༄༅།། རྩམ་པར་སྐྲན་ནད་སོགས་ནད་ངན་འགོག་པའི་ནུས་པ་ལྡན།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-14
བོད་ཟས་གཙོ་བོ་རྩམ་པ་ནི་བཟའ་བཏུང་དུ་སྤྱད་དེ་ལྟོ་བ་འགྲང་བྱེད་གཅིག་པུ་མ་ཡིན་པར། དེར་མི་ལུས་ལ་ཤིན་ཏུ་མཁོ་བའི་སྤྲི་དཀར་རྫས་དང་། ཐན་ཆུའི་འདྲེས་སྦྱོར་དངོས་པོ། ཨན་གཞི་སྐྱུར་རིགས་སྣ་བཅུ་བདུན། དེ་བཞིན་ལྕགས་དང་ཀེ། ཞིན་སོགས་ཚད་ཉུང་མ་རྒྱུ་དང་། འཚོ་བཅུདB1སོགས་འདུས་པས། གཟུགས་གཞིའི་འབྱུང་ཁམས་གསོ་བ་དང་ནད་རིགས་མང་པོ་ཞིག་སེལ་བའི་ཕན་ནུས་ཐོན་གྱིན་ཡོད་པ་སྟེ། ཀྲུང་གོའི་བདེ་སྲུང་མཐུན་ཚོགས་ཀྱི་ཟས་རིགས་བདེ་འཇགས་ཨུ་ཡོན་ཚོགས་པའི་ཞིབ་འཇུག་ཅིག་ལས་ར་སྤྲོད་བྱུང་བ་ལྟར་ན། ནས་ཀྱི་ནང་དུ་སྐྲན་ནད་ཀྱི་ཕྲ་ཕུང་དང་ཕྲ་ཕུང་ངན་པ་གཞན་འཇོམས་པར་བྱེད་པའི་རྫས་རྒྱུ་ཞིག་སྟེ་དམའ་འདུས་མངར་ཆ་ཞེས་པ་ཞིག་འདུས་ཡོད་པས། སྐྲན་ནད་སོགས་སྔོན་འགོག་བྱེད་པར་ཕན་པ་ཆེན་པོ་ཡོད་པ་རེད།
གཞན་ཡང་ཤེས་གསལ་ལྟར་ན། ནས་ཀྱི་ནང་དུ་བཟའ་བཅའི་ཚི་སྣ་ཞེས་པའི་རྫས་ཤིག་ཡོད་པ་དེས་ཕོ་བ་དང་རྒྱུ་མ་རུ་ཡོད་པའི་ནད་བསྐྱེད་རྫས་རྒྱུ་མེད་པར་གཏོང་ཞིང་། ཕོ་བ་དང་རྒྱུ་མའི་སྐྲན་ནད་སྔོན་འགོག་བྱེད་པར་མ་ཟད། ད་དུང་ཁྲག་ཏུ་འདུས་པའི་མཁྲིས་རྒྱུ་གཤེར་རྩི་ཉུང་དུ་བཏང་ནས་སྙིང་ནད་སོགས་སྔོན་འགོག་ཡོང་བར་ཕན་པ་དང་། དེ་མིན་ནས་ཀྱི་ནང་དུ་འདུས་པའི་རྫས་རྒྱུ་གཞན་མང་པོས་མིའི་རིམས་འགོག་ནུས་པ་ཆེ་རུ་གཏོང་ཐུབ་པ་རེད།
བོད་དམངས་ཁྲོད་ཀྱི་ངག་རྒྱུན་དུ་ཆམ་ནད་ཕོག་ན་རྩམ་པ་ཟོ་ཞེས་ཆམ་པའི་ནད་སོགས་ཕོག་སྐབས་རྩམ་པ་ཟོས་ན་ཕན་ཐོགས་ཡོད་པའི་ཤོད་སྲོལ་ཡོད། དེ་བཞིན་ལོ་ལོན་རྒན་འཁོགས་སོགས་ལ་རླུང་ནད་བྱུང་ན་རྩམ་ཁུ་བསྐོལ་ཏེ་འཐུང་ན་ཕན་པ་དང༌། དེ་མིན་ཐག་རིང་དུ་སོང་སྟེ་ངལ་དུབ་ཀྱིས་རྐང་ལག་ན་བ་ཡིན་ན་རྩམ་བྱུགས་བརྒྱབ་པས་ཕན་པ་བཅས་དམངས་ཁྲོད་དུའང་རྩམ་པ་ལ་བརྟེན་ནས་ནད་བཅོས་བྱེད་ཐབས་སྣ་ཚོགས་ཤིག་ཡོད།
གཞན་གསོ་རིག་སྨན་གཞུང་དུའང་ར་མཉེ་རྩ་བ་སྟོན་དུས་བརྐོས་པ་གཙང་སེལ་བསིལ་སྐམ་བྱས་པའི་ཕྱེ་མ་རྩམ་པ་དང་བསྲེས་ནས་ཐུག་པ་དང༌། ཟན་ཆང་བསྐོལ་ཏེ་བསྟེན་པས་ཆུ་སེར་གྱི་ནད་དང་རྒས་ཀ་སྲ་བ་ལ་ཕན་ཚུལ་དང༌། དེ་མིན་གག་ལྷོག་གཟེར་གསུམ་སོགས་གཉན་ནད་རིགས་གློ་བུར་དུ་བྱུང་ན་གྲོ་ཕྱེ་དང༌། ནས་ཕྱེ། རྩམ་པ་སོགས་ཕན་ཚུལ། གཞན་སྙིང་ནད་དང་བུད་མེད་ཀྱི་ཆུ་སྐྲངས་ནད་སོགས་ལའང་རྩམ་པ་ཕན་པ་བཅས་བོད་ཟས་རྩམ་པས་བཅོས་ཐུབ་པའི་ནད་རིགས་མང་པོ་ཞིག་ཡོད་པར་བཤད་འདུག་པས། འདིར་དཔེར་མཚོན་གྱི་ཚུལ་དུ་འགའ་ཞིག་ལས་བརྗོད་མེད་པས། ཞིབ་ཏུ་ཤེས་འདོད་ན་འབྲེལ་ཡོད་སྨན་གཞུང་ཁག་ཏུ་གཟིགས་པར་འཚལ། །