ན་ནིང་ལོར་ཨ་མ་ཁྲིད་ནས་གླང་ཆེན་འགྱིང་རིར་གནས་མཇལ་དུ་སོང་བ་ཡིན་ལ། ང་ལ་མཚོན་ན་ཐེངས་གཉིས་པར་གནས་དེར་མཇལ་སྐོར་དུ་སོང་བའང་ཡིན། སྔ་མར་འགྲོ་དུས་དགུན་ཁ་ཡིན་པས་རི་ལུང་ཐམས་ཅད་ཁ་བའི་གོས་ཀྱིས་བརྒྱན་ཡོད། ད་ཐེངས་དབྱར་གྱི་དུས་ལ་འཁེལ་བས་མཚར་སྡུག་གི་བཞིན་རས་གསར་པ་ཅི་ཞིག་མཇལ་རྒྱུ་ཡོད་དམ། འདི་ལྟར་མཚར་སྣང་གསར་པ་ཞིག་ཡིད་ལ་འཆང་བཞིན་རྒྱ་ནག་ཁྲེན་ཏུའུ་གྲོང་ནས་ལམ་ལ་ཆས་པ་ཡིན། ཆུ་ཚོད་གཉིས་ཙམ་ལ་རླངས་འཁོར་དུ་བསྡད་ནས་གླིང་ཆེན་འགྱིང་རིའི་འདབས་རོལ་གྱི་མཛེས་ལྗོངས་ཁུལ་དུ་སླེབས་པ་ན། རྒྱ་ལྕང་སྡོང་པོས་གྲལ་ཕྲེང་བསྒྲིགས་ཤིང་དྲི་བཞོན་རླུང་གི་རྒྱུ་བ་དང་བསྡོངས་ནས་དགའ་བའི་སྟངས་སྟབས་བསྒྱུར་བཞིན་ཕྱོགས་ཀྱི་མགྲོན་པོ་གནས་མཇལ་བ་ཡོངས་ལ་བསུ་མ་ཞུ་བཞིན་ཡོད། འཁྱགས་བསིལ་བསིལ་གྱི་རླུང་བུས་ཁྱེད་ཀྱི་ངོ་གདོང་ལ་བྱིལ་བྱིལ་གནང་བ་དང་། སྔོ་ལྗང་ལྗང་གི་ལྗོན་པས་ཁྱེད་ཀྱི་མིག་ལམ་ལ་མཚར་སྡུག་གསར་པ་ཞིག་བསྐྲུན་པས། གྲོང་ཁྱེར་གྱི་འདུ་འཛི་དང་ལམ་ཐོག་གི་ངལ་དུབ་རྒྱབ་ཏུ་བསྐྱུར་ནས་ངེད་གཉིས་རི་འདབས་ཀྱི་དགོན་པའི་ཕྱོགས་སུ་སྐྱོད་པ་ཡིན། ལམ་འགྲམ་དུ་ངོ་མི་ཤེས་པའི་མེ་ཏོག་སྣ་ཚོགས་ཁྲ་ཆིལ་ལེ་བཞད་པ་དང་། ལྗོན་པའི་གསེབ་ནས་བྱ་བྱེའུ་སྣ་ཚོགས་ཀྱི་སྐད་སྙན་སིང་སིང་དུ་སྒྲོག་བཞིན་ཡོད་པས་ལུས་སེམས་གཉིས་ལ་དགའ་བདེའི་སྣང་བ་ཅི་འདོད་དུ་བསྩལ།
ལྗོན་པའི་གསེབ་ཀྱི་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་བརྒྱུད་ནས་མདུན་དུ་བསྐྱོད་པ་ན། མགོ་བ་ཡར་ལ་དགྱེས་པ་དང་བསྟུན་ནས་དེ་མ་ཐག་གསེར་ལམ་ལམ་དུ་འཕྲོ་བའི་ཡིག་འབྲུ་ཆེན་པོ་འགའ་ཞིག་མིག་ལམ་དུ་འབྱོར་བས། ད་གཟོད་པའོ་གོ་དགོན་པའི་མདུན་གྱི་ཐང་ཆེན་དུ་སླེབས་པ་ཤེས་བྱུང་། དགོན་པ་འདིའི་མིང་ལ་སྔོད་ཆད་ཧུའེ་ཙུང་ཐང་ཟེར་བ་དང་། མཚན་ལ་འོད་གསལ་ཟེར་བའི་ཏའོ་ལུགས་པ་ཞིག་གིས་སྤྱི་ལོ་1615ལོར་གསར་དུ་བཞེངས་པ་རེད། གོང་མ་གནམ་སྐྱོང་གི་དུས་ལ། འདུལ་བ་འཛིན་པའི་བླ་མ་ཐོས་བསམ་ཞེས་པ་ཞིག་གིས་བསྐྱར་བཞེངས་མཛད། གོང་མ་བདེ་སྐྱིད་རྒྱལ་པོའི་ལོ་ཞེ་གཉིས་པ་སྟེ། སྤྱི་ལོ་1703ལོར་རྒྱལ་བའི་གསུང་རབ་ཁྲོད་ནས་དྲིན་གསོལ་བཞི་ཡི་ཡ་གྱལ་ཏེ་རྒྱལ་ཁབ་ལ་དྲིན་གསོལ་བའི་དགོངས་དོན་ལྟར། རྒྱ་སྐད་ལ་པའོ་གོ་སིའམ་བོད་སྐད་དུ་རྒྱལ་ཁབ་ཀྱི་བཀའ་དྲིན་རྗེས་སུ་སྐྱོང་བའི་དགོན་ཞེས་བཏགས་ཤིང་། རྒྱུས་ལོན་བྱུང་བ་ལྟར་ན། སྒོའི་ཀླད་ཀྱི་ཡིག་འབྲུ་ཆེན་པོ་འདི་གསུམ་ནི་ཆིང་རྒྱལ་རབས་ཀྱི་གོང་མ་ཞིག་གིས་དངོས་སུ་ཕྱག་བྲིས་གནང་བ་རེད། དགོན་པའི་མཐའ་སྐོར་དུ་གནམ་འདེགས་ཀ་བ་བཞིན་འགྱིང་བའི་གནའ་བོའི་སྡོང་རྒན་ནི་རུ་སྲུང་དཔུང་དམག་བཞིན་གྲལ་ཕྲེང་བསྒྲིགས་པས། ཕྱི་ཡི་འདུ་འཛི་དང་ཟིང་ཟིང་གི་འཚོ་བ་རྒྱང་ནས་བཅད་པས་དབེན་ཞིང་འཇགས་ལ། བརྗིད་ཅིང་ཉམས་དགའ་བ་ཞིག་ཀྱང་རེད། རི་སྒོ་དང་བྱམས་ཁང་། སངས་རྒྱས་རབས་བདུན་གྱི་ལྷ་ཁང་། འཕགས་པ་ཀུན་ཏུ་བཟང་པོའི་གནས་ཁང་། དེ་མིན་གྱི་མགྲོན་ཁང་དང་གྲྭ་ཁང་སོགས་བསྡོམས་པོས་ཁང་ཤག་བརྒྱ་ཡས་མས་ཤིག་བཀོད་པ་འོས་ཤིང་འཚམ་པའི་སྒོ་ནས་གྲལ་དུ་ཆགས་ཡོད་ལ། དབུས་སུ་སེམས་ངལ་གསོ་བའི་ལྡིང་ཁང་གི་བཀོད་པ་ཉམས་དགའ་ཞིང་། མཐའ་ནས་མེ་ཏོག་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་པས། བརྗིད་ཆགས་ཤིང་མཛེས་སྡུག་གི་ཀུན་ནས་བརྒྱན་ལ། གླང་ཆེན་འགྱིང་རིའི་དགོན་པོ་དང་པོར་བསྔགས་པ་ནི་དངོས་གནས་དོན་ལ་གནས་པ་ཞིག་ཀྱང་རེད།
གནའ་བོའི་ཅོང་རྙིང་ཞིག་གི་ངོས་སུ། སྲོད་ཀྱི་ཅོང་སྒྲ་ལྷང་ལྷང་གྲགས་པ་ན། །གང་གི་སྙན་པ་སྲིད་གསུམ་ཁམས་ལ་ཁྱབ། །དམ་ཆོས་གཙང་མའི་གསུང་དབྱངས་སྙན་མོ་དེ། །ཐོས་འཛིན་བརྒྱུད་ནས་ཡིད་ཀྱི་རྨོངས་པ་དཀྲོགས། །ཞེས་སྙན་ངག་ཚན་པ་ཞིག་བརྐོས་པ་ལྟར་དགོན་པ་འདི་ཡི་འཛུགས་སྐྲུན་གྱི་བཀོད་པ་དང་དེ་ཡི་ནང་དུ་བཞུགས་པའི་སྐུ་གསུང་ཐུགས་རྟེན། ཁྱད་པར་དུ་ལོ་རྒྱུས་ཀྱི་རིན་ཐང་དང་གླིང་ཆེན་འགྱིང་རིའི་གནས་བབ་སོགས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་དགེ་མཚན་གྱིས་བརྒྱན་པས་ཡོད་ཚད་མིག་གིས་འཇལ་ཞིང་སེམས་ཀྱིས་མྱོང་དགོས་པ་ཞིག་ལས། བགྲེས་ཚིག་སྐམ་པོ་ཞིག་གིས་མཚོན་ཐུབ་པ་ཞིག་གཏན་ནས་མིན་པས། དྲིན་ཆེན་མ་ལོའི་གོམ་ཁ་དང་བསྡོངས་ནས་རེ་ཞིག་དགོན་པ་འདི་ཡི་མཇལ་སྐོར་མཚམས་བཞག་པ་ལགས། །