2018ལོའི་ཛམ་བྷ་ལའི་དུས་སྟོན་འགོ་ཚུགས་པ།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-20


        ཟླ་བརྒྱད་པའི་ཛམ་བྷ་ལའི་ཐང་གི་ཞིང་འབྲོག་མང་ཚོགས་ཀྱི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཤིང་ལུས་ལ་སྐྱིད་པའི་ཉམས་ཀྱིས་ཕྱུག་འདུག ཡུལ་གྱི་དགེ་མཚན་མ་ལུས་རྫོགས་པའི་གནས་མཆོག་འདི་ན་མི་རྣམས་བློ་བདེ་སེམས་སྐྱིད་ཀྱིས་འཚོ་བ་རོལ་བ་དེ་ནི་བལྟས་པ་ཙམ་གྱིས་ཡིད་སྨོན་ཤོར་བ་ཞིག་རེད། 

        ཟླ་8པའི་ཚེས་16ཉིན་གྱི་དགོང་མོར། ཡིད་དབང་འཕྲོག་པའི་འཛམ་ཐང་། རབ་ཏུ་དགའ་བའི་མཚན་མོ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་2018ལོའི་ཛམ་བྷ་ལའི་དུས་སྟོན་གྱི་མེ་ཕུང་དགོང་ཚོགས་དེ་འཛམ་ཐང་རྫོང་གི་སྲིད་གཞུང་ཐང་ཆེན་དུ་དངོས་སུ་སྤེལ་མགོ་བརྩམས།

        བོད་མི་རང་གི་རྟེན་འབྲེལ་སྤེལ་ལུགས་ལྟར་དུ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་བསང་རླུང་རྟའི་ཀི་འབོད་དང་རྡོ་ཁོག་ཡུལ་ཚོའི་རི་ཁོག་སྡེ་བའི་རྒན་པོ་ཚེ་རང་ཐར་གྱིས་ཆང་མཆོད་འབུལ་བ་སོགས་བཀྲ་ཤིས་པའི་སྨོན་ཚིག་དང་ཁ་ལས་རླུང་རྟ་དར་བའི་རྟེན་འབྲེལ་ཐོག་མར་བསྒྲིགས་ཤིང་མགོ་ཚུགས་མཛད་སྒོར་དབུ་ཁྱུད་བྲིས་བྱུང་།

        དེ་ནས་འཛམ་ཐང་རྫོང་གི་ཡུལ་ཕྱོགས་སོ་སོ་ནས་ཐོན་པའི་རོང་འབྲོག་མང་ཚོགས་ཀྱིས་གྲ་སྒྲིག་བྱས་པའི་གླུ་དབྱངས་ཀྱིས་འཛམ་ཐང་བསུ་བ་དང་འཛམ་ཐང་ངག་གི་རོལ་དབྱངས།བརྩེ་བ་ཟབ་མོ། ང་འཛམ་ཐང་ལ་དགའ། ཞབས་བྲོ་སྐྱིད་པའི་སྐལ་བཟང་མེ་ཏོག སྤྲོ་སྐྱིད་ལྡན་པའི་རྩྭ་ཐང་། སྤང་ཐོག་རྡོ་བརྐོས། ཛམ་བྷ་ལའི་སྐོར་བྲོ་སོགས་དགའ་བའི་གླུ་དང་སྐྱིད་པའི་བྲོ་མང་པོ་རབ་དང་རིམ་པ་བཞིན་འཁྲབ་སྟོན་བྱས།

        མེ་ཕུང་དགོང་ཚོགས་ཀྱི་མཐའ་མཇུག་ཏུ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ལྟད་མོ་བ་དང་ཡུལ་མི་རྣམས་མཉམ་གཅིག་ཏུ་ཛམ་བྷ་ལའི་ཐང་དུ་འཛོམས་ཤིང་མི་ཚོགས་ཀྱི་རྒྱ་མཚོ་ཞིག་འཕྱུར་ཏེ། ལག་རྡང་སྦྲེལ་ནས་བཀྲ་ཤིས་པའི་སྐོར་བྲོ་འཁྲབ། མི་རྣམས་ཀྱིས་དབྱངས་རྟའི་འགྱུར་བག་དང་བསྟུན་ཏེ་ཡིད་དུ་འོང་པའི་གར་གྱི་སྟངས་སྟབས་ལས་ཛམ་བྷ་ལའི་སྐོར་བྲོའི་ཐུན་མིན་ཁྱད་ཆོས་མངོན་པར་བྱས་ཤིང་། བདེ་ལྕག་འཁྱུག་པའི་གོམ་སྟབས་ལས་ཛམ་བྷ་ལའི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་གྱི་ཡིད་ཆེས་ཀྱང་བསྟན་བྱུང་།
        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་ཛམ་བྷ་ལའི་དུས་སྟོན་ནི་ཚེས་16ནས་ཚེས་18ཉིན་བར་སྤེལ་རྒྱུ་རེད། མེ་ཕུང་དགོང་ཚོགས་དང་སྐོར་སྐྱོད་འཁྲབ་སྟོན། གཟེངས་བསྟོད་མཛད་སྒོ། གྲུབ་འབྲས་འགྲེམས་སྟོན། ཟློས་གར་འཁྲབ་སྟོན། རིག་རྩལ་འཁྲབ་སྟོན། རྟ་རྒྱུག་འགྲན་སྡུར། ལྟ་སྐོར་ཉམས་ཞིབ་བཅས་བྱ་འགུལ་རྣམ་པ་བརྒྱད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1