གཟི་རྩ་སྡེ་དགུར་ས་འགུལ་བྱུང་བའི་ལོ་འཁོར་གཅིག་རིང་གི་བསྐྱར་སྐྲུན་གྱི་གནས་ཚུལ་བཀོད་པ།
ལོ་ངོ་གཅིག་གི་སྔ་རོལ་གྱི་དེ་རིང་གི་ཉིན་མོར། གཟི་རྩ་སྡེ་དགུར་ས་འགུལ་བྱུང་སྟེ། འཇིག་རྟེན་གྱི་ལྷ་ཡུལ། བྱིས་སྒྲུང་གི་འཇིག་རྟེན་ཞེས་མིང་དུ་གྲགས་པའི་གཟི་རྩ་སྡེ་དགུ་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་རེད།
ས་འགུལ་བྱུང་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ཐོག་གི་ཆར་ལྟར་མཛུབ་སྟོན་གལ་ཆེན་གནང་བར་མ་ཟད། ཞིང་ཆེན་དང་ཁུལ་རིམ་གྱི་ལས་བྱེད་མང་ཚོགས་ཀྱིས་སྐར་ཆ་ཙམ་ཡང་བརྩོན་ལེན་སྒོས་གར་སོང་ཆ་མེད་ཀྱི་མི་བཙལ་བ་དང་རྨས་མ་བསྐྱབས་པ། ལྗོངས་སྐོར་བ་དང་མང་ཚོགས་བདེ་འཇགས་ཀྱི་གནས་སུ་བསྐྱལ་ནས་ས་འགུལ་གནོད་སེལ་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟི་རྩ་སྡེ་དགུ་བསྐྱར་སྐྲུན་ལ་གནང་བའི་མཛུབ་སྟོན་གལ་ཆེན་ཡིད་ལ་བཅགས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བཟུང་སྟེ། ལོ་ངོ་གཅིག་གི་རིང་ལ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གནོད་རྗེས་བསྐྱར་སྐྲུན་གྱི་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་ལག་ལེན་དུ་ཕབ་པར་མ་ཟད། གཟི་རྩ་སྡེ་དགུ་ཡི་ས་འགུལ་གནོད་ཁུལ་བསྐྱར་སྐྲུན་དང་འཕེལ་རྒྱས་ཀྱི་བྱ་གཞག་ཚད་མཐོན་པོས་སྐུལ་འདེད་བཏང་སྟེ། གཟི་རྩ་སྡེ་དགུ་ནི་མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་དབུལ་བྲལ་འབྱོར་ཕྱུག་གི་དཔེ་སྟོན་དུ་འགྱུར་བར་བརྩོན་བཞིན་གདའ།
དེ་ལྟར་གཟི་རྩ་སྡེ་དགུ་བསྐྱར་སྐྲུན་གྱི་གོམ་སྟབས་གཏན་ནས་མཚམས་ཆད་མ་མྱོང་། ཟླ7པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་འགན་ཁུར་ནས་ཟླ་ངོ་གཅིག་ཙམ་མ་ལོན་ཡང་། གཟི་རྩ་སྡེ་དགུ་རྫོང་ལ་དངོས་སུ་ཕེབས་ནས་བརྟག་ཞིབ་མཛད་པར་མ་ཟད། གཟི་རྩ་སྡེ་དགུར་ས་འགུལ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་ཀར་མཛུབ་སྟོན་ཡང་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གཟི་རྩ་སྡེ་དགུ་ཡི་བསྐྱར་སྐྲུན་གྱི་ཡུལ་དངོས་སུ་ཐེངས་མང་པོར་ཕེབས་ནས་ལས་རིམ་ལ་ལྟ་རྟོག་དང་དམངས་འཚོ་ལ་དོ་སྣང་མཛད་པ་རེད། གཟི་རྩ་སྡེ་དགུ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་བཀོད་སྒྲིག་ལྟར། ལས་བྱེད་མང་ཚོགས་ཀྱི་མཐུན་པའི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་སྐྱིད་པའི་ཁྱིམ་གཞིས་བསྐྱར་སྐྲུན་ལ་འབད་པ་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་གསར་བ་བླངས་ཡོད།
དེང་སང་། གཟི་རྩ་སྡེ་དགུ་བསྐྱར་སྐྲུན་ལས་ཀ་ཀུན་ནས་མགོ་བརྩམས་ཡོད་ལ། ལས་གཞི་གལ་ཆེན་རེ་རེ་བརྟན་བརླིང་ངང་སྐུལ་འདེད་གཏོང་བཞིན་ཡོད། གསར་འགོད་པས་རྩོམ་འདི་སྤེལ་སྐབས་སུ། རྫོང་གིས་ལག་ཏུ་བསྟར་དགོས་པའི་ལས་གཞི་ཆེན་པོ114ལས་ལས་གཞི106སྤེལ་བཞིན་པའི་སྒང་ཡིན་ལ། ལས་གཞི་སྤེལ་ཚད་བརྒྱ་ཆ93ཟིན་འདུག ཁྱོན་གྲོན་དངུལ་སྒོར་དུང་ཕྱུར5.02བཏང་བ་དང་། ལས་གཞི21ལེགས་པར་འགྲུབ་ཡོད། ལས་གཞི་ཡོད་ཚད་ད་ལོར་ལས་མགོ་བརྩམ་རྒྱུ་རེད།
ཟླ8པར། གསར་འགོད་པ་གཟི་རྩ་སྡེ་དགུ་གནོད་ཁུལ་དུ་སླར་ཡང་འགྲིམ་དུས། མཛེས་ལྗོངས་གཟི་རྩ་སྡེ་དགུ་ཡི་མཛེས་པ་སླར་ཡང་ཤར་འདུག གཞིས་ཁང་གསར་བ་བསྐྱར་དུ་བསྐྲུན་འདུག ཐོན་ལས་དར་རྒྱས་སུ་འགྲོ་བཞིན་འདུག འཚོ་བ་བདེ་ཞིང་སྐྱིད་པའི་ལམ་དུ་སྙེག་བཞིན་འདུག ས་འགུལ་བྱུང་ནས་ལོ་འཁོར་གཅིག་ལོན་དུས། གཟི་རྩ་སྡེ་དགུ་ཡི་གང་ས་གང་དུ་གསོན་ཤུགས་གསར་བ་ཞིག་དང་རེ་བ་གསར་བ་ཞིག་གི་ཟེར་བརྒྱ་ཆེམ་ཆེམ་དུ་འཕྲོས་འདུག
གཟི་རྩ་ཡི་བསྐྱར་སྐྲུན་མྱུར་ཚད།
གསར་འགོད་པས་གཟི་རྩ་སྡེ་དགུ་བསྐྱར་སྐྲུན་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། གནོད་རྗེས་ས་གཤིས་བསྐྱར་སྐྲུན་གྱི་འཆར་གཞིའི་རྣམ་གྲངས་ཆེན་པོ་14ཡོད་ལ། ཁྱོན་གྲོན་དངུལ་59419གཏོང་རྩིས་ཡོད། མིག་སྔར། རྣམ་གྲངས་ཆེན་པོ་14དངོས་སུ་མགོ་བརྩམས་ཤིང་། དེ་ལས་ས་གཤིས་གནོད་འཚེ་ཕྱོགས་བསྡུས་སྒྲིག་བཅོས་ལས་གཞི་ལ་གཏོགས་པའི་རྣམ་གྲངས་ཆུང་གྲས་136ཡོད་ལ། མིག་སྔར་རྣམ་གྲངས་84ལེགས་པར་གྲུབ་ཡོད།
གྲོང་ཁྱེར་དང་ཞིང་གྲོང་སྡོད་དམངས་བསྐྱར་སྐྲུན་རིགས་4ཡོད་ལ། ཞིང་ཁྱིམ་14481གི་ས་འགུལ་གནོད་སྐྱོན་ཐེབས་པའི་སྡོད་ཁང་ཞིག་གསོ་བྱས་པ་དང་། ཞིང་ཁྱིམ་104ཡི་སྡོད་ཁང་བསྐྱར་སྐྲུན་ལས་100ཡི་སྡོད་ཁང་བསྐྲུན་མགོ་བཟུང་ཡོད་ལ། གྲོང་ཁྱེར་གྱི་ཁྱིམ་ཚང་3159ཡི་སྡོད་ཁང་ཞིག་གསོ་དངོས་སུ་མགོ་བརྩམས་པ་དང་། གྲོང་མཁར་གྱི་ཁྱིམ་ཚང་34ཡི་སྡོད་ཁང་བསྐྱར་སྐྲུན་མགོ་བརྩམས་ཡོད། ད་ལོར་གྲོང་ཁྱེར་དང་ཞིང་གྲོང་སྡོད་ཁང་བསྐྱར་སྐྲུན་རིགས་ཀྱི་རྣམ་གྲངས་ཚང་མ་འགྲུབ་པར་བྱེད་རྒྱུ་རེད།
གཟི་རྩ་ཡི་བསྐྱར་སྐྲུན་ཉམས་མྱོང་།
ཟླ་8པའི་ཚེས་5ཉིན། རྦབ་ཆུ་ནོར་བུ་གླིང་གི་ཉེ་འགྲམ་དུ་ཐོན་པ་ན། ནོར་བུ་གླིང་གི་བརྗིད་ཉམས་སླར་ཡང་ཤར་འདུག་ཅེས་ཀུན་གྱིས་མ་གྲོས་གཅིག་མཐུན་དུ་ཀི་འབོད་བྱས།
ལོ་ངོ་གཅིག་གི་སྔ་རོལ་དུ། ས་འགུལ་བྱུང་རྗེས་ནོར་བུ་གླིང་གི་བྲག་རིམ་ལ་གས་ཆག་བྱུང་སྟེ། རྦབ་ཆུ་ཡི་སྔར་གྱི་བརྗིད་ཉམས་ཤོར་བ་རེད། ཡིན་ནའང་། དེང་སང་། ནོར་བུ་གླིང་གི་རྦབ་ཆུ་སྔར་བས་དྲག་ལ། དྭངས་ཤིང་གཙང་བ། བརྗིད་ཉམས་ལྡན་པ་ཞིག་རེད་ཨང་།
གཟི་རྩ་སྡེ་དགུ་དོ་དམ་ཁང་གི་མཐོ་རིམ་ལས་གཞི་ཆེན་མོ་ཞའོ་ཝའེ་དབྱང་གིས་ངོ་སྤྲད་པ་ལྟར་ན། རྦབ་ཆུ་ནོར་བུ་གླིང་གི་མཛེས་ཉམས་གསར་བ་ནི་རང་བྱུང་ཁམས་ཆེན་མོའི་རང་བྱུང་སླར་གསོ་དང་མིར་བརྟེན་སླར་གསོ་ཟུང་དུ་སྦྲེལ་བའི་གྲུབ་འབྲས་ཤིག་ཡིན་ལ། མིར་བརྟེན་སླར་གསོ་ལའང་རང་བྱུང་དང་སྐྱེ་ཁམས་སླར་གསོ་ཡི་ཐབས་ཤེས་སྤྱད་ནས། ས་འགུལ་སྐབས་སུ་གས་ཆག་བྱུང་བའི་བྲག་རིམ་གྱི་ཁ་གསབ་ནས་འབབ་ལམ་བཟོས་པས་རྦབ་ཆུ་ལ་འདི་ལྟར་བརྗིད་ཉམས་ལྡན་པ་རེད།
དེ་མིན་གཟི་རྩ་སྡེ་དགུ་ཡི་མཚོ་དང་མཚེའུ་གཞན་དག་གི་དྭངས་པ་དང་མཛེས་པ་སྔར་བཞིན་རང་བྱུང་དུ་ཐོན་འདུག་པས། སྔར་བཞིན་མཛེས་ལྗོངས་གཟི་རྩ་སྡེ་དགུ་ལ་ལྗང་མདོག་དང་སྐྱེ་ཁམས་ཀྱི་མཛེས་པ་དང་ཡིད་དབང་འཕྲོག་ཤུགས་ལྡན་འདུག དེ་ནི་གཟི་རྩ་སྡེ་དགུ་ཡི་བསྐྱར་སྐྲུན་ཉམས་མྱོང་སྟེ་ལྗང་མདོག་བསྐྱར་སྐྲུན་ཡིན་ལ། གཟི་རྩ་སྡེ་དགུ་ཡི་ལྗང་མདོག་འཕེལ་རྒྱས་དང་མང་ཚོགས་དབུལ་བྲལ་ཕྱུག་སྒྱུར། འབྱོར་འབྲིང་གི་ལམ་དུ་བསྙེག་པའི་སྐུལ་ལྕག་ཅིག་ཀྱང་ཡིན།
གཟི་རྩ་ཡི་མ་འོངས་པ།
ས་འགུལ་བྱུང་ནས་གཙང་རྩ་གྲོང་རྡལ་སློབ་ཆུང་ལ་གནོད་འཚེ་ཚབས་ཆེན་ཐེབས་ཀྱང་། ཁྱོན་གྲོན་དངུལ་སྒོར་ཁྲི་3902བཏང་ནས་སློབ་གྲྭ་གསར་བ་བསྐྲུན་བཞིན་ཡོད་ལ། སྔོན་དཔག་ལྟར་ན་ད་ལོའི་ཟླ་8པར་ལེགས་པར་འགྲུབ་པ་དང་2019ལོའི་ཟླ་3པར་དངོས་སུ་བེད་སྤྱོད་ཆོག་པ་རེད།
གོང་དང་འདྲ་བར་ས་འགུལ་ཁྲོད་གཙང་རྩ་གྲོང་རྡལ་གྱི་གཟི་རྩ་སྡེ་དགུ་རྫོང་མི་དམངས་སྨན་ཁང་གཉིས་པར་གནོད་སྐྱོན་ཐེབས་ཀྱང་གྲོན་དངུལ་སྒོར་ཁྲི་7360བཏང་ནས་ད་ལོའི་ཟླ་4བའི་ཚེས་2ཉིན་ནས་བསྐྲུན་མགོ་བརྩམས་པ་དང་། 2019་ལོའི་ཟླ་4བར་ལེགས་པར་འགྲུབ་རྒྱུ་དང་ཟླ6པར་དངོས་སུ་བེད་སྤྱོད་ཆོག་པ་རེད།
སློབ་གསོ་དང་སྨན་བཅོས། སྡོད་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ནི་གཟི་རྩ་སྡེ་དགུ་ཡི་མང་ཚོགས་ཀུན་གྱིས་རེ་ཞིང་སྙེག་པའི་བདེ་སྐྱིད་འཚོ་བའི་རྒྱབ་རྟེན་ཡིན་པས། དེ་དག་ལེགས་པར་འགྲུབ་ནས་གཟི་རྩ་སྡེ་དགུ་ཡི་མི་དམངས་རྣམས་ལ་མ་འོངས་པའི་བདེ་སྐྱིད་འཚོ་བ་ཞིག་བསྐྲུན་ཁོ་ཐག་རེད་ལ། མཛེས་ལྗོངས་གཟི་རྩ་སྡེ་དགུ་ཡི་རི་ཆུ་ནགས་གསུམ་སོགས་རང་བྱུང་ལྷུན་གྱིས་གྲུབ་པའི་མཛེས་པ་རེ་རེ་སླར་ཡང་མངོན་ནས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་།། བུང་བ་སྤྲིན་གྱིས་ཚོགས་བཞིན་འཁོར་ཅེས་པ་ལྟར། མི་རིང་བ་ན། རྒྱལ་ཁབ་ཕྱི་ནང་དང་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་དག་གཅིག་ཏུ་འདུས་ནས་རང་བྱུང་གི་མཛེས་པ་ཉམས་སུ་རོལ་ངེས་པར་མ་ཟད། ཁུལ་ཡོངས་དང་ཐ་ན་སི་ཁྲོན་གྱི་ལྗོངས་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་ལྕག་གི་ནུས་པ་འདོན་ངེས་ཤིང་། ཡུལ་དེ་ག་ཙམ་མ་ཟད་ས་ཁུལ་ཞིག་གི་མང་ཚོགས་འཚོ་བ་ཇེ་བཟང་ཇེ་སྐྱིད་དང་དཔལ་འབྱོར་ཇེ་དར་ཇེ་རྒྱས་ལ་དཔག་ཏུ་མེད་པའི་ནུས་པ་འདོན་ངེས།