༄༅།། གངས་སྐོར།

དྲོས་དམར་ཚེ་རིང་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།སྦྲང་ཆར། སྤེལ་དུས། 08-13



དྲོས་དམར་ཚེ་རིང་རྡོ་རྗེ། [ཀན་ལྷོ]

        ཉེ་བའི་ལོ་འདི་དག་ལ་འགྲིམ་འགྲུལ་གྱི་སྟབས་ཇེ་བདེ་དང་། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་སོང་ཡོད་པར་བརྟེན། ཁ་མཐུན་གྱི་གྲོགས་པོའམ་ལས་མཐུན་གྱི་ཕུ་ནུ། ཡང་ན་ཁྱིམ་མི་བཟའ་ཚང་སོགས་སྐོར་དང་སྐོར་བྱས་ཏེ་ཕྱོགས་སོ་སོར་གནས་སྐོར་དུ་འགྲོ་མཁན་ཇེ་མང་ལ་འགྲོ་བཞིན་འདུག། བདག་ཀྱང་སྒང་པ་བོད་ཀྱི་མཐོན་པོའི་གནས་རི་དང་ཡངས་པའི་སྤང་ཐང་། དྭངས་པའི་ཆུ་རྒྱུན་སོགས་ལ་ལྟ་སྐོར་དུ་འགྲོ་འདོད་ཀྱི་འདུན་པ་དྲག་པོ་ནམ་ཡང་འགོག་ཐབས་བྲལ་ཡང་། རྒྱུ་རྐྱེན་གང་མང་ཞིག་གི་དབང་གིས་འགྲོ་བའི་གོ་སྐབས་ནི་ཧ་ཅང་ཉག་ཕྲ་བའི་སྐབས་ཤིག་ཏུ། བདག་གི་གྱོས་པོ(བློ་བཟང་ལྷུན་གྲུབ་རྡོ་རྗེ)ལགས་ཀྱིས་དབུ་ཁྲིད་མཛད་པའི་མདོ་དབུས་མཐོ་སྒང་གི་རི་ཆུའི་རིག་གནས་ཞིབ་འཇུག་ཚོགས་པ་དང་འགྲོགས་ནས། བོད་ཡུལ་གྱི་རི་ཆུ་དང་འབྲེལ་བའི་རིག་གནས་སྐོར་ལ་སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་སྐལ་བ་ལྡན་པར་མ་ཟད། ཐོག་མར་རྟོག་ཞིབ་བྱེད་ཡུལ་ནི་བདག་གི་དྲན་པའི་ཞེ་རུ་ཡང་ཡང་འཁོར་བའི་མདོ་སྨད་ཀྱི་གཞི་བདག་ཆེན་པོ་ཨ་མྱེས་རྨ་ཆེན་ནམ་རྨ་རྒྱལ་སྦོམ་ར་ཡིན།
        ང་ཚོ་རྨ་ཆུའི་འགྲམ་རྒྱུད་དུ་ཆགས་པའི་གྲོང་ཁྱེར་ཆེན་པོ་ལན་གྲུ་ནས་ལམ་ལ་ཆས་ཏེ། རྨ་ཆུའི་མགོ་ཁུངས་སུ་མངོན་པར་བརྗིད་པའི་རྨ་རྒྱལ་གངས་རིའི་ཕྱོགས་སུ་བསྙེགས། དབྱར་ཟླ་བདུན་པའི་ཨ་མདོའི་ལུང་བ་ནི་སྟེང་ཕྱོགས་ལྷ་ཡི་ཞིང་ཁམས་མི་ཡུལ་དུ་འཕོས་པ་དང་མཚུངས། ལམ་འགྲམ་གྱི་སྤང་ལྗོངས་སྔོན་མོ་གཡུ་ཡི་མེ་ལོང་དང་འདྲ་ཞིང་། ཕྲ་ཚོམ་མེ་ཏོག་སྣ་བརྒྱས་ཕན་ཚུན་ལ་བཀྲག་མདངས་འགྲན་བཞིན་སྡུག་གུར་བཀྲ། ཡངས་པའི་ནམ་མཁའ་སྔོ་ཞིང་དྭངས་ལ། མཚམས་མཚམས་སུ་སྤྲིན་དཀར་གྱི་ཁ་བཏགས་རིང་དུ་འཐེན་ནས་ང་ཚོར་དགའ་སྤྲོའི་བསུ་མ་བྱེད། ནམ་འཕང་གཅོད་པའི་ཐང་དཀར་རྒོད་པོས་ཡངས་པའི་ཨ་སྔོན་གྱི་མཐོངས་སུ་གཤོག་ཟུང་གི་སྟངས་སྟབས་ཅི་དགར་སྒྱུར་བཞིན་པའང་མཁའ་དབྱིངས་འདིའི་མིག་དབང་འདྲེན་པའི་མཛེས་སྡུག་ཅིག་ཅི་ལ་མིན། ང་ཚོས་ཉིན་གཅིག་གི་ལམ་ཐག་བརྒྱུད་མཐར་རྟ་བོ་གྲོང་རྡལ་དུ་འབྱོར་བ་དང་། གངས་སྐོར་ལ་འགྲོ་བའི་སྔོན་འགྲོའི་སྟ་གོན་རྣམས་ལེགས་པར་བསྒྲུབས་རྗེས། ཕྱི་ཉིན་ཐོ་རངས་མ་བཀྱགས་གོང་ལམ་དུ་ཆས་རྒྱུའི་དུས་ཆད་བྱས།
        ང་སྔོན་ཆད་མགོ་ལོག་ཏུ་ཐེངས་ཁ་ཤས་འབྱོར་མྱོང་ལ། གེ་སར་རྒྱལ་པོའི་ལོ་རྒྱུས་ཀྱི་ཞབས་རྗེས་དེད་ནས་སྒྱུ་འཕྲུལ་གྱི་མཁར་ཤུལ་མང་བོ་དང་། མགོ་ལོག་པའི་ཁྲག་རྒྱུན་གྱི་འཕར་རྩར་འདྲེས་པའི་སྒྲུང་གླུའི་འགྱུར་ཁུགས་ལ་རོལ་བཞིན། གླིང་དཀར་ཕུ་ནུ་མིང་སྲིང་ཚོའི་ཡིད་འགུགས་ཀྱི་གཏམ་རྒྱུད་གསོན་པོ་དག་འཚོལ་སྡུད་དང་ཞིབ་འཇུག་གི་ལས་ལ་འབད་མྱོང་།
        ཡིན་ནའང་རྨ་ཆེན་གངས་རིའི་གཟི་དཔལ་ལ་རྒྱང་ནས་ཡང་ཡང་ཞལ་མཇལ་བྱས་པ་ཙམ་ལས་མདུན་དུ་ལྷགས་པའི་སྐལ་བ་ཐེངས་གཅིག་ཀྱང་མ་བྱུང་།
        ད་ལན་གོ་སྐབས་འདི་འདྲ་ཞིག་མངོན་པར་གཅིག་ནས་གཅེས་འཛིན་དང་། གཉིས་ནས་དེ་འབྲེལ་གྱི་ལོ་རྒྱུས་སོགས་ལ་རྒྱུས་ལོན་ཅུང་ཟད་ཅིག་འཐོབ་ན་ཅི་མ་རུང་བསམ་བཞིན། དགའ་བ་དང་སྤྲོ་བ་གང་ཡིན་མི་ཤེས་པར་ཡིད་སེམས་རབ་ཏུ་གཡོས་ནས་མཚན་མོའི་གཉིད་ཀྱི་བདེ་བའང་ཡོངས་སུ་ཕྲོགས་སོང་།
        ཕྱི་ཉིན་ཞོགས་པའི་སྔ་མོར་ང་ཚོ་རླངས་འཁོར་ལ་བསྡད་དེ་རྨ་ཆེན་གངས་སྐོར་གྱི་ལམ་དུ་ཞུགས། ལོ་དེ་ནི་ཏག་ཏག་རྟ་ཡི་ལོ་ལ་ཁེལ་འདུག ང་ཚོ་ཨ་མདོ་པ་རྣམས་ལུག་གི་ལོ་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོར་མཚོ་སྐོར་དུ་འགྲོ་བ་དང་། རྟ་ཡི་ལོར་རྨ་རྒྱལ་སྦོམ་རར་གངས་སྐོར་དུ་འགྲོ་བ། སྤྲེལ་གྱི་ལོར་མདོ་སྨད་ཀྱི་རྫོང་ཆེན་བཞིའི་ཡ་གྱལ་བྲག་དཀར་སྤྲེལ་རྫོང་ལ་གནས་སྐོར་དུ་འགྲོ་བ་ནི་གོམས་སྲོལ་ཞིག་ཏུ་ཆགས་འདུག གངས་སྐོར་ལ་ཕྱི་སྐོར་དང་ནང་སྐོར། བར་སྐོར་བཅས་བགྲོད་ལམ་གསུམ་ཡོད་པ་ལས། རླངས་འཁོར་གྱི་བགྲོད་ལམ་ནི་བར་སྐོར་ཡིན་པས། ང་ཚོ་ཆུ་ཚོད་ལྔ་ལྷག་གི་ལམ་ཐག་བརྒྱུད་མཐར་ཁ་བའི་རྡུལ་མང་བརྩེགས་པའི་ལྷུན་པོའི་གཟུགས་སུ་མངོན་ཞིང་། མདོ་ཁམས་ས་ཡི་ཐིག་ལེའམ་རྨ་ཡུལ་གཡང་གི་ར་བ་ན་རབ་དཀར་ཞོ་གསར་སྤུངས་འདྲའི་དབྱིབས་ཀྱིས་འགྱིང་བའི་གངས་རིའི་མུ་ཁྱུད་ཀྱི་ཕོ་བྲང་ཆེན་པོ་རྨ་རྒྱལ་གངས་ཀྱི་རི་བོའི་མདུན་དྲུང་དུ་སླེབས། ང་ཚོས་གངས་ཅན་བོད་པའི་ལུགས་སྲོལ་ལྟར་ལྷ་ཆབ་སྨན་བསང་གི་བདུག་པ་དང་གཙང་ཆབ་འོ་མའི་མཆོད་པ་བཤམས་ནས་ལྷ་བསང་ཕུད། ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་མཇལ་པ་དང་གནས་སྐོར་པ་ཚང་མས་ཀྱང་། བསང་མཆོད་དང་རླུང་རྟ་གང་མང་སྤུར་ཏེ་ལྷ་འབོད་ཀླུ་འབོད་བྱེད་དུས། གློ་བུར་བར་སྣང་ནས་ཁ་བའི་མེ་ཏོག་གི་འདབ་མ་ལྷབ་ལྷུབ་ཏུ་བབས་ཏེ་ཕྱོགས་བཞི་མཚམས་བརྒྱད་གོས་དཀར་གྱི་ན་བཟས་བརྒྱན་པས། དབྱར་ཟླ་བདུན་པར་རང་བྱུང་གི་ངོ་མཚར་འདི་འདྲ་འབྱུང་བ་ནི་ཁ་བ་ཅན་ཞེས་འབོད་པའི་རང་རེའི་མཐོ་སྒང་གི་ཁྱད་ཆོས་ཤིག་ཅི་མ་ཡིན་སྙམ། རྨ་ཆེན་གངས་རིའི་ཁོར་ཡུག་གི་ཡིད་དུ་འོང་བའི་རང་བྱུང་གི་མཛེས་པ་དང་། རྔམ་བརྗིད་ལྡན་པའི་གངས་རིའི་གཟི་དཔལ་སོགས་ལ་མཇལ་དུས། རང་ཉིད་ནི་ཅི་འདྲའི་ཉམ་ཆུང་ཞིག་ཡིན་པའི་ཚོར་བ་ཐོག་མར་སྐྱེས་ཤིང་། དད་སེམས་དང་སྨོན་པ། དུངས་པ་སོགས་ཚོར་བ་གང་མང་ཞིག་སེམས་ལ་དུས་གཅིག་ཏུ་འཆར་བས། རང་དབང་མེད་པར་གུས་པའི་ཕྱག་གསུམ་འཚལ་དགོས་བྱུང་།
        ཆོས་ལུགས་ཀྱི་དབང་དུ་བྱས་ན། རྨ་རྒྱལ་སྦོམ་ར་ནི་བོད་ཁམས་གནས་རི་ཉེར་གཅིག་གི་ནང་གསེས། སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ། ས་བཅུ་པ་ཐོབ་པའི་སངས་རྒྱས། བན་བོན་གཉིས་ཀྱི་སྲུང་མ། གཏེར་མཛོད་ཀུན་གྱི་གཙོ་བོ། གེ་སར་རྒྱལ་པོའི་བཀའ་སྲུང་བཅས་གནམ་ས་ཀུན་ལ་དབང་བསྒྱུར་པའི་གནས་བདག་མཐུ་བོ་ཆེ་ཞིག་ཡིན་པར་སྨྲ་ཞིང་། སྔོན་སྐྱེས་ཆེན་གྲངས་མེད་དང་རིག་འཛིན་མཁའ་འགྲོ་མང་བོས་གནས་འདིར་བྱིན་གྱིས་བརླབས་ཤིང་ཞབས་ཀྱིས་བཅགས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་བསྙེན་ཟོ་དོར་གྱི་ཚུལ་དུ་དཔལ་འཁོར་ལོ་སྡོམ་པའི་གནས་འདིའི་གནས་བདག་ཏུ་བཞུགས་པར་མ་ཟད། ད་དུང་རྨ་རིགས་སུམ་བརྒྱ་དྲུག་ཅུ་དང་རྨ་འཁོར་སྟོང་དང་ལྔ་བརྒྱས་བསྐོར་ཡོད་པར་བརྗོད། རྒྱ་བོད་སོག་གསུམ་དང་ཕྱིའི་རྒྱལ་ཁབ་ཁག་ནས་ཕེབས་པའི་གདོང་དང་སྐྲའི་ཁ་དོག་མི་འདྲ་བའི་གྲུབ་མཐའ་རིས་མེད་ཀྱི་དད་ལྡན་གནས་སྐོར་པ་བགྲང་ལས་འདས་པ་གནས་འདིར་འབྱོར་ནས། ལ་ལས་རྒྱབ་ཏུ་རྡོག་ཁྲེས་དང་རུམ་ལ་བྲོ། ལག་ཏུ་འཁར་བ་ཐོགས་ནས་རྐང་ཐང་དུ་འགྲོ་བ་དང་། ལ་ལས་རང་ལུས་འདོམ་པ་གང་བོས་བརྐྱང་ཕྱག་འཚལ་བཞིན་འགྲོ། ད་དུང་ང་ཚོ་དང་འདྲ་བར་རླངས་འཁོར་དུ་བསྡད་དེ་འགྲོ་བ་སོགས་གནས་སྐོར་པ་དང་ཞིབ་འཇུག་པ། རྟོག་ཞིབ་པའི་ཚོགས་ཀྱིས་གངས་སྐོར་གྱི་བགྲོད་ལམ་འདི་འཚང་ག་ཤིག་ཤིག་བྱེད་ཅིང་། ལམ་བར་དུ་གནས་སྐོར་པར་དམིགས་པའི་རས་གུར་གྱི་ཟ་ཁང་དང་མགྲོན་ཁང་སོགས་སྐར་ཚོགས་ས་ལ་བབས་པ་ཇི་བཞིན་གང་སར་ཕུབ་ནས། རྒྱ་ཆེའི་དད་ལྡན་ཡོངས་ལ་ཆར་གཡོལ་དང་ཞག་འདུག་སོགས་བྱེད་པར་སྟབས་བདེ་མི་དམན་པ་བསྐྲུན་ཡོད། མགྲོན་ཁང་དང་ཟ་ཁང་ལ་ལས་ཟས་གླ་དང་འདུག་གླ་སོགས་མི་ལེན་པར། དགེ་བའི་ལས་ཏེ་ཚོགས་བསགས་སྦྱིན་གཏོང་གི་ཕྱོགས་ལ་འབད་བཞིན་འདུག སྐོར་ལམ་གྱི་གཡས་གཡོན་ཀུན་ཏུ་སྔོན་བྱོན་སྐྱེས་ཆེན་དམ་པ་རྣམས་ཀྱི་སྒྲུབ་ཕུག་དང་ལྷ་ཁང་སོགས་མང་དུ་མཇལ་རྒྱུ་ཡོད་པར་མ་ཟད། གསར་དུ་བཞེངས་པའི་གེ་སར་རིག་གནས་ཕོ་བྲང་སོགས་སུ་གླིང་གེ་སར་དང་ཨ་མྱེས་རྨ་ཆེན་བར་གྱི་འབྲེལ་བ་དང་ལོ་རྒྱུས་སྐོར་ཞིབ་རྒྱས་སུ་ངོ་སྤྲོད་བྱས་འདུག་ཅིང་། བྲག་བརྐོས་སོགས་སུ་ཨ་མྱེས་རྨ་ཆེན་ནི་རྟ་དཀར་པོ་ལ་བཅིབས་ཤིང་ཕྱིང་ཞྭ་མནབས་པའི་འབྲོག་མི་ཞིག་གི་རྣམ་པར་མངོན་ཞིང་། ཁོང་གི་ཡབ་ཆེན་བསེ་རུ་ངང་ཡག་དང་མ་ཡུམ་རྡོ་རྗེ་དྲག་རྒྱལ། གསང་ཡུམ་གོང་སྨན་ལྷ་རི། གཅུང་བོ་དགྲ་འདུལ་དབང་ཕྱུག གཉེར་བ་མགྲོན་རྒྱས་ཞལ་དཀར། བློན་པོ་དགེ་མཐོང་བྲག་དཀར། ཨ་མཆོད་ཁ་གསར་མ་ཎི་སོགས་རྨ་ཆེན་གངས་རིའི་འཁོར་དུ་བཞུགས་ཡོད་པར་མ་ཟད་། ང་ཚོས་རེ་རེ་ལ་ཉེ་མཇལ་དང་རྒྱང་མཇལ་བྱེད་བཞིན་འགྲོ་དུས། རྨ་ཆེན་གངས་རི་ནི་གཞིས་ཁྱིམ་དང་འཁོར་ཚོགས་རྒྱ་ཆེན་པོ་ཡོད་པའི་ལྷ་ཚོགས་ཀྱི་ཞིང་ཁམས་ཤིག་ཡིན་པ་རྟོགས་ཤིང་། དད་སྟོབས་ཆེ་བའི་མི་རིགས་འདིའི་ཤེས་རབ་དང་བློ་གྲོས་ཀྱི་རྩལ་ལས་འཁྲུངས་པའི་ནང་ཆོས་ཀྱི་འཇིག་རྟེན་ལྟ་བ་ཞིག་འདིར་མངོན་པར་མཚོན་ཡོད་པ་རྟོགས།
        ཁོར་ཡུག་གི་དབང་དུ་བྱས་ན། རྨ་ཆེན་གངས་རི་ནི་མདོ་དབུས་མཐོ་སྒང་དུ་གནས་ཤིང་། ཁུ་ནུ་རི་རྒྱུད་ཀྱི་ཆེས་ཤར་མཐའི་རི་རྒྱུད་ཅིག་ཡིན། ཤིང་ལ་རྩ་བ་དང་ཆུ་ལ་འབབ་ཁུངས་ཡོད་པ་བཞིན། རྨ་ཆེན་གངས་རིའི་ཁུགས་སོ་ཀུན་ཏུ་དངུལ་དཀར་གྱི་གཡུ་འབྲུག་ཚང་ལ་ཉལ་བ་ལྟ་བུའི་འཁྱག་རོམ་བཞི་བཅུ་ལྷག་ཡོད་ལ། འཁྱག་རོམ་དེ་དག་གིས་རྨ་ཆུའི་མགོ་ཁུངས་ཀྱི་འཁྱག་རོམ་གྱི་བརྒྱ་ཆའི་དགུ་བཅུ་ཟིན་ཡོད་ཅིང་། དེ་དག་ཞུ་ནས་ཁྱེབ་ཆུ་དང་སྟོང་ཆུ། དབྱིག་ཆུ། ཆུ་སྔོན་སོགས་རྨ་ཀླུང་གསེར་ལྡན་སྒེག་མོའི་ཕང་བར་བབས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་འདིར་སྐྱེ་སྟོབས་དང་ཚེ་སྲོག་གནང་ཡོད་ལ། མི་ལོ་ལྔ་སྟོང་གི་ཤེས་རབ་ཀྱི་སྒྲོན་མེ་ཡང་སྦར་ཡོད། བདག་གི་གྱོས་པོ་ལགས་ཀྱིས་རྣམ་ཀུན་མདོ་དབུས་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས་སྐོར་ལ་དོ་སྣང་ཐུགས་ཁུར་བསམ་གྱིས་མི་ཁྱབ་པ་གནང་བར་མ་ཟད་། མདོ་དབུས་མཐོ་སྒང་ནི“ཀྲུང་ཧྭའི་ཆུ་ཡི་མཆོད་རྟེན”དང་། “གཙང་གསུམ་འབྱུང་ཡུལ་གྱི་ཁོར་ཡུག་སྲུང་སྐྱོང་ཁུལ”ཞེས་པའི་རིག་གཞུང་གི་ལྟ་བ་ཐོག་མར་འདོན་མཁན་ཡིན་པས། ཁོང་གིས་མདོ་དབུས་མཐོ་སྒང་ནི་སྐྱེ་ཁམས་ཀྱི་འབྱུང་ཁུངས་དང་ཆུ་ཡི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས། འཁྱག་ནུས་ཀྱི་འབྱུང་ཁུངས་བཅས་འབྱུང་ཁུངས་ལྔ་ཡིན་པར་བརྗོད། རྨ་ཆེན་གངས་རིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱས་ཏེ། ངེས་པར་ཚན་རིག་དང་མཐུན་པར་ཕུགས་རྒྱང་ཡོད་པའི་སྒོ་ནས་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཐོ་ཚད་ནས་མཐོང་ཆེན་དང་བཀོད་སྒྲིག་བྱ་རྒྱུ་ནི། རང་རྒྱལ་གྱི་རྒྱུན་སྲིང་འཕེལ་རྒྱས་ཀྱི་དོན་ཆེན་དང་འབྲེལ་ཞིང་། བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ཀྱི་དོན་ཆེན་དང་འབྲེལ་ཡོད་པར་གསུངས། རེད་དེ། འདི་འདྲའི་འབྱོར་ཕྱུག་དང་དག་གཙང་གི་གནས་དམ་པ་ཞིག་ཏུ་འཚོ་གནས་བྱེད་པའི་བོད་མི་རིགས་ལ་མཚོན་ནའང་། རྩྭ་སར་ནོར་ལུག་ཚད་ལས་བརྒལ་ཏེ་འཚོ་སྐྱོང་དང་།
        སྨན་རྩྭ་སོགས་གང་འདོད་དུ་རྐོ་བ། ད་དུང་གཏེར་ཁ་གང་འདོད་དུ་སྔོག་འདོན་དང་གཞུང་ལམ་འཕྲེད་གཅོད་སོགས་བྱས་ན། རྨ་ཆེན་གངས་རིའི་ཁོར་ཡུག་འདི་ལ་སླར་སོས་དཀའ་བའི་རྨ་ཁ་བཟོ་སྲིད་པས། ང་ཚོས་རང་གི་བརྩེ་བའི་ཕ་དང་བྱམས་པའི་མ་བཞིན་རྨ་ཆུའི་མགོ་ཁུངས་ཀྱི་གངས་ཀྱི་ལྷུན་པོ་འདི་ལ་བཀུར་བསྟི་དང་། དཔྲལ་བའི་མིག་དང་ཁོང་གི་སྙིང་བཞིན་བདག་སྐྱོང་དང་སྲུང་སྐྱོབ་ཚད་མེད་གནང་རྒྱུ་ནི། དུས་རབས་ཀྱིས་སྤྲད་པའི་བོད་རིགས་ཕོ་མོ་ཡོངས་ཀྱི་ཕྲག་སྟེང་དུ་བབས་པའི་འོས་འགན་གཡོལ་ཐབས་མེད་པ་ཞིག་ཡིན། ང་ཚོས་ཡུལ་སྲོལ་སྐོར་གྱི་གད་སྙིགས་ཇེ་ཉུང་དུ་གཏོང་བར་རླུང་རྟ་ཉུང་སྤུར་དང་དར་ལྕོག་ཉུང་འཐེན། མཚོ་གཏེར་ཉུང་འཕེན་སོགས་བྱེད་དགོས་ལ། རང་བྱུང་ཁམས་ཀྱི་རྩ་ཆེའི་རི་དྭགས་ལ་སྲུང་སྐྱོབ་དང་ནོར་ལུག་རྩྭ་སས་ཐེག་ཚད་ཀྱིས་འཚོ་སྐྱོང་། སྨན་རྩྭ་དང་མེ་ཏོག་ཉུང་འཐུ་སོགས་བྱས་ཏེ། རང་བྱུང་སྐྱེད་མའི་ཕངས་མེད་ཀྱི་བརྩེ་སེམས་ལ་དྲིན་ལན་གཞལ་དགོས།
གང་ལྟར་ང་ཚོས་དུས་ཡུན་ཐུང་ཐུང་ཞིག་ལ་རྨ་ཆེན་གངས་རིར་གངས་སྐོར་ཐེངས་གཅིག་བྱས་པ་འདི་ནི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྟོག་ཞིབ་ཐེངས་ཤིག་ཡིན་ལ། རྟོག་ཞིབ་འདི་བརྒྱུད་ནས་བདག་གིས་མདོ་དབུས་མཐོ་སྒང་གི་ཁོར་ཡུག་འདིའི་གཞལ་མེད་ཀྱི་རིན་ཐང་དང་སྐྱེ་ཁམས་ཀྱི་ནུས་པ་གསལ་རྟོགས་བྱུང་ཞིང་། ཧམ་སེམས་ཀྱི་རྗེས་སུ་རྒྱུག་པའི་འགྲོ་བ་མིའི་རིགས་ཀྱིས་རྨ་ཆེན་གངས་རིར་རྩོལ་བྱུང་གི་རྨ་ཁ་གང་མང་བཟོས་ཡོད་པ་ཤེས་དུས། རང་ཉིད་ནས་མགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོང་གི་འདུན་པ་བྲག་བཞིན་བརྟན་ཅིང་རྡོ་བཞིན་སྲ་བ་སེམས་གཏིང་ནས་དམ་བཅས་པར་མ་ཟད། གངས་རིའི་ཕུ་ནུ་ཡོངས་ལ་ཅོང་བརྡའི་ཚུལ་དུ་རྨ་ཆེན་གངས་རི་དང་འབྲེལ་བའི་རིག་གནས་སྐོར་ལ་སྲུང་སྐྱོབ་མྱུར་དུ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་ཡིན།
        ཀྱེེ། རྨ་ཆེན་གངས་རི། ཁྱེད་ནི་གངས་དཀར་གྱི་ཕོ་བྲང་དང་འཁྱག་རོམ་གྱི་འཇིག་རྟེན། གཙང་ཆབ་ཀྱི་འབྱུང་ཁུངས། ད་དུང་ལྷ་ཚོགས་ཀྱི་ཞིང་ཁམས་དང་དད་སེམས་ཀྱི་མཆོད་གནས། ཤེས་རིག་དང་ཕན་བདེ་ཡི་འབྱུང་གནས་ལགས་ཏེ། སྲིད་པའི་རྨ་གཉན་རྒྱལ་པོ་ཁྱེད་ཀྱི་དེ་ཉིད་ཀྱི་ངོ་བོ་གང་མང་ཞིག་ང་ཚོས་ད་དུང་རྟོགས་མེད་ཅིང་། ཁྱེད་ཀྱི་འཕྲིན་ལས་ཀྱི་མཛད་པ་ཅི་འདྲ་ཞིག་ད་དུང་གསང་བའི་གཏེར་དུ་སྦས་ནས་ཡོད། འབྱུང་འགྱུར་གྱི་དུས་ཤིག་ཏུ། བདག་གམ་ཡང་ན་བདག་གི་བུ་རབས་ཚ་རྒྱུད་ཀྱིས་གཟུགས་མེད་ལྷག་བསམ་གྱི་ཁ་བཏགས་དང་དྲི་མེད་དུངས་སེམས་ཀྱི་མར་མེ་བཏེགས་ནས། ཁྱེད་ཀྱི་སྒམ་བརླིང་གི་གཟི་སྤོབས་ལ་སླར་ཡང་མཇལ་དུ་ཡོང་དུས། ཁྱེད་ཀྱི་རྔམ་བརྗིད་གངས་དཀར་གྱི་རྩེ་མོ་སྔར་བཞིན་བརྟན་ཅིང་།
        ཁྱེད་ཀྱི་ཁོ་ར་ཁོར་ཡུག་ཀུན་ཏུ་གཙང་ཆབ་ལྷུང་ལྷུང་དལ་གྱིས་འབབ་ལ། ཚང་ཚིང་ནགས་ཀྱི་གཡུ་ལོ་རྒྱས་པ། སྤང་ལྗོངས་སྔོན་མོར་སྨན་བསུང་འཐུལ་བའི་རང་བྱུང་གི་ཁོར་ཡུག་ཡིད་འཕྲོག་ལྟ་ན་སྡུག་པ་ཞིག་དང་། མི་ཆོས་ཀྱི་ཡུལ་ལྗོངས་ངོ་མཚར་འོད་སྟོང་འཕྲོ་བ་ཞིག་སྔར་བཞིན་གནས་པའི་སྨོན་ལམ་ཡང་ཡང་འདེབས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1