༄༅།། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ་བྱུང་བའི་རྒྱུ་དང་རྐྱེན་གྱི་སྐོར་ལ་ཅུང་ཟད་དཔྱད་པ།

པདྨ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-20


པདྨ་རྒྱལ།
           མགུར་མ་ཞེས་པའི་རྩོམ་ལུས་འདི་གྲུབ་ནས་ལོ་ངོ་སྟོང་ཕྲག་མང་པོ་ཞིག་འདས་པ་ཡིན་མོད།  འོན་ཀྱང་མགུར་མ་ལ་ཞིབ་འཇུག་མཛད་མཁན་རྣམས་ཀྱིས་མགུར་མའི་བསམ་བློའི་ནང་དོན་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཁྱད་ཆོས་སོགས་ལ་ཞིབ་འཇུག་མཛད་པ་ལས་མགུར་མ་བྱུང་བའི་རྒྱུ་རྐྱེན་གྱི་སྐོར་ལ་ཞིབ་འཇུག་མཛད་པ་ཧ་ཅང་ཉུང་།  སྒོས་སུ་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་ཁོང་གི་མགུར་མའི་སྐོར་ལ་དཔྱད་པ་བཏང་ཡོད་པའི་དཔྱད་རྩོམ་རེ་འགའ་ཞིག་ཡོད་པ་དེ་དག་གི་ནང་དུ་ཡང་ཁོང་གི་མགུར་མ་བྱུང་བའི་རྒྱུ་རྐྱེན་སྐོར་ལ་དཔྱད་པ་བཏང་ཡོད་པ་ཞིག་མཐོང་ལམ་དུ་མ་གྱུར་པས།   ཕྲན་ཆུང་ངས་ཞབས་དཀར་པའི་མགུར་མ་བྱུང་བའི་རྒྱུ་རྐྱེན་སྐོར་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་པ་རོབ་ཙམ་གཏོང་ཁུལ་བྱས་ན་གཤམ་གསལ་ལྟར།
དང་པོ།  མགུར་མ་བྱུང་བའི་རྒྱུ་བཤད་པ།
           ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་མ་བྱུང་བའི་རྒྱུའི་སྐོར་ལ།  སྐད་ངག་བདེ་མོ་ཞིག་ཡོད་པ་དང་།  ཉམས་རྟོགས་ཀྱི་ཀློང་བརྡོལ་བ།  ཀུན་ལ་འདྲིས་ཆེ་ཞིང་རྩེ་མཚར་ལ་དགའ་བའི་རང་གཤིས་བཅས་རིགས་གསུམ་གྱི་སྒོ་ནས་གླེང་བར་བྱའོ།
           གཅིག  སྐད་ངག་བདེ་མོ་ཞིག་ཡོད་པ།
           བོད་ཀྱི་མགུར་མའི་ཁྱད་ཆོས་ལ་བལྟས་ན། མགུར་མ་ཞེས་པ་ནི《རྒྱ་བོད་ཚིག་མཛོད་ཆེན་མོ》རུ་“དབྱངས་སུ་གྱེར་ཆོག་པའི་ཆོས་ཕྱོགས་ཀྱི་གླུ་ཚིག་བྱེ་བྲག་པ་ཞིག“① ཡིན་ཞེས་གསུངས་པ་དང་། 《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང》དུ་“མགུར་ནི་དབྱངས་རྟ་སྙན་པོ་ལ་དྲངས་ཏེ།  འགྱུར་ཁུག་ལྡན་པའི་ཚུལ་གྱིས་མགུར་ཚིག་རྣམས་གསལ་པོར་འདོན་ཐུབ”② ཞེས་གསུངས་པ་དང་།  རྒྱ་ཡེ་བཀྲ་བྷོས་བརྩམས་པའི《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཡིག》ནང་དུ་ཡང“མགུར་མ་ལ་ངག་སྙན་མོས་མགུར་རྟ་ངེས་ཅན་རེར་དྲངས་ཏེ་བླངས་ཆོག་པའི་ཁྱད་ཆོས་ཡོད་པས། དེ་ནི་སྔར་བཞིན་མང་ཚོགས་རྣམས་ཧ་ཅང་དགའ་བའི་རྩོམ་ལུས་ཤིག་རེད”③ ཅེས་གསུངས་པ་སོགས་ལ་གཞིགས་ན།  དབྱངས་རྟ་ངེས་ཅན་ཞིག་ལ་དྲངས་དགོས་པ་དེ་ནི་མགུརགླུ་རང་ངོས་ཀྱི་རྩ་བའི་ཁྱད་ཆོས་ཤིག་ཡིན་པས།    སྔོན་གྱི་དུས་སུ་ཡང་རྗེ་སྒྲ་བསྒྱུར་མར་པས་ཐུགས་ཧ་ཅང་མཉེས་པའི་དུས་སུ་མགུར་ཆེན་བཅོ་བརྒྱད་ཀྱི་ཐོག་མ“དབྱངས་རིང་ཏམ་བུ་རའི་ཁོངས་རྒྱུད་ཀྱི་སྐད”དང“ལྟ་བ་ཁྱུང་ཆེན་གྱི་གཤོག་རྒྱངས་ལྡིང་བའི་སྐད”ལ་དྲངས་ཏེ་མགུར་བཞེངས་པ་དང་།  ཐུགས་སྐྱོ་བའི་དུས་སུ“བུང་བ་རྒྱང་རིང་དུ་འཕུར་འགྲོ་བའི་སྒྲ”ལ་དྲངས་ཏེ་བཞེངས་པ་དང་།  ཡང་ཐུགས་སྐྱོ་བ་ལས་སངས་པར་བྱེད་པ་ལ“ཆོས་སྐྱོང་ཤུགས་གླུའི་སྐད”དང“ཆུ་ལྕག་ཟིལ་བ་ཅན་གྱི་སྐད”ལ་དྲངས་ཏེ་མགུར་བཞེངས་པ་སོགས་མགུར་རྟ་སྣ་ཚོགས་ཤིག་བྱུང་ཡོད་པར་བཤད་པ་དང་།   ཡབ་རྗེ་སྐལ་ལྡན་རྒྱ་མཚོ་ལ་མཚོན་ན་ཡང“ཁེར་སྐུལ་རིང་ཐུང་གཉིས།  ཉིས་སྐུལ་རྣམ་པ་དྲུག   སུམ་སྐུལ།  བཞི་སྐུལ་རིང་ཐུང་གཉིས།   ལྔ་སྐུལ།  དུང་དཀར་འབྲུག་གྲགས་མ་དང་གཟུངས(རྫོང)དཀར།  ལྷ་ས།  རྔོག་ལངས།  ཕ་རྒོད་བཅས་ཁྱོན་སྡོམས་མགུར་རྟ་བཅོ་བརྒྱད་བྱུང་ཡོད”④ ཞེས་གསུངས་པ་སོགས་ལ་གཞིགས་ན།  མགུར་གླུ་ནི་དབྱངས་རྟ་ངེས་ཅན་ཞིག་དྲངས་དགོས་པ་མ་ཟད།  མགུར་རྟ་ལ་མཚན་བྱང་སོགས་ཀྱང་ཡོད་པ་གཏན་འཁེལ་བྱས་ཐུབ། དེ་བས་མགུར་གླུ་རྩོམ་མཁན་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་ཉིད་ལ་མཚོན་ན་ཡང་།  སྐད་ངག་བདེ་མོ་ཞིག་མེད་ན་མགུར་གླུ་རྩོམ་དཀའ་ལ།  གལ་སྲིད་རྩོམ་པའི་དབང་དུ་བཏང་ན་ཡང་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱིས་དགའ་བསུ་ལེགས་པོ་ཞིག་མི་ཐོབ་པར་སྙམ།  དཔེར་ན།  རྗེ་བཙུན་མི་ལ་ལྟ་བུ་ལ་མཚོན་ན་ཡང་ལྷན་སྐྱེས་ཀྱི་སྐད་སྙན་མོ་ཞིག་ཡོད་པས་ཁོང་གི་གསུང་མགུར་མཐའ་དག་གངས་ཅན་འཛིན་མའི་ཁྱོན་ཀུན་ལ་ཁྱབ་ཡོད་པ་མ་ཟད།  “གསུང་སྙན་མོ་རྗེ་བཙུན་མགུར་མ”ཞེས་པའི་བཤད་སྲོལ་བྱུང་།  དེ་བས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་ལ་ཡང་སྐད་ངག་སྙན་མོ་ཞིག་མེད་ན་མགུར་གླུ་དེ་འདྲ་མང་པོ་ཞིག་བཞེངས་མི་ནུས་པར་འདོད།  ཡང་ཁོང་གི་མགུར་གླུའི་ཁྲོད་དུ་སྐལ་ལྡན་མགུར་མའི་ཚིག་རིས་དང་མཐུན་པར་སྦྱར་པའི་མགུར་མི་ཉུང་བ་ཞིག་ཡོད་ལ།  དེ་དག་གི་ཁྱད་ཆོས་ལ་བལྟས་ན་ ཡང་རྗེ་ཁོང་ཉིད་མགུར་གླུ་རྩོམ་པའི་སྐབས་སུ་མགུར་རྟའམ་མགུར་དབྱངས་ངེས་ཅན་ཞིག་ལ་དྲངས་ནས་བཞེངས་པ་ཤེས་ཐུབ།  དཔེར་ན།   “འོ་འོ་མངོན་མཐོའི་བདེ་འདོད་བྱིས་པ། །ཨའུ་དགེ་བཅུའི་ཕ་མར་འགྲོ་དུས།  །ཁོ་རེ་མགུར་དབྱངས་མཚར་གཏམ་ཤོད་དང་།   །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ   །ཡ་ཡི་ཡ་ཡི།  །འོ་འོ་ངེས་འབྱུང་ཐག་རིང་གི་མགྲོན་པོ།  །ཨའུ་ བསླབ་གསུམ་གྲོང་ཁྱེར་སྙེག་དུས།   །ཁོ་རེ་མགུར་དབྱངས་ལམ་གླུ་ལོངས་དང་།   །ཧེ་ཧེ་བློ་བདེ་དཔལ་ཡིན་ཨེ་གོ  །ཡ་ཡི་ཡ་ཡི།  ། ”ཞེས་པ་དང་།   “ཨའོ་འ་འུར་འདུ་འཛི་སྤོང་ལ།   །ཁོ་རེ་ཨ་ཏི་རྫོགས་ཆེན་སྒོམས་ཤིག  །ཨོ་ལགས་སོ།  །ཨེ་ཡ་ཡ།   །ཨའོ་ཤ་རྐྱང་རི་དྭགས་གནས་པའི།   །ཁོ་རེ་ས་ཕྱོགསདབེན་པར་སོང་དང་།   །ཨོ་ལགས་སོ།  །ཨེ་ཡ་ཡ།”ཞེས་པའི་དཔེ་མཚོན་འདི་གཉིས་ལ་མཚོན་ན་ཡང་།  དེའི་ནང་གི་“འོ་འོ”དང“ཨའུ”།  “ཧེ་ཧེ”།  “ཡ་ཡི་ཡ་ཡི་”།  “ཨོ་ལགས་སོ”།  “ཨེ་ཡ་ཡ”སོགས་ཚིག་རྐང་དེ་དག་གི་ཁྲོད་དུ་མ་སྦྱར་ཀྱང་དོན་ལ་འགལ་སྐྱོན་གང་ཡང་མེད་པས་དེ་དག་ནི་མགུར་གླུའི་དབྱངས་རྟ་འདྲེན་བྱེད་ཙམ་ཡིན་ངེས།  གལ་སྲིད་ཞབས་དཀར་ཁོང་ཉིད་ལ་སྐད་ངག་བདེ་མོ་ཞིག་མེད་ཚེ།  མགུར་རྟ་དེ་རྣམས་འདྲེན་མི་ཐུབ་པ་ཟད།  མགུར་གླུའི་གྲངས་ཚད་ཀྱང་དེང་གི་འདི་ལྟ་བུ་ཞིག་འབྱུང་མི་ཐུབ་པར་སྙམ།  གོང་གསལ་གྱི་བྱངས་རྟ་འདྲེན་བྱེད་དེ་ལྟ་བུ་ཨ་མདོ་བས་དེང་སང་ཡང་གླུ་དང་རྩེད་རིག(གླུའི་རིགས་ཀྱི་དབྱེ་བ་ཅིག)སོགས་ལེན་པའི་སྐབས་སུ་རྒྱུན་འབྱམས་སུ་བེད་སྤྱོད་གཏོང་བཞིན་ཡོད་དེ།  དཔེར་ན།   “གོ་ལང་གིས་ལང”དང་“ཨ་རྩེད”།  “འབྲོང་ལོ་རྩེད”།  “ཨའུ་ཡེ”།  “ན་ཟླ་ཚོ”།  “ཡ་ཡི་ཡེ”།  “ཡེ་ཡེ”།  “ལྡོང་ལ་རེས་ལེན”།  “མ་ཡ་རེ་གོ་ལང”།   “ཞང་ལ་གཡང་ལ་མོ”།   “རྡུང་གི་ལ་ལ”ཞེས་པ་སོགས་ཧ་ཅང་མང་པོ་ཡོད།     འདི་དག་ནི་དམངས་གླུའི་དབྱངས་རྟ་འགུག་བྱེད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་ལས། བརྗོད་བྱའི་དོན་གྱི་བསྟན་དོན་ལ་ངན་ཤུགས་གང་ཡང་མེད།
           གཞན་ཡང་།  ཞབས་དཀར་པས་མགུར་གསུང་པའི་རྣམ་པ་ལྟར་བཞེངས་ཡོད་པའི་སྐུ་འདྲ་དེ་ཡང་དེང་གི་ཨ་མདོ་བས་གླུ་ལེན་པའི་རྣམ་པ་དེ་དང་ཧ་ཅང་འདྲ་ཆེན་པོ་ཡོད་པ་སྟེ།  དམངས་ཁྲོད་དུ་གླུ་ལེན་མཁན་གྱིས་ལག་པ་གཅིག་གིས་རང་གི་འགྲམ་པ་བསྐྱོར་ཞོར་དུ་གླུ་ལེན་པ་དང་།    ཞབས་དཀར་པས་ལག་པ་གཅིག་གིས་རང་གི་འགྲམ་པ་བསྐྱོར་ནས་མགུར་གསུང་པ་དེ་གཉིས་ནི་ཧ་ཅང་འདྲ།  དེ་བས་ང་ཚོས་ཁོང་གི་སྐུ་འདྲ་དེའི་རྣམ་པ་ལ་བལྟས་ན་ཡང་ཁོང་ལ་སྐད་ངག་བདེ་མོ་ཡོད་ངེས་པ་ཤེས་ཐུབ།  ཡིན་ན་ཡང་།  ལ་ལ་ཞིག་གིས་ཁོང་གི་སྐུ་འདྲ་དེ་ནི་ཕྱི་རབས་པས་ཁོང་ལ་རྗེས་དྲན་བྱེད་ཆེད་དམངས་ཁྲོད་གླུ་བས་གླུ་ལེན་པའི་རྣམ་པ་ལྟར་བཞེངས་པའམ་རྗེ་བཙུན་མི་ལས་མགུར་གསུང་པའི་ཐང་ཀ་དང་སྐུ་བརྙན་སོགས་ལ་དཔེ་བལྟས་ནས་བཞེངས་པ་ཡིན་ཤོས་ཆེ་ཞེས་བརྗོད་སྲིད་མོད།  འོན་ཀྱང་སྐུ་འདྲ་དེ་ནི་དེ་ལྟར་མ་ཡིན་ཏེ།  ཁོང་གི་རྣམ་ཐར་དུ་དེ་ནི་ཁོང་ཉིད་བལ་ཡུལ་དུ་བཞུགས་དུས་བལ་ཡུལ་གྱི་བཟོ་བོ་མཁས་ཅན་ཞིག་གིས་ཁོང་གི་མགུར་བཞེངས་པའི་རྣམ་པ་བལྟས་ནས་བཞེངས་ཚུལ་གསལ་པོར་བཀོད་ཡོད་པ་ལྟ་བུའོ།  །
           ཁོང་ལ་སྐད་ངག་བདེ་མོ་ཞིག་ཡོད་པ་ང་ཚོས་རིགས་པས་སྒྲུབ་ཐུབ་ལ།  ཁོང་གི《རང་རྣམ》གྱི་ཁྲོད་དུ་ཡང་“མགྲིན་པ་ལོངས་སྤྱོད་རྩ་ཁ་ཕྱེས། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། ། ” ⑤ ཅེས་དང་།  “འབད་རྩོལ་ཅུང་ཟད་མ་བྱས་ཀྱང་།།ངའི་མགྲིན་པ་གླུ་ཡི་གཏེར་ཁ་བརྡུལ། ། ”⑥ ཞེས་པ་སོགས་ལས་ཀྱང་ཁོང་ནི་ཉམས་རྟོགས་ཀྱི་ཡོན་ཏན་ཁོང་ནས་བརྡོལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་པ་དང་། མགུར་གསུང་དུས་སྐད་ངག་བདེ་་པོ་ཞིག་ཡོད་པ་རྟོགས་ཐུབ།
           གཞན་ཡང་ཞབས་དཀར་པ་ཁོང་ཉིད་ནི་སྐུ་ན་ཆུང་དུས་ནས་བཟུང་ཆོས་སོགས་ཀློག་པའི་སྐབས་སུ་སྐད་ངག་བདེ་མོ་ཞིག་ཡོད་པ་སྟེ།   དཔེར་ན།  དམ་པ་ཁོང་ཉིད་ཀྱི་《རང་རྣམ》དུ“ལོ་བཅུ་གཅིག་ཐོག་ནས་གསང་སྔགས་སྔ་འགྱུར་ལ་མི་ཕྱེད་པའི་དད་པ་དང་དམ་ཚིག་གཙང་བའི་ཞོ་འོང་ལ་ཁའི་སྔགས་མང་གི་ཆོས་ཐོག་གི་གྲལ་ཏུ་ཞུགས་ནས།  ཆོ་ག་རྣམས་སྒྲ་དག་པོ་བྱས་ནས་བཏོན་པའི་ཚེ།  སྔགས་འཆང་རྒན་པ་ཕལ་ཆེར་ཐུགས་བཪྙེས་ནས།  སྔགས་ཕྲུག་འདི་འདོན་མཁན་ཞིག་རེད། ཚེ་རིང་བཀྲ་ཤིས་ཟེར་བ་བྱུང་།  ”⑦ཞེས་པ་དང་། ཁོང་གི《རང་རྣམ》ཀྱི་ཁྲོད་དུ་ཡང་“རབ་ཏུ་དགའ་བའི་ཤུགས་ཀྱིས་གླུ་འདི་བླངས”ཞེས་པ་དང་།  “དབེན་པའི་རི་ནས་གླུ་ལེན”ཞེས་པ།   “ལེགས་བཤད་ཀྱི་གླུ་དབྱངས་འཐེན”ཞེས་སོགས་གསུང་པའི་ཚིག་དུམ་འདིའི་རིགས་མང་པོ་ཞིག་ཐོན་ཡོད་པ་དང་།  ཚིག་དུམ་འདི་དག་གི་ནང་དུ་བྱ་ཚིག“བླངས”དང“ལེན”།  “འཐེན”ཞེས་སྦྱར་ཡོད་ལ།   བྱ་ཚིག་དེ་དག་གི་དོན་ནི།   བླངས་ཞེས་པ་ལ་ཚིག་མཛོད་དུ་དོན་དྲུག་ལ་འཇུག་པ་དང་། དེ་དག་ལས་དོན་གཅིག་ནི“གླུ་ཚིག་དབྱངས་ལ་གྱེར་བ་སྟེ།  གླུ་བླངས།  གླུ་ལོངས་ཤིག་ལྟ་བུའོ། ”⑧ ཞེས་འགྲེལ་པ་བརྒྱབ་ཡོད་པ་དང་།  ལེན་ཞེས་པ“བླང་གི་ད་ལྟ་བ”⑨ ཞེས་པ་ལྟ་བུ།  འཐེན་ཞེས་པ་ལ་ཚིག་མཛོད་དུ་དོན་དྲུག་ཙམ་ཡོད་པ་དང་།  དོན་གཅིག་ནི“དབྱངས་སུ་གྱེར་བ་སྟེ།  གཞས་འཐེན།  སྙན་ངག་དབྱངས་ལ་འཐེན་ལྟ་བུ”⑩ ཞེས་འགྲེལ་པ་བརྒྱབ་ཡོད་པ་སོགས་ལ་གཞིགས་ན་ཡང་།   ཞབས་དཀར་པ་ཁོང་གིས་སྙན་མོ་ངག་གི་དབྱངས་རྟ་ངེས་ཅན་ཞིག་ལ་དྲངས་ ནས་མགུར་དེ་རྣམས་བཞེངས་པ་ཤེས་ཐུབ་རྐྱེན།  ཀུན་དགའི་དཔྱད་རྩོམ《དུས་རབས་བཅུ་གཅིག་པའི་ནང་དུ་བྱོན་པའི་བོད་ཀྱི་རྣལ་འབྱོར་བ་མི་ལ་རས་པ་ལ་དཔྱད་པ》ཞེས་པའི་ནང་དུ“སྟོད་དབུས་གཙང་ནས་བྱོན་པའི་རྒོད་ཚང་དགོནཔོ་རྡོ་རྗེ་དང་། སྨད་མདོ་ཁམས་ནས་བྱོན་པའི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ།  ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་མགུར་སོགས་ཀྱང་།  རྗེ་བཙུན་མི་ལའི་མགུར་བཞིན་བཞེངས་པ་པོ་རང་ཉིད་གྲེ་བ་བདེ་བའི་རྐྱེན་གྱིས་བྱུང་བ་མ་གཏོགས་ཨུ་ཚུགས་ནན་བཙུར་གྱིས་བྱུང་བ་མིན།  ” 11ཞེས་གསུངས་པ་དང་།  དེ་ནི་མ་བརྟག་མ་དཔྱད་པའི་འཆལ་གཏམ་ལྟ་བུ་ཞིག་མིན་པ་ཡང་ང་ཚོས་ཤེས་ནུས།
གཉིས།  ཉམས་རྟོགས་ཀྱི་ཀློང་བརྡོལ་བ།
           དེ་ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་ལ་སྐད་ངག་བདེ་མོ་ཞིག་ཡོད་པ་ཙམ་གྱིས་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་ཀྱང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གྲགས་ཆེ་བའི་མགུར་གླུ་དེ་རྣམས་བཞེངས་ཐུབ་པ་ཡིན་ནམ་ཞེ་ན།  དེ་འདྲ་ཡང་མ་ཡིན་སྟེ།  ཁོང་ནི་སྐུ་ན་ཆུང་དུས་ནས་དམ་པའི་ཆོས་ལ་དགའ་ཞེན་ཆེ་བ་མ་ཟད།  མི་ཚེ་ཧྲིལ་པོར་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མར་བསྟེན་ནས་ཐོས་བསམ་སྒོམ་གསུམ་ལ་གཞོལ་སྟབས།   ཁོང་གི་མགུར་དེ་རྣམས་ནི་ཁོང་གི《རང་རྣམ》དུ“མགྲིན་པ་ལོངས་སྤྱོད་རྩ་ཁ་ཕྱེས། །རྡོ་རྗེའི་གླུ་ལ་ཐོགས་པ་མེད། །”12ཞེས་གསུངས་པ་བཞིན་ཉམས་རྟོགས་ཀྱི་ཀློང་བརྡོལ་བ་ལས་བྱུང་བ་ཞིག་ཡིན་ཕྱིར།  ཁོང་ནི་ཉམས་རྟོགས་ཀྱི་ཀློང་བརྡོལ་བའི་རྣལ་འབྱོར་བ་ཆེན་པོ་ཞིག་ཡིན་ཞེས་ཀྱང་བརྗོད་ཆོག
           ཞབས་དཀར་པ་ཁོང་ཉིད་སྐུ་ན་ཆུང་དུས་སུ“ངའི་ཨ་མའི་སྤུན་ཨ་ལྕེ་ཞིག་གི་བུ་གནམ་ལྷ་ཟེར་བ་དེ་ལ།  ངའི་ཨ་མའི་ཕ་རྒད་པོ་ངག་དབང་གིས་ཡི་གེ་སློབ་པའི་ཕྱི་རྒྱབ་ཐག་ཉེ་སར་བསྡད་ནས་བལྟས་པས།  དཀའ་ཚེགས་མེད་པར་ངས་ཡི་གེ་ཤེས་པ་བྱུང་། ཁོས་ཡུན་རིང་མ་ཤེས་ཚེ།  གནམ་ལྷ་བྱམས་ལ་ཁྱོད་ཀྱིས་བསླབས་ཀྱང་མི་ཤེས། ཚ་བོ་ཆུང་ཆུང་འདི་ལ་མ་བསླབས་ ཀྱང་ཤེས་པར་འདུག ཁྱོད་ལ་ཅི་བྱུང་ཟེར་ནས་མང་པོ་བསྡིགས་པར་གདའ།  ང་ལ་འདི་རིག་ཡག་ཅིག་རེད་ཟེར་ནས་གང་བྱམས་བྱམས་བྱས་བྱུང”13ཟེར་བ་བཞིན་ཁོང་ནི་རིག་པ་ཧ་ཅང་རྣོ་བའི་བྱིས་པ་ཞིག་ཡིན་པ་ཟད།  རྫུན་དང་ཚིག་རྩུབ་མི་སྨྲ་ཞིང་མི་དགེ་བའི་རྩེད་མོའི་རིགས་ཙམ་ཡང་གཏན་ནས་མི་བྱེད་པར་ཆོས་འདོན་པ་དང་།  མ་ཎི་པད་དབྱངས་འཐེན་པ།  རྔ་བརྡུང་རོལ་མོ་དཀྲོལ་བ་སོགས་ཆོས་དང་མཐུན་པའི་རྩེད་མོ་སྣ་ཚོགས་ལ་ཧ་ཅང་དགའ་བ།  རང་བཞིན་གྱིས་རྒྱུད་དྲང་ཞིང་བསམ་པ་བཟང་ལ་རྩེད་གྲོགས་ལ་བྱམས་པ། ཟན་ཅིག་ཟ་ན་ཡང་གཞན་ལ་བགོས་ནས་སྟེར་བ་ཞིག་ཡིན་ཚུལ་དང་། སྲོག་གཅོད་སོགས་སྡིག་པའི་ལས་ལ་མི་དགའ་བ་བཅས་ཁོང་གི་རང་རྣམ་ལས་གསལ་པོར་རྟོགས་ཐུབ་པ་དང་།  དེ་དག་ལ་གཞིགས་ན་དམ་པ་ཁོང་ཉིད་ནི་སྐུ་ན་ཆུང་དུས་ནས་རིག་པ་རྣོ་ཞིང་དམ་པའི་ཆོས་ལ་དགའ་ཞེན་ཆེ་བ་ཙམ་དུ་མ་ཟད།  ཐུབ་པའི་ཆོས་ལ་ཞུགས་འདོད་ཀྱི་ཀུན་སློང་གཙང་མ་ཞིག་ཡོད་པའང་ཤེས་ཐུབ།  དེ་བས་དམ་པ་ཁོང་ཉིད་ལ་མཚོན་ན།  རབ་བྱུང་མ་སྒྲུབ་པའི་སྔོན་ནས་བཟུང་རང་གི་ཁྱིམ་ཚང་དང་ཁོར་ཡུག་གིས་ཁོང་ལ་སངས་རྒྱས་བསྟན་པར་ཞུགས་པའི་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད་དེ།  དཔེར་ན།  གོང་གི་ས་བཅད་དང་པོའི་ནང་བཤད་པ་བཞིན་དམ་པ་ཁོང་ཉིད་དགུང་ལོ་དྲུག་ལ་སོན་དུས།  ཁོང་ཚང་གི་དཔོན་དེས་མདོ་མཛངས་བླུན་ཞིག་ཁྱེར་འོངས་ནས་སྐྱེ་བོ་ཕོ་མོ་མང་ཚོགས་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་པ་ལ་ཁོང་གིས་ཀྱང་ཉན་པས།  དེ་ནི་ཁོང་གི་ཐུགས་རྒྱུད་ལ་སྡིག་སྤོང་དགེ་སྒྲུབ་བྱེད་པའི་ཐོག་མའི་མྱུ་གུ་འཁྲུངས་པ་དང་།  དགུང་ལོ་བཅུ་བདུན་སྟེང་ཆུ་དམར་གྱི་དགེ་འདུན་བཀྲ་ཤིས་རྒྱ་མཚོ་ལ་ཆོས་འབྲེལ་གྱི་ཐོག་མ་ཞུས་པ་དང་།   དེ་ནས་གཡའ་མ་བཀྲ་ཤིས་འཁྱིལ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཆོས་ཀྱི་གདམས་པ་གང་མང་བླངས།  འདི་དག་ནི་དམ་པ་ཁོང་ཉིད་རབ་བྱུང་མ་སྒྲུབ་པའི་ཡར་སྔོན་དུ་ཁོང་གིས་བསྟེན་པའི་བླ་མ་སོགས་ཡིན་ལ།  དེ་དུས་ནས་བཟུང་ཁོང་གིས་དམ་པའི་ཆོས་ལ་ཐོས་པ་རྒྱ་ཆེར་མཛད་པ་དང་།  དགུང་ལོ་ཉེར་གཅིག་སྟེང་ཨ་རིག་དགེ་བཤེས་ཆེན་མོའི་དྲུང་ནས་རབ་བྱུང་དང་བསྙེན་རྫོགས་སྒྲུབ་པ་རེད།  དེའི་རྗེས་སུ་སྐྱེས་ཆེན་དམ་པ་ཁོང་གིས་རྩ་བའི་བླ་མ་ཆིང་ཝང་ཆོས་རྒྱལ་ངག་དབང་ཞབས་པད་ལ་གཏུག་ནས་ལོ་ལྔའི་རིང་ལ་མདོ་སྔགས་ཀྱི་ཆོས་གཞུང་མང་པོར་ཐོས་པ་རྒྱ་ཆེར་མཛད་པས་མཁས་པའི་གོ་འཕང་ཐོབ་པ་མ་ཟད།  མཚོ་སྙིང་མ་ཧཱ་དེ་ཝ་དང་རྨ་ཆེན་སྤོམ་ར།  བྲག་དཀར་སྤྲེལ་རྫོང་།  དབུས་གཙང།  ཙཱ་རི།  གངས་ཏི་སེ།  མི་ལའི་འཁྲུངས་ཡུལ་སྐྱ་རྔ་རྩྭ།  སྐྱིད་གྲོང་།  བལ་ཡུལ།  འབྲོག་ལ་ཕྱི་སོགས་ལ་སྒྲུབ་པ་ཉམས་ལེན་ལ་གཞོལ་བས།  ཉམས་རྟོགས་ཀྱི་ཡོན་ཏན་གོང་ནས་གོང་ཏུ་འཕེལ་ཏེ།  ཉམས་མགུར་མང་པོ་བརྩམས་གནང་གྲུབ་པ་རེད།  དེ་མིན་ཁོང་གིས་ཡུལ་ཕྱོགས་ཀུན་ལ་སྒྲུབ་པ་ཉམས་ལེན་ལ་འགྲོ་ཞོར་དུ་ཡང་ཡུལ་དེ་དག་གི་སྐྱེས་ཆེན་དམ་པ་སོགས་དང་ཆོས་འབྲེལ་ཞུས་ནས་རང་རྒྱུད་ཀྱི་ཉམས་རྟོགས་གོང་འཕེལ་དུ་བཏང་ཡོད་པ་སྟེ།    དཔེར་ན།  པཎ་ཆེན་སྐུ་ཕྲེང་བདུན་པ་བློ་བཟང་བསྟན་པའི་ཉི་མ་དང་དགའ་ལྡན་གསེར་ཁྲི་ངག་དབང་སྙན་གྲགས་རིན་པོ་ཆེ། གྲུབ་པའི་དབང་ཕྱུག་ཆེན་པོ་མཁར་རྡོ་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེ། དེ་མོ་རིན་པོ་ཆེ། རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང།  ཁྲི་བྱང་ཆུབ་ཆོས་འཕེལ།  སྨིན་གྲོལ་གླིང་གདུང་བ་རིན་པོ་ཆེ། རྒྱལ་བ་ཀརྨ་པ། འཇམ་དབྱངས་བཞད་པའི་སྤྲུལ་སྐུ།  སྐལ་བཟང་མཁས་གྲུབ་རིན་པོ་ཆེ།  ཆུ་དབར་མཁན་ཆེན་ཡོན་ཏན་ལྷུན་གྲུབ་རིན་པོ་ཆེ། སྡེ་པ་བཀྲ་ཤིས་བདེ་ལྡན་པ།  རྒྱལ་བ་འབྲི་གུང་པ་ཡབ་སྲས།  རྒྱལ་བ་ཚུལ་ཁྲིམས་རྒྱ་མཚོ་སོགས་བླ་མ་བརྒྱ་ཕྲག་མང་པོ་དང་མཇལ་ནས་ཆོས་འབྲེལ་ཞུས་པ་མ་ཟད། ལུང་  ཀྱང་མང་པོ་ཐོབ་པ་རེད།  དེ་བས་ཞབས་དཀར་པ་ཁོང་གི་ཞལ་ནས་ཀྱང“དང་པོ་མཚན་ལྡན་བླ་མ་བརྒྱ་ཕྲག་བསྟེན།  །མདོ་རྒྱུད་མན་ངག་གདམས་པ་མང་པོ་ཐོབ།   །བར་ཏུ་རི་ཁྲོད་དབེན་པ་བརྒྱ་ཕྲག་འགྲིམས།  །གང་ཤེས་ཉམས་ལེན་བྱས་ནས་རང་རྒྱུད་བཏུལ།  །ཐ་མ་ཕྱོགས་མེད་རྒྱལ་ཁམས་བརྒྱ་ཕྲག་ཉུལ།  །ལྟོ་གོས་ཆོས་གསུམ་བྱིན་ནས་འགྲོ་དོན་བྱས”ཞེས་གསུངས་པ་དང་།  མགུར་ཚིགའདི་ནི་ཁོང་གིས་རང་གི་སྐུ་ཚེ་ཧྲིལ་པོའི་མཛད་པ་མཐའ་དག་ལ་ཕྱོགས་སྡོམ་བྱས་པ་ཞིག་ཡིན་ལ།  དེ་ལས་བླ་མ་མང་པོ་བསྟེན་ནས་ཉམས་རྟོགས་ཀྱི་ཀློང་བརྡོལ་བའང་མངོན་ལྐོག་གང་རུང་ནས་ཤེས་ཐུབ་ལ། ཁོང་གིས་བཞེངས་པའི་མགུར་གླུ་དེ་རྣམས་ཀྱང་འཇིག་རྟེན་འཁོར་བའི་ཟང་ཟིང་གི་ལས་མཐའ་དག་ལ་ངེས་འབྱུང་སྐྱེས་པ་དང་ཞེན་པ་ལོག་ནས་ནང་དུ་ཉམས་རྟོགས་སྐྱེས་པ་རྣམས་གླུ་རུ་ལེན་པ་ཤ་སྟག་ཡིན།  ཡང་དཔེར་ན།  ཁོང་གི་མགུར་འབུམ་ཁྲོད་དུ“མ་འདོད་མ་འདོད་བུ་མ་འདོད།  །མ་གསོ་མ་གསོ་བུ་མ་གསོ།  །སྤོང་ན་རང་སྐྱེས་དགྲ་བོ་སྤོངས།  །གསོ་ན་རིག་པའི་ཁྱེའུ་གསོ།  །བསྟེན་ན་དགེ་བའི་བཤེས་གཉེན་སྟེན།  །འགྲོགས་ན་ཆོས་མཛད་གྲོགས་དང་འགྲོགས།  །འདུག་ན་དབེན་པའི་རི་ལ་སྡོད།  །བྱེད་ན་དམ་པའི་ལྷ་ཆོས་གྱིས།  །སྒྲོལ་ན་འཁོར་བའི་ཕ་རོལ་སྒྲོལ།  །བསྙེག་ན་རྒྱལ་བ་གོ་འཕང་སྙོགས”ཞེས་པ་དང་།  “གྲོང་ཡུལ་ན་སྡུག་བསྔལ་མཚོ་ཆེན་བརྡོལ།  །དགོན་ན་ཡང་ཆགས་སྡང་ཆུ་མིག་བརྡོལ།  །དུས་དེང་སང་རི་ཁྲོད་འགྲིམས་ན་སྐྱིད།  །བདག་དབེན་པའི་དགའ་ཚལ་ཉམས་དགའ་བསྙེག”ཞེས་གསུངས་པ་དང་།  མགུར་ཚན་འདི་གཉིས་ནི་ཞབས་དཀར་རང་གིས་རང་ལ་བསྐུལ་བའི་མགུར་མ་ལས་ཚན་པ་ཐུང་ངུ་ཞིག་ཡིན་པ་དང་།  འདིའི་ནང་དུ་འཁོར་བའི་ཉེས་དམིགས་བརྗོད་དེ་དམ་པའི་ལྷ་ཆོས་ལ་གཞོལ་དགོས་པ་ལེགས་པོར་བསྟན་ཡོད་ལ།  ཞོར་ནས་དམ་པ་ཁོང་ཉིད་ནི་འཇིག་རྟེན་འཁོར་བ་ལ་ངེས་འབྱུང་  སྐྱེས་ཏེ་ཉམས་རྟོགས་སྐྱེས་པ་རྣམས་གླུ་རུ་ལེན་པའང་ཤེས་ཐུབ།  གཞན་ཡང་ཁོང་གི་མགུར་གླུའི་ཁྲོད“ཉམས་རྟོགས་ཡོན་ཏན་ཟླ་ལྟར་རྒྱས”ཞེས་པ་དང་།  “ཐ་མ་དབེན་པར་ཉམས་སུ་བླངས།  །ད་ལྟ་ཉམས་རྟོགས་ཐུགས་ལ་འཁྲུངས”ཞེས་པ་སོགས་ལས་ཀྱང་གསལ་པོར་རྟོགས་ཐུབ།
           ཡང་ཁ་ཅིག་གིས་ཞབས་དཀར་པའི“རབ་མཛེས་མེ་ཏོག་ཁོར་ཡུག་ན།  །ལུས་མཛེས་བུང་བ་གླུ་དབྱངས་ལེན།  །ཕང་ཕུང་གཡོ་བའི་ལྗོན་ཤིང་གིས།  །ཤག་ཤོག་འདབ་སྒྲ་མང་པོ་སྒྲོག །སྤུ་རིགས་མི་གཅིག་བྱེའུ་ཡིས།   །སྐད་རིགས་མི་འདྲ་མང་པོ་བསྒྱུར།   །དྲི་བཞོན་དལ་བུས་ལངས་པའི་ཚེ།   །དྲི་མེད་མཚོ་ལ་རི་མོ་འཆར།   །ཆུ་གཙང་མཚོ་ལ་གནས་བཅས་པའི།  །ཆུ་བྱ་མང་པོས་སྐད་སྙན་སྒྲོག  །ཟས་ཀྱི་རྗེས་འབྲང་གསེར་མིག་ཉས།  །ལུས་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན།  །ཕྱི་རྐུན་མི་དང་ཁྱི་གཉིས་མེད།   །ནང་རྐུན་བྱི་བའི་མིང་ཡང་མེད།   །ཧ་སྡུག་སྡོམ་དང་སྦྲུལ་ལ་སོགས།   །མི་འདོད་ཉེར་འཚེའི་མིང་ཡང་མེད།   །   གཡང་ཅན་མཚོ་ཡི་ཕྱི་རོལ་ན།   །དད་ཅན་འབྱོར་ལྡན་ཡོན་བདག་མང”ཞེས་པའི་མཚོ་སྙིང་མ་ཧཱ་དེ་ཝའི་གནས་བསྟོད་ཀྱི་མགུར་འདི་དང་།  “རྩེ་གཞུང་དབེན་པའི་རི་ཁྲོད་ཀྱི།   །སྟེང་ན་སྦྲང་ཆར་སི་ལི་ལི།   །རྒོད་པོ་མང་པོ་ལྷོ་བྱང་འགྲིམས།   །བར་ན་འཇའ་ཚོན་ཡ་ལ་ལ།   །ཅོ་ག་མ་བུས་གཤོག་རྩལ་སྦྱོང་།   །འོག་ན་རྩེ་ཆུ་གྱ་མ་གྱུ།   །ངང་བས་མགྲིན་པ་འཁྱོགས་ནས་བལྟ།   །རྒྱབ་རིའི་རྩེ་མོ་མཁའ་ལ་སྙེགས།   །ལོགས་ལ་རི་དྭགས་རྩེད་བྲོ་བརྡུངས།   །མདུན་རི་སྤང་ལ་བྲག་གིས་སྤྲས།   །ཁུ་བྱུག་སྐད་ཀྱིས་ཡིད་རྩ་སྐྱོ།   །གཡས་གཡོན་སྤང་གཤོངས་མེ་ཏོག་བཀྲ  །རྐང་དྲུག་མང་པོ་གར་སྟབས་བྱེད།   །སྟོད་སྨད་ཡོན་བདག་དད་ལྡན་གྱི།   །ཕྱུགས་ལུག་མང་པོས་ས་གཞི་ཁེབས།  །དེ་དག་སྐྱོངས་བྱེད་ན་ཆུང་རྣམས།   །གླུ་གར་རྩེད་འཇོ་སྣ་ཚོགས་སྟོན”ཞེས་པའི་རྩེ་གཞུང་དབེན་པའི་གནས་བསྟོད་ཀྱི་མགུར་སོགས་རང་བྱུང་ཁམས་ཀྱི་ཕྱིའི་སྣོད་ཀྱི་འཇིག་རྟེན་ཞིབ་འབྲི་བྱས་པའི་འདི་དག་གིས་ཉམས་རྟོགས་ཀྱི་ཡོན་ཏན་གང་ཞིག་མཚོན་ཐུབ་བམ།  ཞེས་དྲི་བ་འཕེན་སྲིད་མོད།  འོན་ཀྱང་ཞབས་དཀར་པའི་ཉམས་རྟོགས་འདི་འདྲ་ཞིག་བསྟན་ཡོད་ཞེས་ཁ་ཚོན་བཅད་ནས་བཤད་དཀའ་བ་ཞིག་ཡིན་ན་ཡང་།     མགུར་གླུའི་ཁྲོད་དུ་རང་བྱུང་ཁོར་ཡུག་གི་མཛེས་པ་སོགས་ཞིབ་འབྲི་བྱས་པ་དེས་མགུར་གླུའི་རྩོམ་རིག་གི་རང་བཞིན་་ཆེས་ཆེར་མངོན་ཞིང་།  མགུར་གླུའི་མི་རིགས་ཀྱི་རང་བཞིན་ཡང་གོང་འཕེལ་བཏང་ཡོད།  དེ་ཡང་ཅིའི་ཕྱིར་ཞེ་ན།  བོད་ཀྱི་    མགུར་གླུའི་ཁྲོད་ཀྱི་ཁོར་ཡུག་ཞིབ་འབྲི་བྱས་པ་འདི་དག་ནི་རྒྱ་ནག་གི་རི་ཆུའི་སྙན་རྩོམ་གྱི་རྩོམ་པ་པོ་ནང་བཞིན་གྲང་ཤུར་ཤུར་དང་སྐྱོ་ལྷང་ལྷིང་།  ཁེར་རྐྱང་གི་རྣམ་པ་སོགས་མཚོན་པ་མ་ཡིན་པ་དང་།  ནུབ་ཕྱོགས་པའི་ཆོས་ལུགས་པ་དང་འདྲ་བར་ཕྱིའི་ཁོར་ཡུག་ལ་སྡུག་སྣང་སྐྱེས་པ་ཞིག་ཀྱང་མ་ཡིན་པར་རང་གི་ཉམས་རྟོགས་ཀྱི་མཚོན་བྱེད་ཅིག་ལ་ངོས་འཛིན་བྱ་འོས་པར་འདོད།  དེ་ལ་གུང་ཐང་བསྟན་པའི་སྒྲོན་མེས་ཀྱང“གོ་ན་འཇིག་རྟེན་གྱི་སྣང་བ།  །ཀུན་ཀྱང་བློ་སྦྱོང་དུ་ཤར་ཡོང”14ཞེས་གསུངས་པ་བཞིན་གང་སྣང་དཔེ་ཆར་ཤར་ཚུལ་བརྗོད་པ་ཡིན་པས་གོ་རྒྱུ་ཆེན་པོ་འདུག་སྙམ།  ཡང་རྒྱའི《སྒྱུ་རྩལ་གྱི་རྩ་བའི་གནད་དོན》ཞེས་པ་རུ་ཡང“ཚིག་ལ་བལྟས་ན་ཡུལ་ལྗོངས་ཁོ་ན་བྲིས་པའི་རྩོམ་ཡིན་ན་ཡང་།  རྩོམ་མཁན་གྱིས་ཡུལ་ལྗོངས་ཀྱི་མཐོང་སྣང་ལ་བརྟེན་ནས།  ཡིད་ཀྱི་ཉམས་སྣང་ཅི་རིགས་དང་།  ཕྱི་རོལ་ཡུལ་ནས་ཚུར་སྣང་བའི་སེམས་ཀྱི་ཚོར་བ་སྟོན་པར་བྱེད”15 ཅེས་གསུངས་པ་ལས་ཀྱང་གནད་དོན་དེ་ཉིད་གསལ་པོར་བསྟན་འདུག དཔེར་ན།  གནས་བསྟོད་མགུར་གླུ་དེ་དག་གི་ནང་དུ“ཁ་ཡར་ལ་འཁོར་ནས་ཡར་ལ་བལྟས།  །ཡ་གི་སྤྲིན་མེད་ནམ་མཁའ་མཐོང་།  །མཐའ་བྲལ་ཆོས་དབྱིངས་ལྟ་བ་དྲན།   །མཐའ་དབུས་མེད་པའི་ཉམས་ཤིག་ཤར།  །ཕྱོགས་རིས་ལྟ་བ་བོར་ནས་ཐལ”ཞེས་གསུངས་ཡོད་པ་སོགས་ལ་གཞིགས་ན།  ཡུལ་ལྗོངས་འབྲི་བ་ནི་ཡུལ་ལྗོངས་འབྲི་བའི་དམིགས་ཡུལ་གཅིག་པུ་མ་ཡིན་པར།  ཡུལ་ལྗོངས་ལ་བརྟེན་ནས་རང་རྒྱུད་ལ་ཉམས་སྣང་ཀྱང་སྣ་ཚོགས་ཤིག་འཆར་བཞིན་ཡོད་པས།  དེ་དག་ཀྱང་ཉམས་རྟོགས་འཕེལ་བའི་མཚོན་རྟགས་གལ་ཆེན་ཞིག་རེད།   དེ་བས།  བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི《བོད་ཀྱི་ཉེ་རབས་རྩོམ་རིག་གི་སྤྱི་ཁོག་འཆར་བའི་མེ་ལོང》དུ“རྗེ་ཞབས་དཀར་པ་ཡང་བོད་གངས་ཅན་གྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་དང་མཚུངས་པར་གནས་ངེས་མེད་དུ་སྒྲུབ་པ་སྙིང་པོར་མཛད་པས་ཉམས་རྟོགས་ཀྱི་ཀློང་བརྡོལ་ཞིང་། མགྲིན་པའི་རྩ་མདུད་གྲོལ་བས་རྡོ་རྗེའི་གླུ་ལ་ཐོགས་པ་མེད་པས།  མགུར་གླུ་མཐའ་ཡས་པ་ཞིག་བཞེངས་ཡོད”16 ཞེས་གསུངས་པ་ནི་དོན་ལ་གནས་པ་ཞིག་ཡིན།
གསུམ།   ཀུན་ལ་འདྲིས་ཆེ་ཞིང་རྩེ་མཚར་ལ་དགའ་བའི་རང་གཤིས།
           བརྩམས་ཆོས་གང་ཞིག་ཡིན་ཀྱང་དེ་ནི་རྩོམ་པ་པོ་གང་དེའི་རང་གཤིས་དང་འབྲེལ་བ་དམ་པོ་ཡོད་པ་སྟེ།  དཔེར་ན།    འདིར་བརྗོད་པར་འདོད་པའི་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་ཉིད་ལ་མཚོན་ན།  ཁོང་གི《རང་རྣམ》གྱི་ནང་དུ“ཆོས་ཐོག་དང་།  ཆོས་ཉན་བྱེད་པའི་དུས་སུ་བྱིང་རྨུགས་གཉིད་གསུམ་སངས་བའི་ཕྱིར།  ངས་ངོ་མཚར་བའི་གཏམ་རྒྱུད་དང་ཀུ་རེ་སྣ་ཚོགས་བྱས་པས།  ཀུན་བཞད་བགད་དི་རི་རི་བྱེད་ཅིང་།   ལ་ལས་བསམ་བློ་གཏོང་བཞིན་ཡང་ཡང་རྒོད།     ངས་ཨེ་ཞེས་གཏམ་གྱི་འགོ་གླེང་དུས་ནས་ཕལ་ཆེར་རྒོད་ཅིང་།  སྔགས་རྒན་རྒན་པ་འགའ་རེས་ཇ་མཚམས་སུ་ཡང་ངག་    དབང་བཀྲ་ཤིས་ཀྱིས་ཀུ་རེ་ཞིག་ཤོད་ཟེར་སྤྲོ་སྤྲོ་བྱེད”17 ཞེས་པ་དང་།   “སྡེ་བ་ཀུན་འཚོགས་ཐོག་དང་།  སྟོན་མོ་སོགས་ཀྱི་སྟེང་ནས་སྐྱེ་བོ་ཕོ་མོ་ཀུན་དགའ་ཞིང་སྤྲོ་བ་འཕེལ་བའི་ཀུ་རེ་དང་རྩེད་མོ་སྣ་ཚོགས་པ་བྱས”18 ཞེས་གསུངས་པ་སོགས་ལས་རྗེ་འདི་ཉིད་ནི་སྐུ་ན་ཆུང་དུས་ནས་ཀུན་ལ་འདྲིས་ཆེ་བ་མ་ཟད།  རྩེ་མོའི་རིགས་ལ་ཧ་ཅང་དགའ་བ་མཚོན་ཐུབ། རྗེས་སུ་ཡང་ཁོང་ཉིད་ས་ཕྱོགས་གང་དུ་ཕྱིན་ཀྱང་འདུལ་བྱ་མང་པོས་ཕར་འགྲོ་དུས་སྐྱེལ་མ་དང་ཚུར་འོངས་དུས་བསུ་མ་བྱེད་མཁན་མང་པོ་བྱུང་པ་དེ་ཡང་།  ཁོང་ནི་ཀུན་ལ་འདྲིས་ཆེན་པོ་ཡོད་པ་མཚོན་ཐུབ་པ་དང་།  ཁོང་གིས་རང་གི་འདུལ་བྱ་དེ་རྣམས་ལ་རྩེ་མཚར་གྱི་ཚུལ་དུ་མགུར་གླུ་ཡང་བགྲངས་གིས་མི་ལངས་པ་ཞིག་བཞེངས་པ་རེད།  འདི་ནི་དམ་པ་ཁོང་ཉིད་ཀྱིས་མགུར་གླུ་དེ་འདྲ་མང་པོ་ཞིག་བཞེངས་པའི་རྒྱུ་གཙོ་བོ་ཞིག་རེད་སྙམ།
           དེ་ཡང་ཁོང་གི་མགུར་འབུམ་དང་རྣམ་ཐར་སོགས་སུ“ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཉིན་ཞིག་རང་ལ་ཀུ་རེ་དང་བཞད་གད་ཀྱི་ཚུལ་གྱིས་སྦྱར་བའོ”ཞེས་པ་དང་།  “རང་ལ་ཉིན་ཅིག་རྩེ་མཚར་དུ་སྦྱར”ཞེས་པ།  “ཀུ་རེའི་ཚུལ་དུ་ཚོགས་དྲུག་རང་གྲོལ་གྱིས་སྨྲས”ཞེས་པ་སོགས་མང་པོ་ཞིག་ཐོན་ཡོད་པ་སོགས་ལ་གཞིགས་ལ་ན་ཡང་ཁོང་གི་རང་གཤིས་དེ་ནི་མགུར་གླུ་བཞེངས་པའི་གྲོགས་བཟང་པོ་ཞིག་ཏུ་གྱུར་ཡོད་པའང་ཤེས་ཐུབ།
           གཤམ་དུ་ཀུ་རེའི་ཚུལ་དུ་བཞེངས་པའི་མགུར་གླུ་ཞིག་དཔེ་མཚོན་དུ་དྲངས་ན།  “རི་ཁྲོད་དབེན་པའི་དགའ་ཚལ་ན།།རྐང་དྲུག་གཞོན་ནུའི་གར་སྟབས་བསྒྱུར།།འདམ་སྐྱེས་ན་ཆུང་མཛེས་མ་ཡིས།  །མགུལ་དུ་འཁྱུད་ནས་འོ་བྱེད་ཅིང་།  །གཉིས་སྐྱེས་གཞོན་ནུ་མང་པོ་ཡིས།  །རབ་ཡུ་མཛེས་པའི་མགྲིན་པ་འཁྱོགས།  །ཕན་ཚུན་ཟུར་མིག་གཡོ་བཞིན་དུ།  །གཅིག་སྟེང་གཅིག་ཞོན་གར་གྱིས་རོལ།  །དེ་ཉིད་མཐོང་བས་རྣལ་འབྱོར་པ།  །ང་ཡང་འདོད་པ་རབ་ཏུ་སྐྱེས།  །ཆོས་དབྱིངས་ན་ཆུང་མཛེས་མ་ལ།  །གཉིས་སུ་མེད་པར་འཁྱུད་སོང་བས།  །བདེ་སྟོང་མི་རྟོག་བདེ་བས་རོས།  །ལུས་སེམས་གཏིང་ནས་མྱོས་པ་བྱུང་།  །ད་ནི་ལྷ་ཡི་བུ་མོ་ཞིག  །མཐོང་ཡང་སྡོད་པ་སྐྱས་མི་འགྱུར།   །འཇིག་རྟེན་བུ་མོར་འགྲོགས་པ་དེ།  །འཇིགས་ཤིང་བསླུ་བའི་སྙིང་པོ་མེད།  །གཏན་གྱི་བདེ་བ་སྟེར་མཛད་པའི།  །གཏན་གྲོགས་འདི་འདྲ་ཡོད་ན་ལེགས ”ཞེས་གསུངས་པ་འདི་ནི་རྗེ་ཁོང་ཉིད་རི་ཁྲོད་དབེན་པར་ཉམས་ལེན་ལ་གཞོལ་དུས།  མི་འགའ་རེས་རི་ཁྲོད་ན་འདོད་པ་སློང་བའི་ཡུལ་རྐྱེན་མེད་ པས་ཁྱེད་ལ་འདོད་ཆགས་སྐྱེ་རྒྱུ་མ་རེད་ཟེར་བའི་ལན་དུ།  ཁོང་གིས་རྐྱེན་མང་པོ་བྱུང་།  འདོད་པ་སྐྱེས་པ་མ་ཟད་སྤྱད་སོང་ཞེས་རྩེ་མཚར་གྱི་ཚུལ་དུ་བཞེངས་པའི་མགུར་ཞིག་ཡིན་པ་དང་།  འདི་ལྟ་བུ་ལ་ཀློག་པ་ཙམ་གྱིས་ཚིག་གི་འགྲོས་བདེ་ཞིང་།  ཁ་ལ་རྒྱུགས་སླ་བ།  འཚོ་བ་དངོས་ཀྱི་དྲི་བསུང་འཐུལ་ཞིང་གནད་ལ་འཁེལ་བས་རང་དབང་མེད་པར་འཛུམ་དགོད་ཁོང་  ནས་འཆོར་བར་བྱེད་ཅིང་མཚར་ཉམས་ཐུན་མོང་མ་ཡིན་པ་སྦྱིན་པར་བྱེད་པའི་སྒྱུ་རྩལ་གྱི་ཕན་ནུས་མངོན་སུམ་དུ་ཐོན་ཡོད།  སྤྱིར་ཡིན་ན་ཟབ་མོ་ཆོས་ཀྱི་གནས་ལུགས་དང་འཆར་ཡན་རིང་ལུགས་ཀྱི་འབྲི་ཐབས་ཟུང་དུ་སྦྲེལ་བའི་འབྲི་ཐབས་འདི་ལྟ་བུ་ནི་རྗེ་བཙུན་མི་ལ་སོགས་ཀྱི་རྩོམ་ཉམས་ཀྱི་རྒྱུན་བསྲིངས་པའི་རྨང་གཞིའི་ཐོག   ཨ་མདོའི་དམངས་གླུའི་རྩོམ་སྲོལ་གྱི་རྒྱུན་ བསྐྱངས་པ་ཞིག་ཡིན་མོད།  འོན་ཀྱང་འདི་དག་ལས་དམ་པ་ཁོང་གི་རང་གཤིས་དང་རྩོམ་གཤིས་གཞི་གཅིག་ཏུ་སྦྲེལ་ཡོད་པའང་ཤེས་ནུས།
གཉིས་པ།  མགུར་མ་བྱུང་བའི་རྐྱེན་བཤད་པ།
           དེ་ཡང་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་མགུར་བསམ་གྱིས་མི་ཁྱབ་པ་དེ་འདྲ་མང་པོ་བཞེངས་པའི་རྒྱུའི་སྐོར་གོང་དུ་བཤད་པ་དེ་ལྟར་ཡིན་པར་འདོད་ལ།  གཤམ་དུ་དམ་པ་ཁོང་ཉིད་ཀྱིས་མགུར་དེ་རྣམས་བཞེངས་པའི་རྐྱེན་གྱི་སྐོར་ལ་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྒྱུན་བསྐྱངས་པ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་བབ་ལ་གཞི་བཅོལ་བ་ཞེས་རིགས་གཉིས་ཀྱི་སྒོ་ནས་ཅུང་ཟད་གླེང་ཁུལ་བྱའོ། །
           གཅིག  སྐྱེས་ཆེན་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྒྱུན་བསྐྱངས་པ།
           རྗེ་བཙུན་མི་ལའི་ཞལ་ནས“སྐལ་ལྡན་དད་པ་ཅན་རྣམས་ལ།  །གདམས་ངག་གླུ་རུ་ལེན་པ་དེ།  །བྱ་རྒྱུ་མེད་པ་མ་ཡིན་ཏེ།  །རྒྱུད་པ་འདི་ཡི་ཕྱག་སྲོལ་ཡིན”19 ཞེས་གསུངས་པ་བཞིན།  རྗེ་བཙུན་མི་ལ་རས་པས་བླ་མ་མཻ་ཏྲི་བ་དང་པཎ་ཆེན་ན་རོ་བ།  མར་བ་ལོ་ཙཱ་བ་སོགས་ཀྱི་རྣམ་ཐར་གྱི་རྒྱུན་བསྐྱངས་ནས་སྲིད་པའི་ཁྱོན་འདིར་དོ་ཟླ་བྲལ་བའི་མགུར་གླུ་མི་ཉུང་བ་ཞིག་བཞེངས་པ་མ་ཟད།  རྗེས་འཇུག་པ་རྣམས་ཀྱི་མིག་དཔེ་བལྟ་ས་རུ་གྱུར་པ་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཀྱང་བརྗོད་བྱ་རྒྱ་ཆེ་ཞིང་རྗོད་བྱེད་ཀྱི་ཚིག་སྦྱོར་རྨད་དུ་བྱུང་བའི་མགུར་གླུ་དེ་རྣམས་བཞེངས་པའི་རྐྱེན་ཅིག་ནི་སྐྱེས་ ཆེན་གོང་མ་རྣམས་ཀྱི་ཕྱག་སྲོལ་ལམ་རྣམ་ཐར་གྱི་རྒྱུན་བསྐྱངས་པ་དེ་རེད་སྙམ།  དེ་ཡང་གང་ལགས་ཤེ་ན།  ཁོང་གི་མགུར་འབུམ་གྱི་སྟོད་ཆའི་གླེང་གཞིའི་ཁྲོད་དུ“འཛམ་བུའི་གླིང་གི་ཚེ་ལོ་བརྒྱ་བའི་དུས་སུ་དཔལ་ཀུན་ཏུ་བཟང་བོ་རྡོ་རྗེ་འཆང་སྐུར་བཞེངས་ཏེ།  གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།  དེ་ཉིད་ཐུན་མོང་གི་འདུལ་བྱ་ལ་ཤཱཀྱ་ཐུབ་པའི་སྐུར་བཞེངས་ཏེ།  རྒྱུ་མཚན་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཞི་བའི་དབྱིངས་སུ་མཉམ་པར་བཞག་པའི་ རྗེས་སུ་སངས་རྒྱས་ཀྱི་སྤྲུལ་བ་བླ་མ་དགེ་བའི་བཤེས་གཉེན་མཁས་ཤིང་གྲུབ་པ་བཪྙེས་པ་རྒྱ་གར་ཆུ་བོ་གང་གཱ་ཕན་ཆད་དུ་གྲུབ་ཐོབ་བརྒྱད་ཅུ་ལ་སོགས་དཔག་ཏུ་མེད་པ་བྱོན་པ་རྣམས་ཀྱིས་གདུལ་བྱའི་དོན་དུ་རྡོ་རྗེའི་མགུར་དཔག་ཏུ་མེད་པ་བཞེངས་ཤིང་།  ཁྱད་པར་ཏུ་དཔལ་ས་ར་ཧ་ཆེན་པོས་དོ་ཧ་རྡོ་རྗེའི་མགུར་མཛད་པ་དང་།  བོད་ཡུལ་གངས་ཅན་གྱི་ལྗོངས་འདིར་ཡང་།  བསྟན་པ་སྔ་དར་ཀྱི་དུས་ན།  བསམ་ཡས་མཆིམས་ཕུར་གྲུབ་ཆེན་ཉི་ཤུ་རྩ་ལྔ།  ལྷ་ས་དང་ཡེར་པར་གྲུབ་ཆེན་བརྒྱ་རྩ། ལྷོ་བྲག་མཁར་ཆུར་གྲུབ་ཆེན་ཉི་ཤུ་རྩ་གཅིག  དཔལ་ཆེན་ཆུ་བོ་རིར་གྲུབ་ཆེན་སུམ་ཅུ་སོ་ལྔ་སོགས་བྱོན་པ་རྣམས་ཀྱིས་རྡོ་རྗེའི་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་ལ།  བསྟན་པ་བར་དར་དང་ཕྱི་དར་གྱི་དུས་སུ་ཡང་བསྐྱེད་རྫོགས་ཟབ་མོའི་དོན་ལ་གྲུབ་པ་བཪྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་མར་པ་མི་ལ་རས་པ།  རས་ཆུང་རྡོ་རྗེ་གྲགས་པ།  དྭགས་པོ་གླིང་རས་པ།  འཁྲུལ་ཞིག་རྒྱ་རས་པ།  གྲུབ་ཆེན་མེ་ལོང་རྡོ་རྗེ།  ཀུན་མཁྱེན་ཀློང་ཆེན་རབ་འབྱམས།  རྒོད་ཚང་པ།  ཡང་དགོན་པ།  རྗེ་བཙུན་སྐལ་ལྡན་རྒྱ་མཚོ་ལ་སོགས་པ་རྣམས་ཀྱིས་རི་ཁྲོད་ཕྱོགས་མེད་འགྲིམས།  སྒྲུབ་པ་སྙིང་པོར་མཛད།   དཀའ་སྤྱད་དང་དུ་བླངས།  རང་དོན་མངོན་དུ་གྱུར་ནས་གཞན་དོན་དུ་རྡོ་རྗེའི་མགུར་བཞེངས་པ་བསམ་གྱིས་མི་ཁྱབ་ལ།  བདག་ཀྱང་མཁའ་ལྡིང་དབང་པོ་བགྲོད་པའི་ལྷ་ལམ་ཡངས་པར་བུང་བ་བགྲོད་པའི་རྩལ་སྟོབས་ཞན་ཡང་འཕུར་ལྡིང་གཡོ་ཞིང་དགའ་བའི་སྒྲ་དབྱངས་སྒྲོག་བཞིན་དུ།  གྲུབ་ཐོབ་གོང་མ་རྣམས་ལྟར་ཉམས་རྟོགས་ཡོན་ཏན་མེད་རུང་། རྣམ་ཐར་དྲི་མ་མེད་པའི་རྗེས་སུ་ཁ་མིག་ཡར་ཡར་བལྟས་ནས་དབེན་པར་སྒྲུབ་པ་གཞོལ་བཞིན་དུ་རང་གཞན་ཆོས་ལ་བསྐུལ་ཕྱིར་ལྷག་བསམ་རྣམ་པར་དག་པས་མགུར་དབྱངས་སྣ་ཚོགས་བླངས”20 ཞེས་གསུངས་པ་དང་།  འདིའི་ནང་དུ་མགུར་བཞེངས་པ་ནི་རྒྱ་གར་དང་བོད་ཀྱི་གྲུབ་པ་ཐོབ་པ་རྣམས་ཀྱི་ཕྱག་སྲོལ་ཡིན་པ་དང་དེ་དག་ཀྱང་རང་གི་རྗེས་འཇུག་གི་འདུལ་བྱ་རྣམས་ཀྱི་ཆེད་དུ་བཞེངས་པ་བསྟན་པ་མ་ཟད།  བོད་ལ་བསྟན་པ་སྔ་དར་དང་།  ཕྱི་དར་བཅས་ཀྱི་སྐབས་སུ་མགུར་བཞེངས་མཁན་གྱི་གྲུབ་ཐོབ་གང་དག་དང་ཅི་ཙམ་བྱུང་ཚུལ་སོགས་གསལ་པོར་བསྟན་ཡོད་ལ།  དམ་པ་ཁོང་ཉིད་ཀྱང་སྐྱེས་ཆེན་ དམ་པ་ཁོང་ཚོའི་དྲི་མ་མེད་པའི་རྣམ་ཐར་ཀྱི་རྗེས་སུ“ཁ་མིག་ཡར་ཡར་བལྟས་ནས”དབེན་པའི་རི་ལ་བསྡད་དེ་སྒྲུབ་པ་ཉམས་ལེན་ལ་གཞོལ་པ་དང་།  རང་གཞན་ཀུན་ལ་བསམ་པ་རྣམ་དག་གི་སྒོ་ནས་མགུར་བཞེངས་པའི་གནས་ཚུལ་རྣམས་གསལ་པོར་བཀོད་ཡོད་པ་འདི་ལས།  ཁོང་གི་མགུར་མ་བྱུང་བའི་རྐྱེན་ཅིག་ནི་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྗེས་འབྲངས་ནས་བྱུང་བ་ཡིན་པ་གསལ་པོར་ཤེས་ཐུབ།  དཔེར་ན།  ཁོང་གི་མགུར་གླུའི་ཁྲོད་དུ་ཡང་“རྐྱེན་ངན་པ་གཞན་དང་མ་འཕྲད་པས།  །སྡོམ་དམ་ཚིག་གཙང་མ་སྲུང་རྒྱུ་བྱུང་།  །ཚུལ་འདིས་ཀྱང་དབེན་པའི་དགའ་ཚལ་དུ།  །རྗེ་མི་ལའི་རྣམ་ཐར་སྐྱོང་སྙིང་འདོད ”21 ཅེས་པ་དང་།   “ཕྲན་ཀྱང་བླ་མ་མཆོག་གསུམ་ཐུགས་རྗེ་ལ།  །བརྟེན་ནས་ལུས་སེམས་ཤིན་ཏུ་བདེ་བའི་མོད།  །བྱ་རྒོད་ལད་མོ་བྱིའུས་བྱེད་པ་བཞིན།  །གོང་མའི་རྣམ་ཐར་རྗེས་སུ་འཇུག་བཞིན་མཆིས ”22ཞེས་གསུངས་པ་སོགས་ལས་ཀྱང་ཁོང་གིས་སྐྱེས་ཆེན་གོང་མའི་རྣམ་ཐར་གྱི་རྒྱུན་བསྐྱངས་པ་ཤེས་ཐུབ།  གལ་སྲིད་ཁོང་གིས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་གྱི་རྗེས་སུ་མ་འབྲང་པ་ཡིན་ན།  མགུར་མ་དེ་འདྲ་མང་པོ་ཞིག་བྱུང་མི་ཐུབ་པར་འདོད།  དེ་བས་ཁོང་གི་མགུར་མ་མི་ཉུང་བ་ཞིག་ལ་མི་ལ་རས་པའི་མགུར་མ་དང་གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་མགུར་མ་ སོགས་ཀྱི་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད་པ་རེད།
           གཉིས།  སྐབས་དེའི་སྤྱི་ཚོགས་གནས་བབ་ལ་གཞི་བཅོལ་པ།
           དེ་ཡང《རྩོམ་རིག་རྣམ་བཤད》དུ“རྩོམ་རིག་བརྩམས་ཆོས་གང་འདྲ་ཞིག་ཡིན་ཀྱང་དེ་དག་གི་འབྱུང་ཁུངས་ནི་སྤྱི་ཚོགས་འཚོ་བ་ཡིན”23ཞེས་གསུངས་པ་བཞིན་ངེད་ཅག་གིས་རྩོམ་རིག་བརྩམས་ཆོསགང་དེར་ཞིབ་འཇུག་བྱ་དུས་ངེས་པར་དུ་བརྩམས་ཆོས་དེ་ཉིད་བརྩམས་པའི་སྐབས་དེའི་སྤྱི་ཚོགས་གནས་བབ་ལ་ཞིབ་འཇུག་དང་རྒྱུས་ལོན་ལེགས་པོ་ཞིག་བྱ་དགོས་པ་ནི།  བརྩམས་ཆོས་གང་དེར་ཞིབ་འཇུག་བྱ་བའི་ཆེས་ཐོག་མའི་སྔོན་འགྲོའི་ཆ་རྐྱེན་ཡིན།  དེ་བས་གཤམ་དུ་ཞབས་དཀར་ཚོགས་དྲུག་རང་གྲོལ་ཁོང་འཚོ་བཞུགས་ཀྱི་དུས་སྐབས་དེ་སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ལ་ཁེལ་ཡོད་པ་བཅས་ལ་རྒྱུས་ལོན་ཅུད་ཟད་བྱེད་ན་གཤམ་གསལ་ལྟར།
           རྗེ་ཞབས་དཀར་བ་འདི་ཉིད་འཚོ་བཞུགས་ཀྱི་དུས་སྐབས་ནི་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ནས་དུས་རབས་བཅུ་དགུ་བའི་དུས་དཀྱིལ་བར་དུ་ཡིན་པ་དང་།  ཁོང་ནི་དུས་སྐབས་དེའི་ལོ་རྒྱུས་མི་སྣའི་ཁྲོད་དུ་སྙན་པའི་གྲགས་པ་ཆེས་ཆེར་རྒྱས་ཡོད་པའི་རྣལ་འབྱོར་བ་ཞིག་ཡིན།  ང་ཚོས་ཁོང་གི་མགུར་གླུར་ཞིབ་འཇུག་བྱེད་དུས་ངེས་པར་དུ་ཁོང་འཚོ་བཞུགས་བྱས་པའི་དུས་སྐབས་དེའི་གཡས་གཡོན་ཚང་མར་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ཞིག་སྟེ།  ལོ་རྒྱུས་ཀྱི་དབང་དུ་བྱས་ན་དུས་སྐབས་དེ་ནི་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་ཁ་ལོ་བསྒྱུར་བའི་དུས་ཡིན་པ་དང།  དུས་སྐབས་དེ་ནི་དཔེར་ན།  ཆབ་སྲིད་ཀྱི་ཐད་ལ་སོག་པོ་གོ་ཤི་ཧན་གྱིས་གཙང་པ་སྡེ་སྲིད་རྗེས་འབྲངས་དང་བཅས་ཡོངས་རྫོགས་ཆམ་ལ་ཕབ་སྟེ། བོད་ས་གནས་ཀྱི་སྲིད་དབང་ཡོངས་རྫོགས་རྒྱལ་དབང་སྐུ་ཕྲེང་ལྔ་པར་སྤྲད་པ་དང་། རྒྱལ་བ་སྐུ་ཕྲེང་དྲུག་པའི་སྐབས་སུ་ལྷ་བཟང་ཧན་དང་སྡེ་སྲིད་གཉིས་ཀྱི་བར་དུ་འགལ་བ་བྱུང་ནས་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་བྱུང་ནས་སྡེ་ སྲིད་ཕམ་པས།  ཇུན་གར་བས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་གསུམ་ཙམ་གྱི་རིང་དུ་བོད་ལ་དབང་བསྒྱུར་བྱས་པ།   གྲུབ་མཐའི་ཕྱོགས་ཞེན་ཏེ།  རང་མ་བ་དང་དགེ་ལུགས་པ་སོ་སོར་རང་རང་གི་དགའ་ཕྱོགས་འཁྱེར་ནས་ང་ལུམ་སྦྱར་གསུམ24 དང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་བར་ལ་འགལ་བ་བྱུང་ནས་དབུས་གཙང་སྡེ་གཟར་བྱུང་བ།  ཕོ་ལྷ་བའི་བུ་འགྱུར་མེད་རྣམ་རྒྱལ་གྱིས་སྲིད་དབང་བཟུང་དུས།  བོད་སྡོད་ཨམ་བན་དང་འགྱུར་མེད་རྣམ་རྒྱལ་གྱི་བར་དུ་འགལ་བ་བྱུང་པས།  ཨམ་བན་ཕུ་ཆེན་དང་ལབ་ཏུན་གཉིས་ཀྱིས་ཁོང་ཉིད་ཁྲོམ་གཟིགས་སྒང་དུ་གསོལ་སྟོན་ལ་བོས་ནས་གློ་བུར་དུ་བསད་པ།  ཆོས་ལུགས་མི་སྣ་འགའ་ཞིག་གིས་རང་ཉིད་ཀྱི་ཁེ་ཕན་དང་དབང་ཆ་སྲུང་སྐྱོབ་བྱེད་ཆེད་འབངས་མི་སེར་དང་མི་རིགས་སྤྱིའི་ལས་དབང་ལ་བསམ་གཞིག་མི་བྱེད་པར་དགོས་མེད་ཀྱི་དམག་འཁྲུག་བསླངས་པ་སྟེ།  1788ལོར། གོར་ཥའི་དམག་གིས་བོད་ལ་བཙན་འཛུལ་བྱས་ཏེ། བཀྲ་ཤིས་ལྷུན་པོ་དགོན་པ་སོགས་ལ་འཕྲོག་བཅོམ་བྱས་ནས། བོད་མི་དམངས་ལ་གྱོང་གུད་ཚད་མེད་བཟོས་པ།  1888ལོར་དང1904ལོར་ཏེ། ཐེངས་གཉིས་ལ་དབྱིན་བཙན་རྒྱལ་རིང་ལུགས་ཀྱིས་བོད་ལ་བཙན་འཛུལ་བྱས་པ་སོགས་དོན་ཆེན་མང་པོ་ཞིག་བྱུང་བ་མ་ཟད།  ས་གནས་ཁག་གི་འགོ་འདྲེན་རྣམས་ཀྱིས་ཀྱང་རང་གི་སྲིད་དབང་སྲ་བརྟན་དུ་གཏོང་བའམ། ཡང་ན་རང་ཉིད་ཀྱི་ཆེད་དུ་མི་དམངས་མང་ཚོགས་ལ་གཉའ་གནོན་དང་བཤུ་གཞོག་བྱས་པ་མ་ཟད།  ཁྲལ་འུ་ལག་ཚད་མེད་བསྡུས་ནས་རྒྱ་ཆེའི་མང་ཚོགས་སྡུག་བསྔལ་གྱི་མེ་འོབས་སུ་བསྐྱལ་པ་ལ་རྗེ་འདི་བའི་མགུར་གླུའི་ཁྲོད་“སྡེ་བའི་དཔོན་པོ་ངན་པ་ཡིས།   །རང་སྡེ་དགྲ་བཞིན་གནོད་འཚེ་བྱེད།   །ལྷག་པར་རྒྱུ་ནོམས་ཅན་ལ་སྡང་།   །ནམ་ཡང་མི་ཐུབ་པ་འགྱུ་བའི།   །ཁྲལ་དང་བུ་ལག་མང་པོ་འཇོག   །མི་ངན་ཐམས་ཅད་བློན་འཁོར་བྱེད།   །བཟང་བོ་རྣམས་ལ་བཀའ་བཀྱོན་གནང་།   །ཉེས་ཅན་ལག་ནས་རྒྱུ་ནོར་བླངས།    །ཉེས་མེད་མི་ལ་ཆད་པ་གཅོད།    །ཉེས་པ་ཅུང་ཟད་ཙམ་རེའི་ཕྱིར།   །ཁྱིམ་ཚང་ཉམ་ཐག་སྙོམ་ཆུང་གཏོང་།   །”ཞེས་པ་ལྟ་བུ་དང་།   སྡེ་འཁྲུག་དང་ཇག་རྐུན་མང་པོས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་པ་ཚབ་ཆེན་བཟོས་པ་རྗེ་དེའི་མགུར་གླུའི་ཁྲོད“རེབ་གོང་སྟོད་ཀྱི་ཇག་པ་རྐུན་མ་དང་།   །རེབ་གོང་སྨད་ཀྱི་འཐབ་རྩོད་ཐམས་ཅད་ཆོད། །རོང་པོའི་བསྐོར་མཐའི་འཕྲོག་བཅོམ་ཀུན་ཞི་ནས།།ད་ལྟའི་དུས་འདིར་ཡུལ་ལ་སྔར་མེད་ཀྱི། །བདེ་སྐྱིད་ཉི་མ་གསར་དུ་ཤར་བ་བྱུང་།།”ཞེས་པ་དང་“དེ་ནས་ཟླ་བ་བཞི་བའི་ནང་། །མགོ་ལོག་ཇག་པ་མི་འགའ་བྱུང་། །བྲོ་ཁའི་ཕྱེད་ཀ་ཁྱེར་ནས་སོང་།  །”ཞེས་པ།  “མི་རྣམས་ལས་ཉོན་གྱོད་འདྲེའི་དབང་དུ་སོང་།  །དམག་ས་འཁྲུག་བརྒྱབ་ནས་མི་རྟ་གསོད་མཁན་གྱི།  །རྒྱུད་ཀྱི་ཆགས་སྡང་གྱོད་འདྲེ་ཀུན་ཞི་ནས།  །ཕན་པ་བྱང་ཆུབ་སེམས་དང་ལྡན་པར་མཛོད།  །ཞི་བའི་སྒོ་ནས་མི་མཐུན་གྱོད་འདྲེ་རྣམས།  །དྲག་པོ་མངོན་སྤྱོད་སྒོ་ནས་མྱུར་དུ་སྒྲོལ།  །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ད་དྲོངས་ཤིག  །ཐུགས་དམ་གནད་ནས་བསྐུལ་ལོ་ཞི་ཁྲོའི་ཚོགས”ཅེས་གསུངས་པ་སོགས་ལས་གསལ་པོར་རྟོགས་ཐུབ།
           མདོར་ན།  རྗེ་འདི་ཉིད་འཚོ་བཞུགས་བྱེད་པའི་དུས་སྐབས་དེ་ནི་དུས་སྐབས་སྔོན་མ་རྣམས་དང་ཅུང་མི་འདྲ་བར་ཕྱོགས་གང་ཅིའི་ཐད་ལ་ཅུང་ཟད་འཕེལ་རྒྱས་སུ་ཕྱིན་ཡོད་མོད།  འོན་ཀྱང་དམངས་བདེ་ཞིང་སྐྱིད་པའི་དཔལ་ལ་རོལ་པའི་དུས་ཤིག་ཀྱང་མ་ཡིན།  སྐབས་དེར་ཡང་གྲུབ་མཐའི་རྩོད་པ་དང་སྲིད་དབང་འཕྲོག་རྩོད་བྱེད་པ།  སྡེ་འཁྲུག་མང་བ། ཇག་པ་དང་རྐུན་མ་མང་བ་བཅས་ཀྱི་དུས་ཞིག་ཡིན་པས། རྗེ་ཁོང་ཉིད་ཀྱིས་དེ་འདྲའི་སྤྱི་ཚོགས་ཀྱི་སྣང་ཚུལ་སྣ་ཚོགས་གཞི་བཅོལ་ནས་གོ་བདེ་ཞིང་རྣ་བར་སྙན་ལ། གོ་བསྐོན་ཡིད་འགུག་གི་ནུས་པ་ཆེས་ཆེར་ལྡན་པའི་མགུར་གླུ་དེ་རྣམས་གསུངས་པས། ཕྱི་རབས་པ་རྣམས་ལ་བག་ཆགས་ཟབ་མོ་ཞིག་བཞག་པ་མ་ཟད།  བོད་ཀྱི་མགུར་གླུའི་ལོ་རྒྱུས་སྟེང་མཛད་རྗེས་མི་དམན་པ་ཞིག་བཞག་ཡོད་ལ།  བོད་ཀྱི་རྩོམ་རིག་སྤྱིའི་ལོ་རྒྱུས་སྟེང་དུ་ཡང་འོད་སྟོང་རབ་ཏུ་འཕྲོ་བའི་ནོར་བུ་ཆེན་པོ་ཞིག་བསྐྲུན་ཡོད་པ་རེད།
          ལུང་ཁུངས།
          ༡ ཀྲང་དབྱི་སུན་གྱི《བོད་རྒྱ་ཚིག་མཛོད་ཆེན་མོ》 མི་རིགས་དཔེ་སྐྲུན་ཁང་གིས1993ལོར་བསྐྲུན།ལྕགས་པར་གྱི་ཤོག་ངོས473སྟེང་གསལ།
          ༢ གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་བརྩམས་པའི《རྩོམ་ལུས་ཞིབ་འཇུགདབྱངས་ཅན་ཞལ་ལུང》མི་རིགས་དཔེ་སྐྲུན་ཁང་།  2007ལོའིཟླ7པར་པེ་ཅིང་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས298སྟེང་གསལ།
          ༣ རྒྱ་ཡེ་བཀྲ་བྷོས་བརྩམས་པའི《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཐིག》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2005ལོའི་ཟླ5པར་དཔར་ཐེངས་དང་པོ་བརྒྱབ།  ཤོག་ངོས69སྟེང་གསལ།
          ༤ ཀྲུང་གོའི་བོད་རིག་པ། 2008ལོའི་དེབ་གཉིས་པའི་ནང་གི་རྩོམ་པ་པོ་ཤ་བོ་བསོད་ནམས་ཀྱི་དཔྱད་རྩོམ《ལོ་རྒྱུས་ རྒྱབ་ལྗོངས་དང་འབྲེལ་ཏེ་སྐལ་ལྡན་མགུར་མའི་སྒྱུ་རྩལ་མཚོན་ཐབས་ལ་དཔྱད་པ》   ཤོག་གྲངས82སྟེང་གསལ།
          ༥《ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ་པའི་ཤོག་ངོས550སྟེང་གསལ།
          ༦《ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས785སྟེང་གསལ།
          ༧ 《ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ། ཤོག་ངོས29སྟེང་གསལ།
          ༨ 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  19ལོའི་ཟླ6པར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས546སྟེང་གསལ།
          ༩ 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1979ལོའི་ཟླ6པར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས779སྟེང་གསལ།
          ༡༠ 《དག་ཡིག་གསར་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1979ལོའི་ཟླ6པར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས352སྟེང་གསལ།
          ༡༡ ཀུན་དགའི་དཔྱད་རྩོམ《དུས་རབས་བཅུ་གཅིག་པའི་ནང་དུ་བྱོནཔའི་བོད་ཀྱི་རྣལ་འབྱོར་བ་མི་ལ་རས་པ་ལ་དཔྱད་པ》 ཤོག་ངོས111སྟེང་གསལ།
          ༡༢《ཞབས་དཀར་པའི་རྣམ་ཐར》 སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ། ཤོག་ངོས550སྟེང་གསལ།
          ༡༣ ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས28སྟེང་གསལ།
          ༡༤ རྒྱ་ཡེ་བཀྲ་བྷོས་བརྩམས་པའི《བོད་ཀྱི་གནའ་རབས་རྩོམ་རིག་གི་རིགས་དང་ལུས་ཀྱི་རྣམ་གཞག་ཚངས་པའི་ཚད་ཐིག》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2005ལོའི་ཟླ5པར་དཔར་ཐེངས་དང་པོ་བརྒྱབ།  ཤོག་ངོས74སྟེང་གསལ།
          ༡༥ བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི《བོད་ཀྱི་ཉེ་རབས་རྩོམ་རིག་གི་སྤྱི་ཁོག་འཆར་བའི་མེ་ལོང》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2007ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས111སྟེང་གསལ།
          ༡༦   བསོད་ནམས་རྒྱལ་མཚན་གྱིས་བརྩམས་པའི《བོད་ཀྱི་ཉེ་རབས་རྩོམ་རིག་གི་སྤྱི་ཁོག་འཆར་བའི་མེ་ལོང》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2007ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས105ནས106སྟེང་གསལ།
          ༡༧  《ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས48 སྟེང་གསལ།
          ༡༩ རུས་པའི་རྒྱན་ཅན་གྱིས་བརྩམས་པའི《མི་ལ་རས་པའི་རྣམ་མགུར》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1999ལོའི་ཟླ5པར་པར་ཐེངས་གཉིས་པ་བརྒྱབ།  ཤོག་ངོས247སྟེང་གསལ།
          ༢༠  《ཞབས་དཀར་པའི་མགུར་འབུམ》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ་པའི་ཤོག་ངོས4ནས5སྟེང་གསལ།
          ༢༡  《ཞབས་དཀར་པའི་རྣམ་ཐར》སྟོད་ཆ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་དང་པོ་བརྒྱབ།  ཤོག་ངོས791 སྟེང་གསལ།
          ༢༢《ཞབས་དཀར་པའི་རྣམ་ཐར》སྟོད་ཆ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1985ལོའི་ཟླ1པོར་པར་ཐེངས་  དང་པོ་བརྒྱབ།  ཤོག་ངོས1049 སྟེང་གསལ།
          ༢༣ སྟོབས་རྒྱལ་གྱིས་བརྩམས་པའི《རྩོམ་རིག་རྣམ་བཤད》 མི་རིགས་དཔེ་སྐྲུན་ཁང་གིས2005ལོའི་ཟླ1པོར་པེ་ཅིང་དུ་པར་ཐེངས་དང་པོ་བརྒྱབ། ཤོག་ངོས24སྟེང་གསལ།
          ༢༤ ང་ལུམ་སྦྱར་གསུམ་ཞེས་པ་ནི་བཀའ་བློན་ཆེན་པོ་གསུམ་གྱི་མིང་ཡིན་པ་སྟེ། ང་ཕོད་པ་རྡོ་རྗེ་རྒྱལ་པོ།  གུང་ལུམ་པ་བཀྲ་ཤིས་རྒྱལ་པོ།  སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་ལ་ཟེར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1