བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན། ཀྲུང་གོའི་རྩོམ་པ་བོ་མཐུན་ཚོགས་ཀྱི་སྐབས་དགུ་བའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འགོ་འཛུགས་མཛད་སྒོའི་སྟེང་གི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་བཅས་གཏིང་ཟབ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་ཅུ་ལོན་པར་བསུ་མ་བྱས་ཏེ། དེང་སྐབས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་དར་རྒྱས་གོང་འཕེལ་དུ་འགྲོ་བ་སྐུལ་འདེད་དང་། བོད་རིགས་རྩོམ་པ་བོའི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ཆུ་ཚད་མཐོར་འདེགས་གཏོང་ཆེད། ཀྲུང་གོ་རྩོམ་པ་བོ་མཐུན་ཚོགས་ཀྱི་《མི་རིགས་ཀྱི་རྩོམ་རིག་》དུས་དེབ་ཁང་དང་ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཀན་སུའུ་ཞིང་ཆེན་རྩོམ་པ་བོ་མཐུན་ཚོགས། ཀན་སུའུ་ཞིང་ཆེན་རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་སོགས་ཀྱིས་མཉམ་དུ་སྒྲུབ་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་བགྲོ་གླེང་ཚོགས་འདུ་དེ་ཟླ8པའི་ཚེས3ནས་ཟླ8པའི་ཚེས5ཉིན་བར་ཀན་ལྷོའི་གཙོས་གྲོང་ནས་གཟབ་རྒྱས་ངང་འཚོགས་ཡོད།
ཐེངས་འདིའི་ཚོགས་འདུ་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་ཞིང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་བཀྲ་ཤིས་འཚོ། ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨན་ཞེའུ་ལིན། པེ་ཅིང་དང་བོད་ལྗོངས། མཚོ་སྔོན། ཡུན་ནན། ཀན་སུའུ་སོགས་ནས་ཕེབས་པའི་རྩོམ་པ་བོ་དང་ལོ་ཙཱ་བའི་འཐུས་མི་50ལྷག་ཚོགས་འདུར་ཞུགས་ཡོད།
ཀྲུང་གོའི་རྩོམ་པ་བོ་མཐུན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི་གཞོན་པ་བསྟན་འཛིན་གྱིས་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྟེང་གཏམ་བཤད་གནང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུའི་ཧྲི་ཅུས་གཞོན་པ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་བཀྲ་ཤིས་མཚོ་ཚོགས་འདུར་ཞུགས་ཤིང་ཤིས་ཚིག་ཕུལ། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་《མི་རིགས་ཀྱི་རྩོམ་རིག་》དུས་དེབ་ཁང་གི་གཙོ་སྒྲིག་གཞོན་པ་ཁྲིན་ཡཱ་ཅོན་གྱིས་མི་རིགས་གྲང་ཉུང་གི་གསར་རྩོམ་དང་ལོ་ཙཱའི་སྐོར་གྱི་གཏམ་བཤད་གནང་ཞིང་། ཀན་སུའུ་ཞིང་ཆེན་རིག་རྩལ་དཔྱད་བརྗོད་མཐུན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲང་ཚོན་ཞའོ་ཡིས་འཆད་ཁྲིད་སྤེལ། ཀན་སུའུ་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུས་ཁོངས་མི། ཀྲུའུ་ཞི་གཞོན་པ་ཝང་ཏིན་པའོ་ཡིས་ཚོགས་འདུ་འགོ་འཛིན་གནང་ཡོད།
ཚོགས་འདུ་དེ་འཆད་ཁྲིད་དང་བགྲོ་གླེང། ཕན་ཚུན་བསམ་བློ་བརྗེ་རེས་ཀྱི་རྣམ་པས་སྤེལ་ཤིང་། ཚོགས་འདུར་ཞུགས་པའི་རྩོམ་པ་བོ་དང་ལོ་ཙཱ་བས་བོད་ཀྱི་རྩོམ་རིག་གསར་རྩོམ་དང་ལོ་ཙཱའི་ད་ལྟའི་གནས་བབ་དང་མ་འོང་འཕེལ་ཕྱོགས། དཔུང་ཁག་འཛུགས་སྐྲུན་སོགས་ཀྱི་ཐད་བགྲོ་གླེང་གནང་རྗེས་རང་རང་གི་བསམ་འཆར་དང་གྲོས་གཞི་ཕུལ་བས། བསམ་བློའི་མིག་རྒྱང་སྐྱེད་ཅིང་། བསམ་གཞིགས་ཀྱི་བློ་སྒོ་ཕྱེ་བས་ཞི་ཅིན་ཕིན་གྱི་རིག་རྩལ་བསམ་བློའི་དྲག་ཆས་ཀྱིས་གསར་རྩོམ་ལ་ཁྲིད་སྟོན་གྱི་ནུས་པ་ཐོན་པ་བྱས་ཤིང་། བོད་ཀྱི་རྩོམ་རིག་གསར་རྩོམ་པ་ཚོའི་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་མཐོར་བཏང་ནས་མི་རིགས་གྲངས་ཉུང་གི་རྩོམ་རིག་ལས་དོན་མུ་མཐུད་དུ་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་བྱས་ཡོད།