རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་མ་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


        འདིར་རིག་གནས་སྨྲ་བ་རྣམས་ཀྱིས་ནམ་རྒྱུན་དེ་ཙམ་དོ་སྣང་མི་བྱེད་པའི་གནད་དོན་འགའ་ཞིག་ལ་ང་ཚོས་སྟབས་བདེ་མོའི་སྒོ་ནས་སྡོམ་ཚིག་རེ་འགོད་པར་བྱ་སྟེ། ཐོག་མར་རིགས་གཅིག་པའི་དངོས་ཆས་ཤིག་ལ་མཚོན་ན། དེའི་རིག་གནས་ཀྱི་ཆ་འདྲ་བའི་ཕྱོགས་ནི་རྣམ་པ་དང་བཟོ་དབྱིབས་ལ་འབྲེལ་བ་དེ་ཙམ་མེད་པར་གཙོ་ཆེ་བ་དེ་དག་གི་བྱེད་ནུས་ལ་རག་ལས་པ་ཞིག་རེད། གལ་ཏེ་རིག་གནས་ཀྱི་རྣམ་པ་ནི་དེ་དག་གི་བྱེད་ནུས་དང་འབྲེལ་བ་མེད་པ་ཞིག་ཡིན་ན་མ་གཏོགས། རྣམ་པ་ཁོ་ན་ནི་རིག་གནས་ཀྱི་འདྲ་མཚུངས་ཡིན་མིན་གྱི་ཚད་གཞི་ལ་འཛིན་མི་རུང་། དེ་བས་དངོས་པོ་ཞིག་གི་བྱེད་ནུས་ནི་ད་གཟོད་དེའི་རིག་གནས་ཀྱི་ཆེས་གལ་ཆེ་བའི་རང་བཞིན་ཡིན་ནོ། །
        གོང་དུ་ང་ཚོས་གཏན་འབེབས་བྱས་པ་ལྟར། རིག་གནས་ཀྱི་བྱེད་ནུས་ཞེས་པའི་དོན་ནི་དེས་མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་མ་ལག་ཁྲོད་དུ་བཟུང་བའི་གོ་གནས་ཞིག་ལ་གོ་དགོས། སྡོམ་ཚིག་འདིའི་ཆེས་འབུར་དུ་ཐོན་པའི་ནང་དོན་ནི་མིའི་རིགས་ཀྱི་བྱེད་སྒོ་སྣ་ཚོགས་ཀྱི་མ་ལག་ཅེས་པ་དེ་ཡིན་ལ། དེ་ལ་དངོས་པོའི་རིག་གནས་བེད་སྤྱོད་བྱེད་པའི་ཕྱོགས་དེའང་འདུ། དེ་ནི་ལྟོས་དབང་གིས་འདུས་པ་ཞིག་མ་ཡིན་པར་རྩ་འཛུགས་ཡོད་པ་དང་། ལྷུ་ལག་ཆ་ཚང་བ། དུས་རྟག་ཏུ་བརྟན་པོར་གནས་པ་ཞིག་རེད། དེ་བས་སྡོམ་ཚིག་འདིར་རིགས་གཅིག་པའི་མ་ལག་ནི་འཛམ་གླིང་གི་ཡུལ་ཕྱོགས་སོ་སོའི་རིག་གནས་སུའང་མངོན་སྲིད་པ་ཤུགས་སུ་བསྟན་ཡོད་དོ། །
        དཔེར་ན། ས་རྐོ་བྱེད་ལ་ཤིང་གི་དབྱུག་པ་སྤྱོད་པའི་རྣམ་པའམ། རྨོ་འདེབས་ལས་རིགས་ཀྱི་མ་ལག་སོགས་ནི་འཛམ་གླིང་གི་སྟབས་བདེའི་རིག་གནས་ཀྱི་རིགས་སུ་གྱུར་བ་མང་པོ་ཞིག་ཏུ་ཡོད་ལ། དེ་ལས་རྨོ་འདེབས་ཀྱི་མ་ལག་རེ་རེ་ལ་གཤམ་གྱི་ཕྱོགས་འདི་དག་དང་ལྡན་ཏེ། དང་པོ་ས་ཞིང་ནི་སྤྱི་ཚོགས་ཀྱི་ཚོགས་སྡེ་སོ་སོས་ཁོ་ཚོའི་སྒྲིག་སྲོལ་ལྟར་མང་ཚོགས་ལ་བགོ་བཤའ་བརྒྱབ་ཏེ་བེད་སྤྱོད་བྱེད་དུ་བཅུག དེ་ནས་ས་ཞིང་བེད་སྤྱོད་བྱེད་ཐབས་དང་འབྲེལ་བའི་ཡུལ་སྲོལ་ཆ་ཚང་ཞིག་ལ་བརྟེན་ནས་རྨོ་འདེབས་ཀྱི་སྲོལ་ཡང་ངེས་ཅན་རེ་ཆགས། དེ་བཞིན་ལག་རྩལ་སྣ་ཚོགས་ཀྱི་སྤྱོད་སྒོ་དང་ཆོ་ག་སྣ་ཚོགས་ཀྱི་རྩ་དོན་སོགས་ལ་བརྟེན་ནས། ཅི་ཞིག་འདེབས་དགོས་པ་དང་། ཞིང་ས་ཇི་ལྟར་གཙང་བཟོ་བྱ་བ། ལུད་ཇི་ལྟར་རྒྱག་པ། ངལ་རྩོལ་ཇི་ལྟར་བགྱི་བ། དུས་ནམ་ཞིག་ལ་ཡུལ་གང་དུ་དེ་འབྲེལ་གྱི་ཆོས་ལུགས་གྱི་ཆོ་ག་སྤེལ་དགོས་པ། ས་ཞིང་དང་དེ་ལས་ཐོན་པའི་ཡོང་འབབ་ཀྱི་བདག་པོ་སུ་ཡིན་པ། སུ་དང་ལྷན་དུ་རྨོ་འདེབས་ཀྱི་བྱ་བར་འཇུག་དགོས་པ་དང་འབྲས་བུ་སུ་ལ་བགོ་བཤའ་རྒྱག་དགོས་པ་སོགས་རེ་རེ་བཞིན་གཏན་ཁེལ་བྱས་ཡོད།
        གོང་དུ་བཤད་ཟིན་པའི་མ་ལག་གམ་སྒྲོམ་དེས་གང་དུ་ཁོར་ཡུག་ལ་མཐུན་རྐྱེན་འཛོམས་ཤིང་མི་དམངས་ཀྱི་ནུས་པས་ལྕོགས་པ་ཡིན་ན། དེ་རུ་རྨོ་འདེབས་ཀྱི་ལུགས་སྲོལ་དེ་ལྟ་བུ་དར་སྲིད་པ་དང་། ས་ཁུལ་སོ་སོར་དར་ཡོད་པའི་རྩ་འཛུགས་ཡོད་པའི་རྨོ་འདེབས་ཀྱི་བྱེད་སྒོའི་མ་ལག་དེ་དག་ཀྱང་རྩ་བའི་ཆ་ནས་འདྲ་མཚུངས་ཡིན་པ་སོགས་བསྟན་ཡོད། རྒྱུ་མཚན་ནི་དེ་དག་གིས་མི་རྣམས་ཀྱི་ཆེས་རྩ་བའི་དགོས་མཁོ་ཞིག་སྟེ་སྐྱེ་དངོས་ཀྱི་ཟས་རིགས་འདོན་སྤྲོད་བྱེད་བཞིན་ཡོད་པས་སོ། །
        ཞིང་ལས་ལ་བརྟེན་ནས་མི་རྣམས་ཀྱི་རྩ་བའི་དགོས་མཁོ་ཞིག་སྐོང་བཞིན་པ་འདིས་ཐོན་སྐྱེད་ཀྱི་འདོན་སྤྲོད་ཚད་ལ་ཚོད་འཛིན་བྱེད་ཐུབ་པས། དེ་ཉིད་ཐབས་ལམ་གཞན་གང་ལ་བསྡུར་ཡང་ཚད་མཐོ་བར་མངོན། དེ་ལྟར་ཞིང་ལས་དར་ཐུབ་པའི་ས་ཆ་ཞིག་ཡིན་ཕྱིན། དེ་རུ་ཞིང་ལས་ཀྱི་སྲོལ་དེ་རང་རྐྱ་འཕེར་བའམ་བརྒྱུད་སྤེལ་གང་རུང་ལ་བརྟེན་ནས་དར་སྲིད་པ་ཆོས་ཉིད་ཡིན་ནོ། །
        ཡང་ཡུལ་ཕྱོགས་སོ་སོའི་སྒྲིག་སྲོལ་ཅན་དུ་གྱུར་ཚར་བའི་རྨོ་འདེབས་ལས་རིགས་ཚང་མ་ཕལ་ཆེར་འདྲ་མཚུངས་ཡིན་པའི་རྒྱུ་མཚན་གཞན་ཞིག་ནི། གྷོ་དྷེན་ཝེའི་སེར་ལགས་ཀྱིས་གསུངས་པའི་“ཚད་ཡོད་ཀྱི་གཞན་འགྱུར་”ཞེས་པའི་རྩ་དོན་དང་འབྲེལ་བ་ཡོད། རྩ་དོན་འདིའི་བསྟན་དོན་ནི། གང་ཞིག་ལ་དགོས་མཁོ་ག་གེ་མོ་ཞིག་ཡོད་པར་གྱུར་ཚེ། དགོས་མཁོ་དེ་སྐོང་བའི་ཐབས་ལམ་ཉིད་རྣམ་པ་གཞན་ཞིག་ཏུ་འགྱུར་བ་ནི་ཚད་ཡོད་པ་ཞིག་རེད་ཅེས་པ་སྟེ། དགོས་མཁོ་དེ་ལས་བསྐྱེད་པའི་རིག་གནས་ཀྱི་སྒྲིག་གཞི་ལ་སྤྱིར་བཏང་གཞན་འགྱུར་བྱུང་བའི་ཚད་ཤིན་ཏུ་དམའ་མོ་ཡིན་པར་གཏན་ཁེལ་བྱས་ཡོད་ཅེས་པ་དེའོ། །
        དེ་བས་འཛམ་གླིང་གི་ག་ས་གང་དུ་མཐོང་རྒྱུ་ཡོད་པའི་དབྱུག་པ་ལྟ་བུའི་དངོས་པོ་ཞིག་ལ་མཚོན་ན། མི་རྣམས་ཀྱིས་དེའི་བཟོ་དབྱིབས་དང་སྤྱོད་སྒོ། བརྒྱུད་སྤེལ་ལམ་འཕེལ་འགྱུར་གྱི་གོ་རིམ་སོགས་ལ་དེ་ཙམ་དོ་སྣང་མི་བྱེད་དེ། རྒྱུ་མཚན་ནི་མི་རྣམས་ཀྱི་ལུས་པོ་བརྟན་བྱེད་དང་། སྲུང་བྱེད། མུན་ནག་ཏུ་སྙོབ་བྱེད་པ་སོགས་ཀྱི་དགོས་མཁོ་ནི། ཤིང་གི་རྒྱུ་ལས་བྱས་པའི་དབྱིབས་ཕྲ་ལ་རིང་བ། ཡུལ་གང་དུ་ཡིན་ཡང་བཙལ་ཆོག་པའི་དངོས་པོ་དེ་ལས་གཞན་མེད་པའི་ཕྱིར་རོ། །
        དེ་ལྟར་ནའང་། མིའི་རིགས་རིག་པ་བ་རྣམས་ཀྱིས་དབྱུག་པ་དེ་ལྟ་བུ་དང་འབྲེལ་བ་ཡོད་པའི་རིག་གནས་རིག་པ་དང་སྤྱི་ཚོགས་རིག་པ་སོགས་ལ་མཐོང་ཆུང་བྱེད་མི་སྲིད་དེ། དེ་ལ་སྤྱོད་སྒོ་མི་འདྲ་བ་དང་། བསམ་བློ་དང་ལྐོག་གྱུར་གྱི་གོ་བ་མི་འདྲ་བ་སྣ་ཚོགས་ཞུགས་ཡོད་པས། དེ་ལ་རྒྱན་ཆ་དང་། ཆོ་གའི་རྒྱུ་ཆ། མཚོན་བྱེད་སོགས་ཀྱི་ནུས་པ་སྐྱེ་བའི་བརྒྱུད་རིམ་ཁྲོད་དུ། དེ་ཉིད་ལྷ་པ་དང་རྗེ་དཔོན། གཉེན་ཉེ་ལྟ་བུ་སོགས་སྤྱི་ཚོགས་དང་སྲོལ་རྒྱུན་གྱི་རང་བཞིན་དང་ལྡན་པའི་སྒྲིག་སྲོལ་གལ་ཆེན་དག་གི་ཆ་ཤས་སུ་འགྱུར་བ་ཡིན་ནོ། །
འདི་ལྟར་བཤད་ཚེ། ང་ཚོས་ཡོངས་ཁྱབ་ཀྱི་རྩ་དོན་ཞིག་རྟོགས་པར་འགྱུར་ཏེ། རིག་གནས་ཀྱི་རྒྱུ་ཆ་ངོ་མ་དག་ལ་རྟག་བརྟན་རང་བཞིན་དང་། ཡོངས་ཁྱབ་རང་བཞིན། སྒེར་ཚུགས་རང་བཞིན་སོགས་ལྡན་ལ། དེ་ནི་མིའི་རིགས་ཀྱི་རྩ་འཛུགས་དང་ལྡན་པའི་འགུལ་སྐྱོད་ཀྱི་མ་ལག་སྟེ། ང་ཚོས་འདིར་བཤད་པའི་སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཞེས་པ་དེའོ། །
        སྤྱི་ཚོགས་སྒྲིག་སྲོལ་གྱི་རིགས་སུ་གྱུར་པ་ཞིག་ཡིན་ཕྱིན། དགོས་མཁོ་ག་གེ་མོ་ཞིག་སྐོང་བའི་ཆེད་དུ་མ་ཆགས་པ་གཅིག་ཀྱང་མེད་དེ། མི་རྣམས་ཀྱི་མཉམ་དུ་སྒྲུབ་བཞིན་པའི་ལས་དོན་ཞིག་དང་ཡུན་རིང་བོར་མཉམ་དུ་འདུས་པའི་མིའི་ཚོགས་སྡེ་ཞིག་ཡིན་ཚེ། དེ་ལ་དེའི་དམིགས་གསལ་གྱི་འགྲོ་ལུགས་དང་འཚོ་ཐབས་ཆ་ཚང་ཞིག་ཡོད་ངེས། དེ་བཞིན་སྤྱི་ཚོགས་སྒྲིག་སྲོལ་ཀྱི་རིགས་སུ་གྱུར་པ་ཞིག་ཡིན་ཕྱིན། ཚང་མ་དངོས་པོའི་རིག་གནས་ཆ་ཚང་ཞིག་གི་རྨང་གཞིའི་སྟེང་དུ་ཆགས་ཡོད་ལ། དེར་ཁོར་ཡུག་གི་ཆ་ཤས་འགའ་རེ་དང་རིག་གནས་ཀྱི་དངོས་ཆས་སྣ་ཚོགས་པ་སོགས་ཀྱང་འདུའོ། །
མིའི་རིགས་ཀྱི་རྩ་འཛུགས་ཡོད་པའི་འགུལ་སྐྱོད་ཀྱི་མ་ལག་འདི་རིགས་ལ་ཆེས་འོས་ཤིང་འཚམས་པའི་མིང་ནི་སྤྱི་ཚོགས་སྒྲིག་སྲོལ་ཞེས་པ་འདི་ལས་མ་འདས་ལ། དེ་ལྟ་བུའི་ནང་དོན་དང་ལྡན་པའི་སྤྱི་ཚོགས་སྒྲིག་སྲོལ་ནི་རིག་གནས་གྲུབ་བྱེད་ཀྱི་རྒྱུ་ཆ་ངོ་མ་དེ་ཡིན་ནོ། ། (མུ་འགོད།)  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1