མཛའ་གཞས་ཀྱི་ཆོལ་ཁ་རུ། གླུ་གར་གྱི་རྒྱ་མཚོ་འཁྱིལ།

ཡེ་ཤེས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-23



        སྤྱི་ཟླ8པའི་ཚེས17ཉིན་ནས་ཚེས19ཉིན་བར་དར་མདོའི་མཛས་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་འཛུགས་གཉེར་བྱས་པ་རེད། ཚེས17ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་པར2018ལོའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོའི་ཡ་གྱལ་དུ་གྱུར་པའི་མཉམ་དཀྲོལ་རོལ་ཚོགས་དང་གླུ་བ་གྲགས་ཅན་ལྷན་འཛོམས་ཀྱི་མཛད་སྒོ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ་བ་རེད།

        ཐེངས་འདིའི་དར་མདོའི་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་ནི་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་རོགས་གཉེར་བྱས་ཤིང་། ཀྲུང་གུང་དར་མདོའི་གྲོང་ཁྱེར་ཏང་ཨུ་དང་དར་མདོའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ་རེད།
        ས་གནས་སོ་སོ་ནས་འོངས་པའི་གླུ་བ་དང་གླུ་མ་ཚོས་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་རིང་གི་འགྱུར་ལྡོག་དང་དར་མདོ་མི་དམངས་ཀྱི་འཚོ་བའི་གནས་ཚུལ་དང་བསམ་པའི་ཉམས་འགྱུར་མཚོན་པའི་གླུ་དབྱངས་རེ་རེ་བཞིན་ཕྱོགས་བཞིའི་མཚམས་བརྒྱད་ནས་འོངས་པའི་གཟིགས་མོ་བ་ལྷན་རྒྱས་ལ་བསྟན་པ་རེད།
        འཁྲབ་ཚན་སྔོན་མའི་ནང་མཉམ་དཀྲོལ་རོལ་ཚོགས་ཀྱི་སོག་རིགས་གླུ་བ་གྲགས་ཅན་ཧྲ་རི་ན་རོལ་ཚོགས་ཀྱིས《ཨུ་ལན་པྭ་ཐུལ་གྱི་མཚན་མོ》ཞེས་པ་དེ་སྙན་ཞིང་འཇེབས་པའི་དབྱངས་རིང་གི་ཚིག་ཉམས་ལ་བརྟེན་ནས་ལྟད་མོ་བ་ཚོ་རྣ་ལམ་དུ་ཕུལ། བློ་འོད་ཀྱིས《ལིང་ཧྲན་པའོ་དང་ཀྲོའུ་ཡེན་ཐེའི》གླུ་རྡུལ་རོལ་དབྱངས་དཀྲོལ་ནས་ཕོ་མོའི་བར་རང་མོས་གཉེས་སྒྲིག་གི་བརྩེ་དུང་དང་བདེ་སྐྱིད་ཀྱི་འཚོ་བར་བསྟོད་གླུ་ཕུལ། བསོད་ནམས་མགོན་པོས《ཐག་རིང་སར་ཡོད་པའི་ས་གནས》དང《གནམ་གྱི་ཕོ་བྲང》ཞེས་པ་ལེན་ནས་ཕ་ཡུལ་ལ་བཅིངས་པའི་བརྩེ་དུང་ཕ་ས་ཁྱིམ་གཞིས་ལ་ཞེན་པའི་བསམ་པའི་ཉམས་འགྱུར་བསྟན་ནས་ལྟད་མོ་ཚོར་རང་ཉིད་ཀྱི་ཐོག་མར་ལྟེ་ཁྲག་ཕབས་སར་སོང་བའི་ཚོར་སྣང་ཤར་དུ་བཅུག དེ་བཞིན་དུ《ཤར་ཕྱོགས་རི་བོ་རྩེ་ལ》《མེ་ཏོག་ཅིའི་ཕྱིར་འདི་ལྟ་དམར》 《མེ་ཏོག་དང་ལོ་ཆུང་》《ཁྱེད་ཀྱི་མགོ་རས་དམར་པོ་ཕྱེ་དང》ལ་སོགས་པ་ལེན་ནས་ལྟད་མོ་ཚོར་སྙན་འཇེབས་ཀྱི་གླུ་དབྱངས་ཉམས་སུ་མྱོང་དུ་བཅུག་པ་རེད།
        འཁྲབ་ཚན་ཕྱི་མའི་ནང་གླུ་བ་གྲགས་ཅན་བཅུ་ཙམ་ནང་ནས་མོན་པ་རིགས་ཀྱི་གླུ་མ་དབྱང་ཅན་མས 《ཨ་མར་དགའ་ཡ》ཞེས་པ་ལེན་ནས་ཨ་མས་ཟོལ་མེད་ཀྱིས་གཅེས་སྐྱོང་མཛད་ནས་རང་ཉིད་འཚར་ལོངས་འབྱུང་བཞིན་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པའི་གོ་སྐབས་ཐོབ་པའི་བཀའ་དྲིན་མཚོན་པ་བྱེད། དབྱིས་རིགས་ཀྱི་གླུ་བ་གྲགས་ཅན་ཨོའོ་ཅེ་ཨ་ཀོས《ཤར་རིའི་མཛེས་མ》དང་ཨ་སི་ཀན་གྱིས《གནམ་འོག་གི་ལྷ་ས》 བདེ་སྐྱིད་ཚེ་རིང་གིས《བོད་སྐད་གཞས་མ་གཏམ》འཁྲབ་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་གི་རྣམ་པ་མཚོན་པ་བྱེད། དེ་བཞིན་དུ་བསོད་བཀྲས《གླུ་ཨ་ལ་ལ་མོ》དང་བསྟན་པ་དབང་མོས་ལེན་པའི《མཛའ་གཞས》 ལི་ཐང་འཇམ་དབྱང་གིས་ལེན་པའི《ཚངས་དབྱངས་རྒྱ་མཚོ》 གཡང་འཛོམས་མཚོས་ལེན་པའི《དར་མདོ》སོགས་ཀྱི་ཐོག་ནས་བོད་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཞིབ་ཅིང་རྒྱ་ཆེ་བའི་ནང་དོན་མཚོན་པར་བྱེད་དུ་བཅུག་ནས་དུས་ཆེན་སྐབས་ཀྱི་དར་མདོའི་མཚན་མོར་རོལ་དབྱངས་ཀྱི་སྙན་འཇེབས་ཁེངས། གླུ་དབྱངས་ཀྱི་སྐད་གསང་སྙན། ཁ་མདོག་སྣ་ལྔས་བརྒྱན་པའི་གློག་སྒྲོན་གྱིས་མཛའ་གཞས་ཀྱི་ཆོལ་ཁ་ཞེས་གྲགས་པའི་དར་མདོའི་གྲོང་ཁྱེར་ལ་གཟབ་མཆོར་སྤྲས་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1