ཟླ་8པའི་ཚེས་28ཉིན་ཀྲུང་གོའི་ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་A319གནམ་གྲུ་གསར་དུ་བསྐྲུན་པའི་མཚོ་སྔོན་མདོ་ལའི་གནམ་གྲུ་ཐང་དུ་བབས་པ་དང་། དེ་ལས་མཚོ་སྔོན་མདོ་ལའི་གནམ་གྲུ་ཐང་དངོས་སུ་སྤྱོད་འགོ་ཚུགས་ཡོད་པ་རེད།
མདོ་ལའི་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་དུ་གནས་ཤིང་། མདོ་ལའི་རྫོང་བར་སྤྱི་ལེ་38ཡོད་པ་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི་3163ཡོད་ལ། རྒྱལ་ནང་གི་4Cརིམ་པའི་མཐོ་སྒང་གནང་གྲུ་ཐང་ཡིན་པ་རེད ། རྣམ་གྲངས་དེའི་ཐད་སྤྱིའི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་དང་བྱེ་བ་བདུན་ས་ཡ་གསུམ་བཏང་ཞིང་། གནམ་གྲུ་ཐང་སྤྱི་ལོ་2025ལོར་འགྲུམ་སྐྱེལ་མིའི་ཐེངས་གྲངས་ཆིག་འབུམ་བརྒྱད་ཁྲི་དང་དངོས་ཟོག་སྐྱེལ་འདྲེན་ཏུན་400ཡི་དམིགས་འབེན་ལྟར་ཇུས་འགོད་བྱས་ཡོད་པ་རེད།
འདི་ནི་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་ཅུས་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གཉིས་པའི་ནང་གཏན་འཁེལ་བྱས་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་། སྤྱི་ལོ་2014ལོའི་ཟླ་༨པའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ཞིང་སྤྱི་ལོ་2016ལོའི་ཟླ་4པའི་ནང་དངོས་སུ་ལས་འགོ་ཚུགས་པ་རེད། དུས་ཡུན་ལོ་གཉིས་དང་ཟླ་གཉིས་རིང་གི་འབད་བརྩོན་བྱས་པ་བརྒྱུད། བཀོད་སྒྲིག་ཚད་ལྡན་དང་ནུས་པ་འཐུས་ཚང་། ཁྱད་ཆོས་ཀུན་ལྡན་གྱི་གནམ་གྲུ་ཐང་འདི་ལེགས་འགྲུབ་བྱུང་ཡོད་ལ། ད་ལོའི་ཟླ་བ་གསུམ་པའི་ནང་གནམ་གྲུ་ཐང་གིས་ཚོད་ལྟའི་ཚུལ་གྱིས་གནམ་གྲུ་འཕུར་གཏོང་བྱས་ཡོད་པ་རེད།
གནམ་གྲུ་ཐང་སྤྱོད་འགོ་ཚུགས་རྗེས། ཟི་ལིང་ནས་མདོ་ལའི་བར་གནམ་གྲུའི་པ་སེ་ལ་སྒོར་100ཡིན་པ་དང་། དེ་ནི་མཚོ་སྔོན་ཞིང་ཆེན་དམངས་སྤྱོད་མཁའ་འགྲུལ་གྱི་ལོ་རྒྱུས་ཐོག་གི་པ་སེའི་རིན་གོང་ཆེས་དམའ་ཤོས་དེ་ཡིན། ཤེས་རྟོགས་བྱུང་བ་ལྟར་ན་འགྲུལ་པས་ཟླ་9པའི་ཚེས་1ཉིན་རྗེས་ཀྱི་པ་སེ་མིག་སྔར་མངགས་ཉོ་བྱས་ཆོག་གི་ཡོད།
མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བོད་རིགས་དང་སོག་རིགས། ཧུའེ་རིགས། ཧོར་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་ལ། གྲངས་ཉུང་མི་རིགས་ཀྱིས་མི་གྲངས་སྤྱིའི་བརྒྱ་ཆ་༦༧ཟིན་གྱི་ཡོད། མདོ་ལ་རྫོང་གི་ཆ་སྙོམས་ཀྱི་མཐོ་ཚད་ནི་སྨི་༣༥༠༠ཡིན་ཞིང་ད་ལྟའི་བར་དུ་འཛམ་གླིང་ཐོག་གདོད་མའི་སྐྱེ་ཁམས་ཉར་ཚགས་ཆེས་ཆ་ཚང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ་ལས་གཞན་མི་རྣམས་ཀྱིས་མདོ་ལ་ལྷ་ཡི་ཞིང་ཁམས་ཞེས་འབོད་ཀྱི་ཡོད་པ་རེད།
སྔོན་ཆད་མདོ་ལར་འགྲོ་དགོས་ན་གཞུང་ལམ་གཅིག་པུ་ལས་མེད་པ་དང་། ཟི་ལིང་ནས་མདོ་ལའི་བར་ལ་ཆུ་ཚོད་ལྔ་ཡས་མས་དགོས་པ་དང་། གལ་ཏེ་ཁ་བ་བབས་པ་སོགས་གནམ་གཤིས་མི་ལེགས་པའི་སྐབས་དེ་བས་འགྲོ་བསྐྱོད་ཁག་པོ་ཡིན། མདོ་ལའི་གནམ་གྲུ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ་ཡིས་ས་གནས་མང་ཚོགས་རྣམས་སྨན་པ་བསྟེན་པ་དང་སློབ་གྲྭར་བསྐྱོད་པ། ལས་ཞུགས་སོགས་ཀྱི་ཐད་ལ་སྔར་ལས་སྟབས་བདེའི་ཆ་རྐྱེན་བསྐྲུན་ཡོད་པ་ལས་གཞན། རིན་གོང་དམའ་བའི་པ་སེ་ལས་འགྲིམ་འགྲུལ་གྱིས་དབུལ་སྐྱོར་ལ་སྐུལ་འདེད་དང་ས་གནས་མང་ཚོགས་ཀྱི་བདེ་སྐྱིད་ཚོར་བ་ཇེ་དྲག་ཏུ་གཏོང་བའི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ལའང་སྔར་ལས་སྲུང་སྐྱོབ་དང་སྐུལ་འདེད་ཐེབས་རྒྱུ་རེད། དེ་དང་ཆབས་ཅིག་ཏུ་མདོ་ལའི་གནམ་གྲུ་ཐང་སྤྱོད་འགོ་ཚུགས་པ་ཡིས་ས་གནས་ཀྱི་ཉེན་འགོག་ནུས་པ་མཐོར་འདེགས་དང་ས་གནས་ཀྱི་གནས་སྐོར། ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་ཐུབ་ལ། དེས་མཚོ་སྔོན་ཞིང་ཆེན་གྱི་མཁའ་སྐྱོད་དྲ་བའི་བཀོད་སྒྲིག་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་ཏུ་གཏོང་བ། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ནང་ཧུར་ཐག་ཞུགས་པ་སོགས་ཀྱི་ཐད་ལའང་ཕན་འབྲས་ལྡན་པའི་ཆ་རྐྱེན་གཏོད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། མདོ་ལའི་གནམ་གྲུ་ཐང་ནི་མཚོ་སྔོན་ཞིང་ཆེན་གྱི་དམངས་སྤྱོད་གནམ་གྲུ་ཐང་བདུན་པ་དེ་ཡིན་པ་རེད།