ཁྱེད་ཀྱིས་སྤྱོད་བཞིན་པའི་ཆུ་དེ་བདེ་འཇགས་ཡིན་ནམ།

ཚེ་འཛིན་སྒྲོལ་དཀར་གྱིས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 08-03


གཙང་ཆུ་དང་ཁྲོན་པའི་ཆུ། ཆར་ཆུ། རང་འབབ་ཆུ་སོགས་འབྱུང་ཁུངས་མི་འདྲ་བའི་ཆུ་དེ་དག་ནི་ཚེ་སྲོག་འཚོ་གནས་བྱེད་པའི་གཞི་རྩའི་དགོས་མཁོ་ཡིན་ལ། ང་ཚོའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཐོན་ཁུངས་གཙོ་བོ་ཞིག་ཡིན། འོན་ཀྱང་འབྱུང་ཁུངས་མི་འདྲ་བའི་ཆུ་དེ་དག་གི་གྲུབ་ཆ་ནི་ཆུ་ཁོ་ན་མ་ཡིན་པར། དེའི་ནང་དུ་སྐྱེ་མེད་དངོས་རྫས་དང་སྐྱེ་ལྡན་དངོས་རིགས་མང་པོ་ཞིག་ཞུ་བཞིན་ཡོད་ལ། སྐྱེ་དངོས་ཕྲ་རབ་ཀྱང་སྣ་ཚོགས་གནས་ཡོད། གོང་གསལ་ཆུ་དེ་དག་གི་སྤུས་ཚད་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་ཚེ། མིའི་གཟུགས་པོའི་བདེ་ཐང་ལ་གནོད་འཚེ་གཏོང་མི་སྲིད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་གྱིས་ཆུའི་ནང་གི་དངོས་པོ་དེ་དག་མིའི་ལུས་ཁམས་ཀྱིས་བཟོད་ཐུབ་པའི་ཚད་ལས་བརྒལ་ཚེ། ང་ཚོའི་བདེ་ཐང་ལ་གནོད་འཚེ་གཏོང་སྲིད་དོ། །
རང་འབབ་ཆུ།
རང་འབབ་ཆུ་ནི་གཙང་པོ་དང་མཚེའུ། ས་འོག་ཆུ་བཅས་ཀྱི་ཁྲོད་ནས་ཆུ་འཐེན་ཏེ་ཆུ་མཛོད་ནང་དུ་ཕན་ཚུན་མཉམ་བསྲེས་དང་དྭགས་བསིང་བྱེད་པ། ཚགས་རྒྱག་པ་སོགས་བརྒྱུད་དེ་དྭངས་ཆུའི་རྫིང་བུའི་ནང་དུ་འཐེན་པ་དང་དེ་ནས་དུག་སེལ་བྱས་རྗེས་ཆུ་འཐེན་འཕྲུལ་འཁོར་གྱིས་གནོན་ཤུགས་ཆེན་པོས་ཆུ་འདྲེན་ལྕགས་མདོང་ནང་དུ་འདྲེན་ཏེ། མཐར་མི་རྣམས་ཀྱི་ཁྱིམ་ནང་རྒྱུགས་ཡོང་སྟེ་མི་རྣམས་ཀྱི་བེད་སྤྱོད་བྱས། སྤྱིར་བཏང་བེད་སྤྱོད་བྱ་མཁན་རྣམས་ལ་ཆུ་མཁོ་སྤྲོད་མ་བྱས་གོང་དུ་རང་འབབ་ཆུ་ཡི་སྤུས་ཚད་ལ་ཞིབ་དཔྱོད་ཚད་ལེན་བྱ་སྲིད་ལ་དེའི་སྤུས་ཚད་ནི་ཚད་གཞི་དང་མཐུན་པ་ཤ་སྟག་ཡིན། འོན་ཀྱང་ད་དུང་རྒྱུ་རྐྱེན་མང་པོས་རྐྱེན་གྱིས་རང་འབབ་ཆུར་སྦགས་བཙོག་ཐེབས་སྲིད། བཟོ་གྲྭའི་བཙོག་སེལ་དང་རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་ཆུ་སྙིགས་ཀྱིས་ཆུའི་འབྱུང་ཁུངས་སྦགས་བཙོག་བཏང་བ་དང་ཡང་ན་རང་འབབ་ཆུ་དེ་རང་ཆུ་མཛོད་ནང་དུ་ཉར་ཚགས་བྱེད་པའི་བརྒྱུད་རིམ་ཁྲོད་སྦགས་བཙོག་བྱུང་པ། དེ་མིན་ཆུ་འདྲེན་ལྕགས་མདོང་ལ་བཙོག་སྐྱོན་འཕོག་པའམ་ཡང་ན་སྤུས་ཀ་མི་བཟང་པའི་ཆུ་སྦུག་དང་ཆུ་རྐ་ལ་བེད་སྤྱོད་བྱས་པ་སོགས་རང་འབབ་ཆུར་སྦགས་བཙོག་བྱུང་སྲིད། འོན་ཏེ། རང་འབབ་ཆུའི་དྲི་མ་དང་ཁ་དོག་ལ་གྱུར་བ་བྱུང་དུས། བེད་སྤྱོད་མཚམས་འཇོག་དགོས་པ་མ་ཟད་འབྲེལ་ཡོད་ཚན་ཁག་ཏུ་སྙན་སེང་ཞུ་དགོས། སྤྱིར་བཏང་རང་འབབ་ཆུ་ནི་ཁོལ་ཚར་ནས་བཏུངས་ཆོག རྣམ་ཀུན་ཆུ་དགོས་མཁོ་ཡོད་པའི་སྐབས། སྔོན་དུ་རང་འབབ་ཆུ་དེ་དུས་ཚོད་ངེས་ཅན་ཞིག་གློད་ནས་བེད་སྤྱོད་བྱ་དགོས། དུས་མཚུངས་སུ་བེད་སྤྱོད་བྱེད་མཁན་རྣམ་གྱིས་ངེས་པར་དུ་རྒྱལ་ཁབ་ཀྱི་སྤུས་ཚད་ཀྱི་ཚད་གཞི་དང་མཐུན་པའི་ཆུ་སྦུག་དང་ཆུ་རྐ་ལ་བེད་སྤྱོད་བྱ་དགོས། །
ཁྲོན་པའི་ཆུ།
ཁྲོན་པའི་ཆུ་ནི་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་ས་ཁུལ་གྱི་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན། གནོན་བརྟེན་ཆུ་ལེན་ཁྲོན་པ་ནི་བེད་སྤྱོད་བྱེད་སྐབས་སྟབས་བདེ་དང་བཟོ་སྐྲུན་གྱི་མ་གོང་དམའ་བ་སོགས་ཀྱི་རྐྱེན་གྱིས་ཞིང་འབྲོག་ཁུལ་དུ་བཀོལ་སྤྱོད་རྒྱ་ཆེན་བྱེད་བཞིན་ཡོད། འོན་ཀྱང་གནོན་བརྟེན་ཆུ་ལེན་ཁྲོན་པའི་བཀོལ་སྤྱོད་ཚད་གཞིར་དོ་སྣང་མ་བྱས་པའི་རྐྱེན་གྱིས་དེ་ནས་ཐོན་པའི་ཆུ་མང་པོ་ཞིག་ནི་སྦགས་བཙོག་སོང་བ་ཤ་སྟག་ཡིན། ཁྲོན་པ་དང་སྒོ་ཕྱུགས་སྒོ་ར་གཅིག་གི་ནང་མཉམ་དུ་གནས་པ། ཡང་ན་གསང་སྤྱོད་ཁྲོན་པའི་འགྲམ་དུ་ཡོད་ཚེ། སྒོ་ཕྱུགས་དང་མིའི་གཅིན་སྐྱག་ཁྲོད་ཀྱི་འབུ་ཕྲ་དང་ནད་སློང་དངོས་པོ་དག་ས་འོག་ཏུ་སིམ་ནས་མཐའ་ན་ཁྲོན་པའི་ནང་གི་ཆུ་དང་བསྲེས་སྲིད། ཞིང་སྨན་གྱིས་ལུད་བརྒྱབ་པའི་ཞིང་ཁ་དང་བཟོ་གྲྭ་སོགས་ཁྲོན་པའི་ཁ་དང་ཐག་ཉེ་ཚེ། ཞིང་སྨན་དང་བཟོ་གྲྭའི་ཆུ་ཉོག་ཁྲོད་ཀྱི་གནོད་ལྡན་དངོས་པོ་དག་ས་འོག་ཏུ་རྒྱུགས་ནས་ཁྲོན་པའི་ཆུར་སྦགས་བཙོག་ཐེབས་པའི་ཉེན་ཁ་ཡོད། དེར་བརྟེན་གནོན་བརྟེན་ཆུ་ལེན་ཁྲོན་པ་ནི་གོང་གསལ་གྱི་ས་ཆ་ཁག་དང་རྒྱང་ཐག་རིང་དགོས། གལ་ཏེ་ཁྲོན་པའི་ཆུའི་དྲི་མ་དང་ཁ་དོག་ལ་གྱུར་བ་བྱུང་དུས། དུས་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད་འབག་བཙོག་གི་རྐྱེན་བཙལ་ནས་མེད་པ་བཟོ་དགོས། ཁྲོན་པའི་ཆུ་དེ་ངེས་པར་ཁོལ་རྗེས་བཏུངས་ཆོག །
གཙང་ཆུ།
གཙང་ཆུ་ཡང་བོད་ཀྱི་ས་གནས་འགར་མཐོང་སླ་བའི་འཚོ་བའི་ཁྲོད་བེད་སྤྱོད་བྱེད་བཞིན་པའི་ཆུའི་འབྱུང་ཁུངས་ཤིག་ཡིན། གངས་རི་དང་ཆུ་མིག་ནས་ཐོན་པའི་གཙང་ཆུ་ནི་ཕལ་ཆེར་འབག་བཙོག་མེད་པ་ཡིན་ཡང་འཚོ་བའི་ཁྲོད་ཀྱི་གད་སྙིགས་མང་དུ་འགྲོ་བ་དང་བསྟུན་ནས་གཙང་པོའི་ཆུ་སྨད་ཀྱི་ཆུའི་སྤུས་ཚད་ལ་བཙོག་སྐྱོན་ཐེབས་པའི་ཉེན་ཁ་ཧ་ཅང་ཆེ། གཙང་པོའི་ཆུ་སྟོད་དུ་རྫས་འགྱུར་བཟོ་ལས་ཀྱི་ཁེ་ལས་དང་གྲོང་ཁྱེར། གྲོང་བརྡལ། གྲོང་ཚོ་བཅས་ཡོད་ཚེ། བཟོ་ལས་ཀྱི་ཆུ་ཉོག་དང་འཚོ་བའི་ཆུ་སྙིགས་དག་ཆུའི་ནང་དུ་རྒྱུགས་པའི་ཉེན་ཁ་ཆེ་སྟེ་གཙང་ཆུ་བེད་སྤྱོད་བྱ་སྐབས་ཡིད་གཟབ་བྱ་དགོས། གཙང་ཆུ་ཡང་གོང་གསལ་ལྟར་ངེས་པར་དུ་ཁོལ་ཚར་རྗེས་བེད་སྤྱོད་བྱ་དགོས། གལ་སྲིད་གཙང་ཆུར་སྐྱུག་བྲོ་བའི་དྲི་མ་དང་ཁ་དོག་ལ་གྱུར་བ་བྱུང་པ། དེ་མིན་གད་སྙིགས་དང་སྲོག་ཆགས་ཀྱི་ཕུང་པོ་ཆུ་ཐོག་ཏུ་གཡེང་བ། ད་དུང་ཆུ་སྐྱེས་རྩི་ཤིང་མང་པོ་འཚར་སྐྱེས་བྱེད་བཞིན་པའི་སྐབས་གཙང་པོའི་ཆུ་བེད་སྤྱོད་གཏོང་མི་རུང་། ཆུའི་འབྱུང་ཁུངས་ཀྱི་སྟོད་དུ་གཏེར་རྫས་ལས་སྣོན་དང་བཟོ་ལས་ཐོན་སྐྱེད་བྱེད་བཞིན་པའི་སྐབས། དུག་ནུས་ལྡན་པའི་དངོས་རྫས་གཙང་པོའི་ནང་དུ་འཛུལ་ཧ་ཅང་སླ་བས། དུས་ཐོག་ཏུ་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་དགོས་པ་མ་ཟད་འབྲེལ་ཡོད་ཚན་ཁག་ཏུ་སྙན་སེང་ཞུ་དགོས། །
ཁྱིམ་ཚང་གི་བསགས་ཆུ།
སྲོལ་རྒྱུན་བོད་ཀྱི་གོམས་སྲོལ་ཤུགས་ཆེ་བའི་ས་ཁུལ་དུ། ཆུ་བླངས་ཏེ་ཆུ་རའི་ནང་དུ་ཆུ་ཉར་ཚགས་བྱེད་པ་ནི་རྒྱུན་མཐོང་གི་གནས་ཚུལ་ཡིན། འོན་ཀྱང་ཆུ་གསོག་འཇོག་བྱེད་སྟངས་མི་འགྲིག་ན་ཁྱིམ་ཚང་ནང་ཁུལ་གྱི་བདེ་ཐང་ལ་གནོད་སྐྱོན་འཕོག་ཉེན་ཆེ། ཁྱིམ་ཚང་ནང་ཡུན་རིང་ཆུ་གསོག་འཇོག་བྱས་ཚེ་གསོག་སྣོད་ནང་དུ་སྐྱེ་དངོས་ཕྲ་རབ་འཚར་སྐྱེས་བྱེད་སླ་བས། དུས་ཚོད་ངེས་ཅན་གྱི་ཐོག་ཏུ་ཆུ་ར་གཙང་སྦྲ་བྱ་དགོས་ལ་དུས་འཁོར་ཐུང་ཐུང་ནང་ཆུ་གསར་པ་བརྗེ་དགོས། ད་དུང་ཐལ་རྡུལ་དང་གད་སྙིགས་ཡང་ན་ལྟོ་འགྲོའི་སྲོག་ཆགས་སོགས་ཆུ་ར་མའི་ནང་ཟགས་ཏེ་ཆུར་འབག་བཙོག་ཐེབས་པའི་ཉེན་ཁ་ཡང་ཆེ། དེར་བརྟེན་ཆུ་ར་མའི་ཁ་ཟུམ་ཐབས་ལེགས་པོ་ཞིག་ཡོད་དགོས། །
དྭངས་གཙང་གི་བོད་ཁ་བའི་ལྗོངས་སུ་སྔར་ནས་ད་བར་ཆེས་དྭངས་གཙང་གི་ཆུའི་འབྱུང་ཁུངས་ཡོད། འོན་ཀྱང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བ་དང་བསྟུན་ནས། ང་ཚོས་ཆུའི་འབྱུང་ཁུངས་ལ་གནོད་པའི་འབག་བཙོག་ཀྱང་དེ་བས་ཚབས་ཆེ་རུ་འགྲོ་བཞིན་འདུག རྟག་ཏུ་གྲོང་བརྡལ་གྱི་གཙང་ཆུའི་ནང་འཚོ་བའི་གད་སྙིགས་འདྲ་མིན་སྣ་ཚོགས་གཡེང་བཞིན་ཡོད་པ་མཐོང་ཐུབ། ང་ཚོས་ལག་ནང་གི་གད་སྙིགས་གང་བྱུང་དུ་མི་དབྱུག་པ། རང་ཉིད་དང་གཞན་གྱི་བདེ་ཐང་ལ་དོ་སྣང་བྱས་ཏེ་དེ་སྔོན་ལྟར་བློ་འདོད་བཞིན་དྭངས་གཙང་གི་ཆུ་སྲུང་སྐྱོང་ལེགས་པོ་བྱ་དགོས་སོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1