ་བོད་ཡིག་སྒྱུར་བྱ་བར་ཞུགས་མཁན་ཡོན་ཏན་མཐོ་དམན་སུ་ཡིན་ཡང་ཚིག་མཛོད་ལ་མི་བརྟེན་པ་ཞིག་མེད། ཚིག་མཛོད་འདི་ཉིད་བྱུང་བ་ནས་མདོ་དབུས་ཁམས་གསུམ་དུ་ལོ་ཙཱའི་ཐ་སྙད་མང་པོ་གཅིག་གྱུར་བྱུང་ལ་བོད་ཁམས་ཡོངས་སུ་གཅིག་གྱུར་ཡོང་ཡོད་པ་ཡང་མང་པོ་ཡོད། དེ་བས། ཚིག་མཛོད་འདི་རུ་བཀོད་པའི་ཐ་སྙད་དག་བཀོལ་སྤྱོད་བྱེད་བཞིན་ཡོད་པས་བོད་མདོ་དབུས་ཁམས་གསུམ་གཙོ་བྱས་པའི་རྒྱ་བོད་ཡིག་བསྒྱུར་གྱི་ཐ་སྙད་གཅིག་འགྱུར་ཡོང་བར་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཆེན་པོ་ཐོགས་ཡོད།
གཉིས། 《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འཐུས་ཚང་དང་ཇེ་ལེགས་སུ་གཏང་དགོས།
སྤྱི་ཚོགས་ལས་རིགས་ཁག་འཕེལ་རྒྱས་ཧ་ཅང་མགྱོགས་པའི་དུས་འདིར། སྲིད་འབྱོར་རིག་གསུམ་གཙོ་བྱས་པའི་ཐ་སྙད་གསར་བ་ཆར་ཤུལ་གྱི་ཤ་མོ་ཇི་བཞིན་བརྡོལ་པས། ཚིག་མཛོད་འདི་ཁ་སྣོན་དང་འཐུས་སྒོ་ཇེ་ཚང་དུ་གཏང་དགོས་འདུག དེང་སྐབས་ཀྱི་འཛམ་གླིང་ནི་བརྡ་འཕྲིན་གྱིས་བལྟམས་ཤིང་། དངོས་པོ་གསར་བ་དང་དེ་ལྟོས་ཀྱི་མིང་བརྡ་གསར་བ། གཞུང་ལུགས་གསར་བ་རྣམས་རྒྱུན་མི་ཆད་པར་འབྱུང་བཞིན་ཡོད་པས། ད་ལྟ་མི་ལོ་ཉེར་ལྔའི་རིང་དུ་གསར་བྱུང་ཐ་སྙད་ཁ་སྣོན་མ་བྱས་པའི་《རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདིས་རྒྱ་བོད་ཡིག་སྒྱུར་བྱ་བའི་དགོས་མཁོ་སྐོང་བའི་ནུས་པ་ཇེ་ཞན་དུ་འགྱུར་བཞིན་ཡོད། 《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདི་ལ་དུས་ཀྱི་དབང་དང་ཡུལ་སྲོལ་གོམས་གཤིས་མ་རྟོགས་པའི་རྐྱེན་གྱིས་བསྒྱུར་ཡིག་ལ་མ་དག་པ་དང་མ་ཚང་བའང་དུ་མ་མཆིས་བས་ཀུན་གྱིས་ཁས་ལེན་པ་དང་བློ་གཏད་ཡིད་ཆེས་ཆོག་པའི་ཚིག་མཛོད་ཅིག་ངེས་པར་ཏུ་བསྐྲུན་དགོས།
1. གསར་བྱུང་ཐ་སྙད་ཁ་སྣོན་དང་གཅིག་འགྱུར་བྱ་དགོས།
དུས་རབས་ཉེར་གཅིག་པ་ནི་འཛམ་གླིང་ཧྲིལ་བོ་གཞི་གཅིག་ཅན་དུ་འགྱུར་བའི་དུས་ཡིན་པས། སྲིད་འབྱོར་རིག་གསུམ་ཐད་ཀྱི་ཐ་སྙད་གསར་པ་དབྱར་གྱི་རྩྭ་སྔོན་སྐྱེ་སྐྱེ་ཡིན། ཐ་སྙད་དེ་དག་དང་འཕྲད་དུས་རྒྱ་བོད་ཡིག་སྒྱུར་བ་རྒན་དར་གཞོན་གསུམ་ལས་ཚིག་མཛོད་གང་དེར་མི་ལྟ་མཁན་ཧ་ལམ་མེད་པ་ལྟ་བུར་ཆགས་ཡོད་མོད། གསར་བྱུང་ཐ་སྙད་འདི་དག་ཚིག་མཛོད་དུ་མེད་པས་ཐ་སྙད་སྒྱུར་དུས་གོ་བ་ཇི་བཞིན་མ་ལོན་པའམ་ལོན་ཚད་མ་འདྲ་བའི་དབང་གིས་མདོ་དབུས་ཁམས་གསུམ་ནས་བསྒྱུར་བྱའི་ཐ་སྙད་གཅིག་ལ་སོ་སོས་སྒྱུར་བྱེད་བོད་ཡིག་ཏུ་མིང་མི་འདྲ་བ་རེ་བཏགས་པས་ཕན་ཚན་ལ་བརྡ་སྤྲོད་པའི་ཐད་དུ་རྙོག་དྲ་ཆེན་པོ་བཟོ་བཞིན་ཡོད། དེ་བས་འཛམ་བུ་གླིང་དུ་གནས་པའི་ས་མིང་དང་ཆུ་མིང་། རྩྭ་མིང་། ཤིང་མིང་། ལྡུམ་བུའི་མིང་། མེ་ཏོག་གི་མིང་། གཏེར་རྫས་ཀྱི་མིང་། རི་དྭགས་ཀྱི་མིང་དང་གཅན་གཟན་གྱི་མིང་། ཆུ་སྲིན་གྱི་མིང་སྲིན་འབུའི་མིང་། ཆབ་སྲིད་དང་དཔལ་འབྱོར། དམག་དོན། བཟོ་ལས། ཞིང་ལས། ཕྱུགས་ལས། ཚན་རིག་འཕྲུལ་ཆས། ཆོས་ལུགས། གསོ་རིག ཁྲིམས་ལུགས་ཐད་ཀྱི་མིང་ཚིག་སོགས་སྔར་མེད་པ་རྣམས་བོད་སྤྱི་ལ་ཁྱབ་པའི་ཐ་སྙད་གསར་བ་ཐོས་པ་ཙམ་གྱིས་ཧ་གོ་བར་བསྒྱུར་ནས་《རྒྱ་བོད་ཤན་སྦྱར་ཚིག་མཛོད།》དུ་གཞུག་དགོས། ཚེ་ཏན་ཞབས་དྲུང་གིས་གསུངས་དོན་མང་ཚོགས་ལམ་ཕྱོགས་དང་མཐུན་པའི་དགོངས་དོན་ལྟར་མང་ཚོགས་ཀྱི་ཁ་ན་སྔར་ཡོད་ཀྱི་དངོས་རྫས་དང་། གསར་ཐོན་གྱི་དངོས་རྫས་ལ་མིང་ཚིག་བརྗོད་བདེ་ཞིང་མིང་དོན་མཐུན་པ་མང་དུ་ཡོད་པ་དེ་དག་ལ་རྩད་གཅོད་དང་བེད་སྤྱོད་བྱས་ན་བཟང་ཞེས་པ་ཇི་བཞིན། ཁྱབ་ཁོངས་སོ་སོར་འབྲེལ་བའི་ཐ་སྙད་དག་ཡང་དག་ཅིང་དོན་ཇི་བཞིན་དུ་སྟོན་པ། ཁ་གསལ་བའི་སྒོ་ནས《རྒྱ་བོད་ཤན་སྦྱར་ཚིག་མཛོད།》ཀྱི་གཞུང་དུ་གཞུག་དགོས། བོད་སྲིད་པ་རྒན་པོའི་ཁ་དཔེ་ལྟར། སྐུད་པ་རིང་ན་ཆད་འགྲོ། བཤད་པ་མང་ན་ཉོག་འགྲོ་བས། ད་ནི་གཤམ་དུ་དཔེ་བརྗོད་རེ་འགའ་དྲངས་ན། 西部大开发ལ་ནུབ་ཁུལ་གསར་སྤེལ་ཆེན་མོ་དང་ནུབ་རྒྱུད་གསར་སྤེལ་ཆེན་མོ། ནུབ་ཁུལ་ཐོན་འབྱེད་ཆེན་མོ། ནུབ་ཁུལ་འཛུགས་སྐྲུན་ཆེན་མོ་བཅས་སྒྱུར་ཚུལ་བཞི་དང་།零ལ་ཐིག་ལེ་དང་ཀླད་གོར་ཞེས་སྒྱུར་ཚུལ་གཉིས། 旅游ལ་ལྗོངས་རྒྱུ་དང་ཡུལ་སྐོར། གནས་སྐོར་བཅས་སྒྱུར་ཚུལ་གསུམ། 精准扶贫ལ་གནད་ཁེལ་དབུལ་སྐྱོར་དང་གནད་སྨིན་དབུལ་སྐྱོར། ཡང་དག་དབུལ་སྐྱོར་དང་ཞིབ་མོའི་དབུལ་སྐྱོར་བཅས་སྒྱུར་ཚུལ་བཞི།干红ལ་ཆང་དམར་དང་སྨན་ཆང་། རྒུན་འབྲུམ་ཆང་བཅས་སྒྱུར་ཚུལ་གསུམ་དུ་བསྒྱུར་བ་སོགས་རྒྱུན་བཀོལ་ཐ་སྙད་ནང་འདྲེན་སྐབས་གཅིག་གྱུར་མིན་ཏེ། དེ་ཡང་ལ་ལ་ཨུ་ཚུགས་སུ་སོང་བ་དང་ལ་ལས་གོ་བ་བླངས་པ་མ་འདྲ་བ། ལ་ལས་ཕྱིར་མཚོན་པ་ཐ་དད་པ་བཅས་བྱུང་བ་ཡིན་ལ། རྩ་བ་ནི་གཅིག་འགྱུར་གྱི་ཚད་གཞི་མེད་པས་ལན་པ་ཡིན། དེ་བས་གསར་བྱུང་ཐ་སྙད་གཅིག་ཏུ་འགྱུར་བྱ་རྒྱུ་ནི་དུས་རབས་གསར་བར་བྱུང་བའི་གནད་དོན་གསར་བ་ཡིན་པས་ངེས་པར་དུ་《རྒྱ་བོད་ཤན་སྦྱར་ཚིག་མཛོད།》དུ་བཀོད་ནས་གཅིག་འགྱུར་འོང་བར་འབད་དགོས། གཞན་ཡང་། བསྡུས་མིང་ལ་རིགས་གཉིས་ཡོད་དེ། དང་པོ་མིང་གི་བྱིངས་རྐྱེན་ལས་བསྡུས་པ་སྟེ། དཔེར་ན། 奥运会(奥林匹克运动会)低保(最低生活保障)扶贫(扶助贫困)质监(质量监督)超市(超级市场)སོགས་ཡོད་པ་དང་། དེ་མིན། གྲངས་དང་བགྲང་བྱ་བརྗོད་པ་སྟེ། 两个文明、两基攻坚、三严三实、三通、三资、五爱སོགས《རྒྱ་བོད་ཤན་སྦྱར་ཚིག་མཛོད།》དུ་སྔར་ཡོད་སོར་གཞག་དང་གསར་བ་རྣམས་སྔོན་ལྟར་ཚིག་མཛོད་དུ་གུག་རྟགས་སུ་གསལ་བོར་བཀོད་ན་བཟང་སྙམ། ད་དུང《རྒྱ་བོད་ཤན་སྦྱར་ཚིག་མཛོད།》ཀྱི་མཇུག་གི་ཞར་དུ་ཁ་སྣོན་བྱ་དགོས་པ་ནི། (1) སྤྱི་ལུགས་ཚད་འཇལ་སྡེ་ཚན་གྲངས་གནས་གོང་འདྲིལ་དང་ཕབ་རྩིས་རྒྱ་བོད་ཤན་སྦྱར་མ། (2) གྲངས་གནས་དྲུག་ཅུའི་མིང་ཤན་སྦྱར་མ། (3) སྒྲ་རང་སོར་འཇོག་པའམ་དོན་སྒྱུར་བྱས་ཏེ་རང་སྐད་དུ་འདྲེན་དགོས་པའི་ཐ་སྙད། དཔེར་ན། GDPལ་རྒྱལ་དམངས་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་དང་། WTOལ་འཛམ་གླིང་ཉོ་ཚོང་རྩ་འཛུགས། IC卡ལ་ཁ་པར་གྱི་བྱང་བུ་རིགས་ཤིག (ICཁ་པར་བྱང་བུ།) APECལ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། MTVལ་རོལ་དབྱངས་བརྙན་རིས་ལྟ་བུ། (4) རྒྱ་ཡིག་གི་ཡིག་གཟུགས་འགྱུར་ཡང་དོན་མི་འགྱུར་བ་གཞི་གཅིག་ཏུ་དགོད་དགོས། དཔེར་ན། 犏牛དང公犏牛མཛོ། 马后鞦དང马鞧རྨེད། 美称དང美名མཚན་སྙན།白花椒དང花椒གཡེར་མ། ཞེས་པ་ལྟ་བུའོ། །
2. ལེགས་པར་བཅའ་དགོས་རིགས།
འཇིག་རྟེན་ཁ་དཔེ་ལ། མི་ནོར་མེད་འཛམ་བུ་གླིང་ན་དཀོན། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་དཀོན་ཞེས་པ་ཇི་བཞིན། རྒྱ་བོད་ཤན་སྦྱར་ཚིག་མཛོད་འདི་ལ་ཡང་དག་ཆ་མ་ཡོང་བའམ་བསྒྱུར་སྐྱོན་བྱུང་ཡོད་པའང་འགའ་རེ་མཐོང་། ཐ་སྙད་དག་ལ་འགྱུར་སྐྱོན་བྱུང་དོན་ནི། སྒྱུར་བ་པོ་སོ་སོའི་འཚོ་གནས་ཁོར་ཡུག་དང་ཐོན་སྐྱེད་རྒྱུ་ཆ། ཐོན་སྐྱེད་ལག་རྩལ་དང་སྐད་ཆ། རིག་གནས་སོགས་ཐ་དད་ཡིན་པའི་དབང་གིས་བསྒྱུར་བྱའི་ཐ་སྙད་ལ་རྒྱུས་མངའ་དེ་འདྲ་མེད་པ་དང་གཅིག བསྒྱུར་བའི་ཐ་སྙད་ཞུ་དག་དང་གཏན་འབེབ་བྱེད་དུས་ལེགས་ཉེས་དབྱེ་འབྱེད་དང་སྙིགས་དོར་བཅུད་ལེན་ལ་མཐོང་ཆེན་མ་བྱས་པ་དང་གཉིས། ཡིག་སྒྱུར་བ་རྣམས་ཀྱིས་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུག་ཆུང་ངུ་དེ་གཙིགས་སུ་བཟུང་ནས་བོད་ཡིག་བཀོལ་སྤྱོད་བྱེད་མཁན་སྤྱི་ལ་བསམ་བློ་མ་བཏང་བ་དང་གསུམ་ཡིན་པ་འདྲ། སྐད་རིགས་རེ་ལ་རང་གི་བཤད་སྟངས་དང་བརྡ་སྤྲོད་ཡོད་པས་བསྒྱུར་བ་ཨུ་ཚུགས་སུ་སོང་ན་བསྒྱུར་བྱ་ཧ་མི་གོ་བ་དང་བོད་སྐད་ཀྱང་མིན་པར་འགྲོ་ངེས་ཡིན། 《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདི་ཉིད་རྒྱ་བོད་ཡིག་སྒྱུར་གྱི་ལས་ལ་ཞུགས་མཁན་ཚང་མའི་བློ་འགེལ་ས་དང་ཡིད་རྟོན་ས་ཡིན་པས། སྐྱོན་དང་ནོར་འཁྲུལ་ཡོད་པ་ཤེས་བཞིན་དུ་མུ་མཐུད་ནས་མ་དག་རྒྱུན་འབྱམས་སུ་སོང་ན་རང་གཞན་གཉིས་ཕུང་བའི་རྒྱུ་ལས་ཅི། སླར་ཡང་། བསྒྱུར་མ་དག་པ་ཚང་མ་ཞིབ་བསྡུར་དག་བཅོས་བྱ་དགོས། དཔེར་ན། 博士འབུམ་རམས་པ། (རིགས་གཅིག་རབ་འབྱམས་པ།) 公牛ཕ་གླང་ (འཁྲིག་གཡག་གམ་གཡག་ཐིག) 公马རྟ་གསེབ(གསེབ།) 公犏犊རྟོལ་ཕོ། (ཕོ་རྟོལ།) 白皮书རྒྱབ་ཤ་དཀར་པོའི་དེབ། (དེབ་དཀར།) 红绿灯ལམ་ཞུ་དམར་པོ་དང་ལྗང་གུ (ལམ་གློག་དམར་ལྗང་།) 得寸进尺མགོ་ཐར་དཔུང་འཛུལ། ཉལ་ས་བྱུང་ན་རྐྱོང་ས། (སྣེ་མོ་སྟོན་ན་ཁུག་པ།) 浮石འཕྱོ་རྡོ། དྲེག་རྡོ། (རྒྱ་མཚོའི་ལྦུ་བ།) 石膏ཅུ་གང་། (དཀར་རྩི།) 骑兵རྟ་དམག (སྐྱ་དམག)ལྟ་བུ་འགའ་རེ་ཡོད། ཡང་། མིང་ཚིག་གཅིག་དོན་དུ་མ་ལ་འཇུག་པར་བརྟེན་ནས་འགྱུར་དེ་བཞིན་དུ་ཡོད་དགོས། དཔེར་ན། 断路ཞེས་པ《རྒྱ་བོད་ཤན་སྦྱར་ཚིག་མཛོད།》དུ་གློག་རྒྱུན་ཆད་པ་ཞེས་བཀོད་ཡོད། ཐ་སྙད་འདི་གློག་ལམ་དང་འགྲོ་ལམ་གཉིས་ཀར་གོ་ཆོག་པས་གློག་རྒྱུན་ཆད་པ་གཅིག་པུས་གཅིག་གོ་གཉིས་ཆོད་བྱས་ན་མི་འོས། ཐ་སྙད་ཀྱི་གོ་དོན་ལེགས་པར་བརྟག་དགོས། 阿司匹林ལ་སྨན་ཨ་སི་ཕི་ལིན་དང་敌敌畏ལ་དུག་ཏི་ཝེ་ཞེས་དངོས་པོའི་ངོ་བོ་ཇི་བཞིན་དུ་བསྒྱུར་དགོས།
འོ་ན། 《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདི་མི་སུ་དང་ལས་ཁུངས་གང་གིས་གཅིག་འགྱུར་གཏན་འབེབ་བྱ་དགོས་ཤེ་ན། ཕྱོགས་གཅིག་ནས། རྒྱ་བོད་ཡིག་སྒྱུར་གྱི་རྟོག་དཔྱོད་དང་ཞིབ་འཇུག་གི་འཕྲིན་ལས་ཕྲག་ཏུ་བཞེས་ནས་སྟོན་གྱི་འབྲས་བུ་ལྟ་བུའི་གཡུར་ཟའི་འབྲས་བཟང་བླངས་དང་ལེན་བཞིན་པ། ཐོབ་ཐང་དང་མཚན་སྙན་གང་ནས་ཀྱང་གཞན་པའི་ལས་ཁུངས་རང་ག་བ་ལས་ཆེས་ཆེར་འཕགས་པ་རྒྱལ་ཁབ་མི་རིགས་ཡིག་སྒྱུར་ཅུའུ་དང་མི་རིགས་དཔེ་སྐྲུན་ཁང་གཉིས་ཟུང་འབྲེལ་གྱི་གཙོ་གཉེར་འོག ལྗོངས་ཞིང་ལྔའི་མི་རིགས་དཔེ་སྐྲུན་ཁང་གིས་སྒྲུབ་འགན་ཁུར་ནས་གསར་སྣོན་ཐ་སྙད་དང་ནོར་བཅོས་བྱ་དགོས་པ་དག་ལྗོངས་ཞིང་ལྔའི་མཐོ་རིམ་སློབ་ཆེན་དག(ནང་བསྟན་དང་གསོ་རིག་སློབ་གླིང་།)དང་རླུང་གློག་བརྙན་གསུམ་དང་ཚགས་པར་དུས་དེབ་དྲ་རྒྱ་བཅས་སུ་བཀྲམ་ནས་བསྒྱུར་དུ་འཇུག་པ་དང་། བསྒྱུར་ཟིན་པའི་ཐ་སྙད་དག་གཅིག་ཏུ་བསྡུས་རྗེས། ངེས་དོན་མཁས་དབང་མང་དག་གདན་འདྲེན་ཞུས་ནས་ཐ་སྙད་གཅིག་འགྱུར་གཏན་འབེབ་བྱ་དགོས། དེས་བཀས་བཅད་པ་རྣམས་རླུང་གློག་བརྙན་གསུམ་དང་ཚགས་པར་དུས་དེབ་དྲ་རྒྱ་སོགས་དྲིལ་སྒྲོག་ལས་ཁུངས་རྣམས་ཀྱིས་བཀོལ་སྤྱོད་བྱས་ནས་དམིགས་བསལ་མ་གཏོགས། ཐ་སྙད་གཅིག་ལ་དོན་གཅིག་འགྱུར་གྱི་རྣམས་གྲངས་དང་འགྱུར་གཅིག་དོན་གྱི་རྣམས་གྲངས་མི་འབྱུང་བ་བྱ་འོས། ད་ལྟ་རྒྱ་བོད་ཡིག་སྒྱུར་གྱི་ལས་ལ་ཞུགས་མཁན་དག་ལ་མེད་དུ་མི་རུང་བའི་ལག་དེབ་ཏུ་གྱུར་བའི《 རྒྱ་བོད་ཤན་སྦྱར་ཚིག་མཛོད།》འདི་ཉིད་ངེས་པར་དུ་དབྱིན་རྒྱའི་དེང་རབས་ཚིག་མཛོད་ལྟར་དུས་སྐབས་དུས་སྐབས་སུ་ལེགས་བཅོས་དང་ཁ་སྣོན་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད། །