༄༅།། བྱིས་པ་རློན་ནུ་གཉོར་སྐྱོང་བྱ་ཚུལ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-17


    བྱིས་པ་རློན་ནུའི་དུས་སུ་གཉོར་སྐྱོང་བྱ་རྒྱུ་དེ་བྱིས་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཁྲོད་ཀྱི་ཐོག་མའི་རྨང་གཞི་ལྟ་བུ་ཡིན་པས་གལ་འགངས་ཤིན་ཏུ་ཆེ། དེ་ཡང་གཅིག་ནས་བྱིས་པ་སྐྱེས་པ་ནས་ལོ་གཅིག་ལོན་རག་བར་དུ་ཨ་མའི་ནུ་མས་གསོས་ན་བྱིས་པའི་གཟུགས་གཞི་བདེ་ཐང་དང་སྐྱོན་བྲལ། ནད་འགོག་གི་ནུས་པ་ལེགས་པ། རིག་སྟོབས་རྒྱས་པ་བཅས་ཀྱི་ཕན་ཐོགས་ཆེ། འོན་ཀྱང་དམངས་ཁྲོད་ཀྱི་བཤད་རྒྱུན་ལྟར་ན་ཨ་མའི་ནུ་མ་ལོ་གཅིག་ཡན་བླུད་ན་བྱིས་པའི་རྐང་ལག་གི་ནུས་པ་དང་རིག་སྟོབས་ཇེ་ཞན་དུ་འགྲོ་ཟེར། གཉིས་ནས་བྱིས་པ་ཆུང་ངུའི་སྐབས་གན་རྐྱལ་དུ་ལུས་པོ་སྙོམ་པར་བཟུང་དགོས་པ་ལས་སྔ་མོ་ནས་ཡར་བསླངས་ཏེ་ཙོག་པུར་བཟུང་དྲགས་ན་མཆིན་པར་གནོད། གསུམ་ནས་བྱིས་པའི་མིག་ལ་ཉི་འོད་དང་གློག་འོད་ཆེན་པོ་ཕོག་ཏུ་མི་འཇུག་པ་བྱེད་དགོས། ཉི་འོད་དང་གློག་འོད་ཐད་ཀར་བྱིས་པའི་མིག་ལ་ཕོག་ན་མིག་ལ་གནོད་སྐྱོན་འབྱུང་བ་ཡིན། གསུམ་པ་དུས་ལྟར་གཉིད་དུ་འཇུག་པ་དང་། དཀར་འོད་ཆེན་པོའི་ནང་དུ་མི་བསྙལ་བ། གཉིད་ཡོད་པའི་སྐབས་སུ་འུར་མི་རྒྱག་པར་བྱེད་དགོས། བཞི་ནས་བྱིས་པར་མཚམས་མེད་པར་ནུ་མ་ལྡུད་པའམ་ནུ་མགོ་འཇིབ་ཏུ་བཅུག་ན་བྱིས་པ་མི་ངུ་བར་ཕན་ཐོགས་ཡོད་ཀྱང་འཇིབ་ཡུན་རིང་དྲགས་ན་བྱིས་པའི་རྣ་བར་གཉན་ཚད་འབྱུང་བའི་ཉེན་ཁ་ཡོད།


བྱིས་པར་སྨན་རིགས་བཀོལ་སྟངས།
   དང་པོ། ཕྱི་ལུགས་གསོ་རིག་གི་དར་མའི་སྨན་རྣམས་གཞི་རྩའི་ཆ་ནས་བཤད་ན་བྱིས་པར་ལྡུད་མི་རུང་ལ། གལ་ཏེ་འཐུང་དགོས་པ་བྱུང་ནའང་ངེས་པར་དུ་སྨན་པར་དྲིས་ནས་སྨན་པའི་ངག་བཀོད་ལྟར་འཐུང་དགོས་པ་ལས། རང་འདོད་ལྟར་གཏན་ནས་ལྡུད་མི་རུང་།
   གཉིས་པ། ལོ་བཅུ་གཉིས་མན་གྱི་བྱིས་པས་རབ་ཡིན་ན་གཉན་འཇོམས་སྨན་བཀོལ་སྤྱོད་མི་བྱེད་པ་དང་བཀོལ་སྤྱོད་བྱེད་ནའང་ཧ་ཅང་གཟབ་གཟབ་བྱེད་དགོས་ཏེ། དཔེར་ན། ནོའུ་ཧྥུ་ཧྲ་ཞིན(诺氟沙星)གྱིས་རུས་ཚིགས་ཀྱི་གྲུབ་ཚུལ་ལ་གནོད་པ་དང་རུས་རྐང་སྐྱེ་བར་འགོག་རྐྱེན་བཟོ་སྲིད་ལ། ཆིན་ཏ་མེ་སུའུ(庆大霉素)ཡིས་བྱིས་པའི་རྣ་བ་དང་མཁལ་མར་གནོད་པ་ཆེན་པོ་བྱེད་ངེས་ཡིན།
   གསུམ་པ། སྨན་བཀོལ་སྤྱོད་བྱེད་སྐབས་གཟབ་ནན་དང་བདེ་འཇགས། བྱིས་པའི་བདེ་ཐང་བཅས་ལ་དོ་སྣང་གང་ལེགས་བྱེད་དགོས།
   བཞི་བ། བོད་སྨན་བསྟེན་ན་བཟི་ཡོད་པའི་སྨན་རིགས་གང་བྱུང་དུ་གཏོང་མི་རུང་ལ། རབ་ཡིན་ན་བྱིས་པ་ཆུང་ངུའི་དུས་སུ་བཟི་ཡོད་པའི་སྨན་རིགས་མི་གཏོང་བ་དང་། གལ་ཏེ་གཏོང་དགོས་པ་བྱུང་ཚེ་ལོ་ཚོད་ལྟར་སྨན་ཐུན་ཆུང་ངུའི་རིགས་སྨན་པའི་ངག་བཀོད་ལྟར་གཏོང་བ་ལས་གང་བྱུང་དུ་གཏོང་མི་རུང་། 
   ལྔ་བ། རྒྱལ་ཁབ་འཕྲོད་བསྟེན་སྡེ་ཁག་གིས་ནད་གཞི་སྔོན་འགོག་གི་འགོག་སྨན་རྣམས་དུས་ཐོག་ཏུ་རྒྱག་དགོས་པ་དང་། དེ་ཡང་པགས་ནད་གླང་ཤུའི་རིགས་སོགས་བྱུང་ཚེ་ནད་གཞི་དྲགས་སྐྱེད་བྱུང་རྗེས་འགོག་སྨན་བརྒྱབ་ན་འགྲིག་ལ། དེ་མིན་བྱིས་པའི་ལུས་དྲོད་ཏུའུ་སོ་བདུན་དང་གྲངས་ཆུང་ལྔའི་ཡན་ལ་བུད་པ་དང་། སྙིང་དང་མཆིན་པ། མཁལ་མ། གློ་ནད་སོགས་ནད་གཞི་ཚབས་ཆེན་ཡོད་པའི་བྱིས་པར་འགོག་སྨན་རྒྱག་མི་རུང་བ་དང་། འཚོ་བཅུད་ཞན་པ་དང་། ད་རྒན་གྱི་ནད། འགོག་སྨན་མི་འཕྲོད་པའི་སྣང་ཚུལ་མངོན་ཤུགས་ཆེ་བའི་རིགས་ལའང་འགོག་སྨན་རྒྱག་མི་རུང་ཞིང་། ཉིན་རེར་ཁོག་པ་ཐེངས་བཞིའི་ཡན་བཤལ་བའི་བྱིས་པར་འགོག་སྨན་གྱི་རིལ་བུ་མངར་མོ་བླུད་ཀྱང་བཤང་བ་དང་མཉམ་དུ་ཕྱིར་ཐོན་ནས་ནུས་པ་ཐོན་མི་སྲིད།

བྱིས་པར་ཡ་རབས་གཤིས་བཟང་གི་སློབ་གསོ་གཏོང་སྟངས།
   དང་པོ་བྱིས་པའི་དུས་ནི་མི་རྒན་པར་ལད་ཟློས་བྱེད་རྒྱུར་དགའ་ཞིང་། ལད་ཟློས་དེ་དག་ནི་དོན་དུ་བྱིས་པ་དེའི་གཤིས་རྒྱུད་ཡ་རབས་དང་མ་རབས་ཀྱི་ཕྱོགས་གཉིས་སུ་འགྱུར་ལྡོག་འབྱུང་བའི་གནད་དོན་གལ་ཆེན་ཞིག་ཡིན། སྤྱང་ཀིའི་རྒྱུད་ལ་སྤྱང་ཀི་དང་། རྐུན་མའི་རྒྱུད་ལ་རྐུན་མ་ཞེས་པའི་དམངས་ཁྲོད་ཀྱི་གཏམ་དཔེ་ལྟར་ཕ་མ་ཡ་རབས་སྤྱོད་བཟང་ཡིན་ན་བུ་ཕྲུག་ཀྱང་ཡ་རབས་སྤྱོད་བཟང་ཡིན་པ་དང་། ཕ་མ་མ་རབས་ཁྲེལ་མེད་ཡིན་ན་བུ་ཕྲུག་ཀྱང་མ་རབས་སྤྱོད་ངན་ཅན་དུ་འགྱུར་བ་མཐོང་ཆོས་སུ་གྱུར་ཡོད། དེར་བརྟེན་ཕ་མས་བྱིས་པའི་མདུན་དུ་མི་གཞན་ལ་རོགས་རམ་བྱེད་པ་དང་། མགྲོན་ལ་སྣེ་ལེན་བྱེད་པ། ཡ་རབས་ཀྱི་གཏམ་བརྗོད་གང་མང་བརྗོད་རྒྱུ་དེ་བྱིས་པའི་གཤིས་རྒྱུད་ཡ་རབས་བཟང་པོ་ཆགས་པར་ཕན་པ་ཆེན་པོ་ཐོན་གྱིན་ཡོད་ལ། ལྷག་པར་དུ་བྱིས་པའི་མདུན་དུ་ཁ་རྩོད་ཚིག་རྩོད་དང་། མི་གཞན་ལ་ངན་སྨྲས་བྱེད་པ། རང་ཁེ་གཞན་ཕམ་གྱི་ཇུས་ངན་འདིང་བ་སོགས་རྩ་བ་ནས་བྱ་མི་རུང་བ་དང་། ཐ་ན་བྱིས་པར་རྩེད་མོའི་སྒོ་ནས་བརྙད་བརྐོ་བ་དང་། ངན་སྨྲས། མགོ་གཡོག་མགོ་སྐོར། ཁ་རྩོད་ཚིག་རྩོད་སོགས་རྩ་བ་ནས་མི་བྱེད་པར་ཡ་རབས་དྲང་བདེན་དང་། གཡོ་ཟོལ་ལྷད་མེད། ཁ་དན་ཚིག་གནས་བཅས་རྣམ་འགྱུར་དང་བྱ་སྤྱོད་གང་མང་སྟོན་རྒྱུ་ནི་བྱིས་པ་དེའི་ཕྱིས་འབྱུང་སེམས་རྒྱུད་ལྷད་མེད་སྤྱོད་བཟང་ཆགས་རྒྱུར་ཕན་པ་ཆེན་པོ་ལྡན་པ་ཡིན།
   གཉིས་པ་བྱིས་པའི་དུས་ནི་བཟང་ངན་གང་ཡང་གོམས་གཤིས་འཇགས་སླ་བས་བྱིས་པས་མི་གཞན་ལ་ངན་སྨྲས་ཚིག་རྩུབ་བཤད་པ་དང་། རྐུ་བྱེད་པ། བྱིས་པ་གཞན་དང་ཁ་རྩོད་རྒྱག་རེས་བྱེད་པའི་སྐབས་སུ། གཏུམ་སྤྱོད་དྲག་གཏམ་གྱིས་མི་འདུལ་བར་གནས་ལུགས་དང་རྒྱུ་མཚན་སྣ་ཚོགས་ཀྱི་གསལ་བཤད་བྱས་ཏེ། ངན་བྱས་ཀྱི་འབྲས་བུ་རང་ལ་འཁོར་བ་དང་། བཟང་བྱས་ཀྱི་འབྲས་བུ་རང་ལ་འཁོར་བའི་གོ་བསྐོན་བློ་འགུག་དང་། ཡིད་སེམས་འགུལ་བའི་དཔེ་སྟོན་སྣ་ཚོགས་ལ་བརྟེན་ནས་སློབ་གསོ་གཅུན་འདོམ་བྱས་ནས་ཆུང་དུས་མ་རབས་སྤྱོད་ངན་གྱི་རིགས་ལ་གོམས་འདྲིས་མི་འཇགས་པ་བྱེད་དགོས། 
 མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཕྲིན་སྟེགས་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1