མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པས་ཀན་ལྷོ་ཁུལ་དུ་《སྲོང་བཙན་སྒམ་པོ》སྐོར་སྐྱོད་འཁྲབ་སྟོན་བྱས་པ།

བཀྲ་ཤིས་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-22


        (གསར་འགོད་པ་བཀྲ་ཤིས་ཚེ་རིང་།)ཟླ་8 པའི་21ཉིན་གྱི་དགོང་མོར། རྒྱལ་ཁབ་སྒྱུ་རྩལ་ཐེབས་རྩ་ལྷན་ཚོགས་ཀྱི་2018 ལོའི་ལོ་འཁོར་གྱི་རྒྱུད་སྒྲོག་སྤེལ་རེས་ཁྱབ་གདལ་རོགས་དངུལ་སྤྲོད་པའི་ལས་གཞི་སྟེ། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པས ( རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པ)འཁྲབ་སྦྱོང་ཞིབ་ཚགས་བྱས་པའི་བོད་ཀྱི་ཟློས་གར་སྲོང་བཙན་སྒམ་པོ་ཞེས་པ་དེ་ཀན་ལྷོའི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། དེ་ནི་ཟློས་གར་དེ་བླ་བྲང་ནས་མདོ་དབུས་ཁམས་གསུམ་གྱི་བོད་རིགས་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་བྱེད་འགོ་ཚུགས་པའི་གནས་གཉིས་པ་ཡིན། ཀན་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧྲི་ཀྲན་ལིའང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཡུང་ཧོང་། ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་ཏུང་ཡུང་ཤང་། ཁུལ་རིག་གནས་རྒྱང་བསྒྲགས་གསར་འགྱུར་པར་སྐྲུན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲའོ་ལིན་ཧུང་། གཞན་ཆེད་མཁས་དང་གཟིགས་མོ་བ་མི་1000ཡིས་འཁྲབ་སྟོན་ལ་བལྟས།
        ལོ་རྒྱུས་མཚོན་པའི་བོད་ཀྱི་ཟློས་གར་ཆེན་མོ་སྲོང་བཙན་སྒམ་པོ་ནི་རང་རྒྱལ་གྱི་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་སུ་དོན་སྙིང་ཁྱད་འཕགས་ལྡན་ཞིང་། ད་ལྟའི་རང་རྒྱལ་གྱི་འཆམ་མཐུན་སྤྱི་ཚོགས་སྐྲུན་པ་དང་དཔལ་འབྱོར་དང་རིག་གནས་དར་རྒྱས་གཏོང་བ། བོད་རིགས་ས་ཁུལ་གྱི་ཡུན་རིང་བདེ་འགོད་བཅས་སུ་དོན་སྙིང་གལ་ཆེན་ལྡན།
        ཟློས་གར་དེ་2016 ལོའི་ཟླ་4བར་མཚོ་སྔོན་ཟློས་གར་ཁང་དུ་ཐོག་མར་འཁྲབ་སྟོན་བྱས་པ་ནས་བཟུང་། ལོར་སྔ་རྗེས་སུ་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རིག་གནས་པུས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་གཞི་རིམ་གྱི་ཟློས་གར་ལྷན་འཛོམས་འཁྲབ་སྟོན་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཟློས་གར་འགྲེམ་འཁྲབ་ཏུ་ཞུགས་པ་དང་། 2016 ལོའི་ཟླ་9 བར་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་རིག་གནས་པུས་གཙོ་གཉེར་བྱས་པའི་སྐབས་ལྔ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་དུ། ཟློས་གར་འདི་ཉིད་ལ་འཁྲབ་ཚན་གྱི་གསེར་གྱི་བྱ་དགའ་དང་འཁྲབ་གཞུང་རྩོམ་པ་པོ་ལེགས་ཤོས་ཀྱི་བྱ་དགའ་ཐོབ། 2017 ལོའི་ཟླ་9 བར་ཀོང་ཞི་ནན་ཉིང་དུ་བསྐྱོད་དེ་ཀྲུང་གོ — ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཟློས་གར་གཟའ་འཁོར་གྱི་བྱེད་སྒོར་ཡང་ཞུགས་པ་རེད།
        བོད་ཀྱི་གར་སྟེགས་སུ་འཁྲབ་སྟོན་བྱེད་པའི་ཟློས་གར་ཆེན་མོ་སྲོང་བཙན་སྒམ་པོ་འདི་ཉིད་ཀྱིས་སྲོལ་རྒྱུན་གྱི་ཟློས་གར་དང་གཞས་གདངས། ཞབས་བྲོ་སོགས་འཁྲབ་སྟོན་བྱེད་པའི་རྣམ་པའི་ཐོག་ནས་བོད་མི་རིགས་ཀྱི་གནའ་བོའི་ཨ་ཅེ་ལྷ་མོ་དང་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་གར་སྟེགས་སྟེང་དུ་སྤོས་པས། བོད་རིགས་ཀྱི་སྲོལ་རྒྱུན་གླུ་གར་གྱི་ཁྱད་འཕགས་ཉམས་འགྱུར་མིག་གི་དགའ་སྟོན་དུ་བཀྲམ་སྟེ། རང་ཁུལ་བོད་ཀྱི་ཟློས་གར་རིག་གནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཉེ་འཁོར་བོད་རིགས་ས་ཁུལ་གྱི་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་ཀྱི་དགོས་མཁོ་སྐོང་བར་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་སྒྱུ་རྩལ་གྱི་རོལ་མྱོང་དུ་གྱུར་ཡོད།
        ཐེངས་འདིའི་སྐོར་སྐྱོད་འཁྲབ་སྟོན་བྱེད་སྒོ་སྤེལ་བའི་འཁྲབ་སྟོན་སྡེ་ཚན་ཏེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་ཟློས་གར་ཚོགས་པའམ་རྨ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་བླང་བྱ་ལ་གཞིགས་ནས་བཀོད་པའི་འཆར་གཞི་ལྟར་ན་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་དང་བོད་ལྗོངས་སོགས་བོད་རིགས་ས་ཁུལ་དུ་སྐོར་སྐྱོད་འཁྲབ་སྟོན་ཐེངས་40 སྤེལ་རྒྱུན་ཡིན་ཞིང་། སྐོར་སྐྱོད་འཁྲབ་སྟོན་ཧྲིལ་པོ་ཟླ་10 བའི་ཟླ་མཇུག་ཕལ་ཆེར་མཇུག་འགྲིལ་རྒྱུ་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1