༄༅།། མདོ་སྟོད་དཀར་མཛེས་ཞེས་པའི་ཐ་སྙད་དང་དེའི་སྐད་ཀྱི་གནས་བབ་སྐོར་རགས་ཙམ་དཔྱད་པ།

བསྟན་འཛིན་དབང་མོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-30



བསྟན་འཛིན་དབང་མོ།
དང་པོ། མདོ་སྟོད་དང་དཀར་མཛེས་ཞེས་པའི་ཐ་སྙད་ཀྱི་འཚོལ་ཞིབ།
        སྤྱིར་ཐ་སྙད་ཅེས་པ་ནི་ཚིག་སྦྱོར་གྲུབ་བྱེད་ཀྱི་སྐད་ཆའི་སྡེ་ཚན་ཆུང་ཤོས་ཏེ། སྒྲ་དོག་འཇུག་ནས་བཤད་ན་མིང་དང་ཕྲད་གཉིས་ལ་གོ་རྒྱུ་ཡོད་པ་མ་ཟད། སྒྲ་ཡངས་འཇུག་ལ་མིང་དང་ཕྲད་དང་ཚིག་སོགས་ལ་གོ་བའི་དུས་ཀྱང་ཡོད། སྐབས་འདིར་བརྗོད་པ་ནི་མི་དང་ས་ཆ། ལས་དོན། བྱ་བ་སོགས་སྟོན་པའི་ཐ་སྙད་དམ་མིང་ཞེས་པ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་གཞུང་དུ་མིང་ལ་འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གཉིས་སུ་དབྱེ་བ་བསྟན་ཡོད། དེ་ནི་གཙོ་བོ་མིང་འདོགས་ཚུལ་གྱི་སྒོ་ནས་དབྱེ་བ་ཡིན་ཞིང་། དེང་རབས་སྐད་བརྡ་རིག་པས་མིང་གི་སྦྱོར་སྡེ་དག་བརྡ་ཐབས་དང་གཏན་ཚིགས་ཀྱི་གྲུབ་ཚུལ་གྱི་སྒོ་ནས་རྐྱང་མིང་དང་འདུས་མིང་གཉིས་སུ་དབྱེ་བ་དང་དེ་མིན་མིང་རང་གི་བྱེད་ནུས་དང་ཁྱད་ཆོས་སོགས་གཞི་འཛིན་ས་མི་འདྲ་བའི་ཕྱོགས་ནས་དབྱེ་བ་མང་དུ་ཡོད། འོ་ན་མདོ་སྟོད་དང་དཀར་མཛེས་ཞེས་པའི་མིང་འདི་གཉིས་ཇི་ལྟར་ཡིན་སྙམ་ན། བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་གཞུང་ལུགས་ཀྱི་ལམ་ནས་བརྟག་ན་མདོ་སྟོད་དང་དཀར་མཛེས་ཞེས་པའི་མིང་དེ་གཉིས་ནི་མིང་འདོགས་ཚུལ་ལས་རྗེས་གྲུབ་ཀྱི་མིང་ཡིན་པ་དང་། དེང་རབས་སྐད་བརྡ་རིག་པའི་ལམ་ནས་བརྟག་ན་མིང་གི་གྲུབ་ཚུལ་ལས་འདུས་མིང་ཡིན་ཞེས་བརྗོད་ཆོག རྒྱུ་མཚན་ནི་མདོ་སྟོད་དང་དཀར་མཛེས་ཞེས་པའི་མིང་འདི་གཉིས་རྗེས་གྲུབ་ཡིན་ཏེ། ཡུལ་མདོ་ཁམས་ཀྱི་སྟོད་ཕྱོགས་སུ་གནས་པའི་ས་དེར་མདོ་སྟོད་ཅེས་རྒྱུ་མཚན་དུ་བྱས་པ་དང་། དཀར་མཛེས་ཞེས་ཡུལ་དེའི་ཁྱད་ཆོས་དཀར་ཞིང་མཛེས་པ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་ཡིན། དེ་བཞིན་མདོ་ཁམས་དང་སྟོད་ཅེས་མིང་གཉིས་འདུས་པའི་འདུས་མིང་ཡིན་ཞིང་། དཀར་མཛེས་ཞེས་དཀར་པོ་དང་མཛེས་པོ་ཞེས་ཁྱད་ཆོས་མིང་ཅན་གཉིས་འདུས་པ་ལས་གྲུབ་པའི་འདུས་མིང་ཡིན། དེ་ཡང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས“འདོད་རྒྱལ་ཐོག་མའི་མིང་དེའི་དོན་ལ་གོ་བ་ཆགས་པ་སྔོན་དུ་སོང་བ་དེ་གཞིར་བྱས་ནས། དེ་དག་འདྲ་བ་ཞིག་ལ་དེའི་མིང་བཏགས་པ་ལྟ་བུའི་མིང་དེར་རྗེས་གྲུབ་ཟེར”ཞེས་གསུངས་པ་དང་། ཡང་འདུས་མིང་ཞེས་པ་ནི་རྒན་བསྟན་གོ་ལགས་ཀྱིས“སྒྲ་དོན་འདྲེས་རུང་གི་སྐད་ཆའི་སྡེ་ཚན་ཆུང་ཤོས་ཏེ་མིང་རྒྱུ་དུ་མ་འདུས་ཏེ་གྲུབ་པའི་མིང་ལ་འདུས་མིང་ཟེར”ཞེས་གསུངས་པ་ལྟར་མདོ་སྟོད་དང་དཀར་མཛེས་ཞེས་པའི་མིང་དེར་རྗེས་གྲུབ་དང་འདུས་མིང་གི་ཁྱད་ཆོས་གཉིས་ཀ་ཚང་ཡོད་པས་དེ་ལྟར་བརྟག་པ་ཡིན། རིམ་བཞིན་དཀར་མཛེས་ཞེས་པའི་ཐ་སྙད་གླེང་བ་ལས། ཐ་སྙད་དེའི་མིང་རྐང་བརྡ་དོན་ནི་མིག་ཤེས་ཡུལ་གྱི་གཟུགས་སུ་རུང་བའི་ཁ་དོག་དཀར་པོ་སྟེ་སྤུས་ལེགས་ཡིད་དུ་འོངས་པའི་དོན་ཡིན། ཡུལ་དེའི་ཐོག་མའི་མིང་ནི་ཏྲེ་ཤོད་མཎྜལ་མཐིལ་ཞེས་བྱ་བ་ལས། ལོ་རྒྱུས་ཀྱི་འཕེལ་འགྲིབ་དུ་མ་དང་འགྲོགས་ཏེ་རིམ་གྱིས་དཀར་མཛེས་ཞེས་ཐོགས་ཤིང་། དཀར་མཛེས་བྱ་བའི་མིང་དེ་ཐོག་མར་དགོན་པའི་མིང་ནས་ཕྱིས་ཡུལ་ལུང་དེར་ཐོགས་པ་ཞིག་ལགས། རྒྱུ་མཚན་ནི་སྔར་དཀར་མཛེས་དགོན་ཆགས་སའི་ཡུལ་དེ་ནི་མདོ་སྟོད་སྒང་དྲུག་གི་ནང་ནས་འབྲི་རྫ་ཟབ་མོ་སྒང་དང་མི་ཉག་རབ་སྒང་གཉིས་ཀྱི་བར་དང་། ཆུ་བཞི་ལས་འབྲི་ཆུ་དང་རྫ་ཆུ་བརྒྱུད་སའི་ས་སྟེ་ཐོག་མའི་ཏྲེ་ཤོད་མཎྜལ་མཐིལ་བྱ་བའི་ཡུལ་དེ་ཡིན། ཏྲེ་ཤོད་ཟེར་བ་ནི་དབྲའི་རིགས་རྒྱུད་སྡོད་སའི་སྨད་རྒྱུད་ལ་གོ་ཚུལ་དང་། མཎྜལ་མཐིལ་བྱ་བ་ནི་ཡུལ་དེའི་ས་དབྱིབས་རྣམ་པའི་ཐོག་ནས་མིང་དེ་ལྟར་བཏགས་པ་ཡིན་ཏེ། སྔར་བྲག་ངོ་དགོན་པ་ཆགས་སའི་རི་དེའི་དབྱིབས་ནི་མཆོད་རྫས་མཎྜལ་གྱི་དབྱིབས་དང་འདྲ་བར་ཡུལ་དེའི་དབུས་སུ་ཆགས་ཡོད་ཅིང་། དགོན་རྙིང་དེ་ནི་དཀར་མཛེས་དགོན་པ་ལས་ཕྱག་འདེབས་སྔ་བ་ཞིག་ཡིན། རྗེས་སུ་ཧོར་གྱིས་ཡུལ་དེར་དབང་བསྒྱུར་བྱས་པས་ཏྲེ་ཧོར་ཞེས་མིང་ཐོགས་པར་གྲགས། དེང་བར་དུ་ཡང་ཉག་རོང་དང་སྡེ་དགེ་བ་རྣམས་ཀྱིས་དཀར་མཛེས་ཀྱི་མི་ལ་ཧོར་པ་ཞེས་འབོད་ཀྱིན་ཡོད་པ་རེད། དེས་ན་ཧོར་གྱིས་དབང་བསྒྱུར་ཚུལ་དང་དཀར་མཛེས་ཞེས་པའི་མིང་ཐོགས་ཚུལ་སྐབས་དེའི་ལོ་རྒྱུས་དང་སྦྱར་ནས་དབྱེ་ཞིབ་བྱ་ན་འོས་འཚམས་དོན་མཐུན་དུ་སྣང་བས་རིམ་བཞིན་མདོ་ཙམ་གླེང་བ་ལས། ཡོན་རྒྱལ་རབས་ཀྱི་གོང་མ་སེ་ཆེན་ཧུ་པེ་ལིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་མཆོད་གནས་སུ་གདན་དྲངས་པར། བར་སྐབས་ཤིག་བླ་མ་འཕགས་པས་སྔོན་ས་པཎ་གྱིས་གདན་དྲངས་པའི་ནང་བསྟན་བྱིན་ཅན་རྣམས་སེ་ཆེན་ལས་ཕྱིར་བསླངས་ནས་སྒ་ཨ་གཉན་དམ་པ་དང་སེ་ཆེན་གྱི་སྲས་ཝང་གཉིས་ལ་གནང་སྟེ་ཁམས་ཕྱོགས་སུ་ལྷ་ཁང་ཞིག་བཞེངས་པར་བཀས་མངགས། ཁོང་གཉིས་རིམ་གྱིས་མདོ་སྟོད་ཏྲེ་ཤོད་མཎྜལ་མཐིལ་དུ་ཕེབས་ཏེ་རྟེན་རྙིང་བྱིན་ཅན་རྣམས་ཀྱི་ནང་བཞུགས་བྱས་ནས་ལྷ་ཁང་ཞིག་བཞེངས། ལྷ་ཁང་དེ་ནི་ད་ལྟ་དཀར་མཛེས་རྫོང་གི་གྲོང་གི་དཀྱིལ་དུ་གནས་ཡོད། དེ་ནས་སྲས་ཝང་ས་འདིར་ཡུན་རིང་བཞུགས་ནས་ཡུལ་དེའི་བུད་མེད་ཅིག་ཆུང་མར་བླངས། སྐབས་དེར་ཡུལ་འདིའི་དཔོན་པོ་བོན་པོའི་བླ་མ་དབྲ་བ་བྱ་བ་ཞིག་ཡོད་པ་དེ་ལ་ཧོར་སྲས་ཝང་ཆེན་ནས་གདན་ཁ་གང་མ་ཞིག་དང་ལྷམ་ཆ་གཅིག་བཅས་ཕུལ་ནས། བདག་གི་གདུང་རྒྱུད་འདི་ལ་བུ་མོ་ཞིག་བྱུང་ན་བདག་པོ་གང་ཡང་བྱ་མི་དགོས། གལ་ཏེ་བུ་ཞིག་བྱུང་ན་ཁྱོད་ཀྱིས་བདག་རྐྱེན་ལེགས་པོ་གནང་དགོས་ཞེས་གསུངས་པར། དབྲ་བའི་བླ་མས་ཀྱང་དེ་ལྟར་ཁས་བླངས། དེ་ནས་མི་རིང་བར་བུད་མེད་དེ་ལ་སྲས་ཤིག་འཁྲུངས་བས་ཧོར་སྲས་ཝང་ཆེན་ཐུགས་རབ་ཏུ་དགྱེས་ཏེ་ཁོང་གིས་བདག་ལ་མ་བསམ་བཞིན་དུ་བུ་ཞིག་བྱུང་ཞེས་བུའི་མཚན་ལ་མ་བསམ་བུ་ཞེས་གསོལ། དབྲ་བའི་བླ་མས་ཀྱང་སྔར་གྱི་ཁས་བླངས་པ་ལྟར་མ་བསམ་བུ་ལ་གྲོང་སྡེ་གསུམ་ཕུལ། ཧོར་སྲས་ཝང་ཆེན་གྱིས་རང་གི་སྲས་མ་བསམ་བུ་ལ་ཕོ་བྲང་ཞིག་གསར་བསྐྲུན་མཛད་པ་དེའི་ཤུལ་ད་ལྟ་ཡང་ཧོར་ཁང་ནང་ཞེས་པའི་གྲོང་སྡེ་རུ་དངོས་སུ་མཐོང་རྒྱུ་ཡོད། དེ་ནས་ཧོར་སྲས་མ་བསམ་བུ་ཡུལ་འདིའི་ཆོས་སྲིད་གཉིས་ཀྱི་བདག་པོར་གྱུར། རིམ་གྱིས་ཧོར་ཀྱི་སྟོབས་ཤུགས་ཇེ་ཆེ་ནས་ཇེ་ཆེར་ཕྱིན་ནས་མ་བསམ་བུ་ནས་མི་རབས་དྲུག་ཏུ་འགྲོ་རྗེས་ཧོར་གྱིས་རྫ་ག་ཡི་གོང་མན་ཆད་དང་། ན་ཁྲད་སྲང་ཐོག རྟའུ་ཆོ་ལོ་སྣ་ཡན་ཆད། མགོ་ལོག་ལྕགས་མོ་ཚང་ཚུན་ཆད་ཧོར་གྱི་མངའ་འབངས་སུ་བསྡུས་ཏེ་ཧོར་དཔོན་ནམ་མཁའ་རྒྱལ་མཚན་ནི་དེ་དག་གི་འགོ་དཔོན་ཡིན། དེའི་སྲས་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་དགུང་ལོ་བདུན་ལ་སོན་སྐབས་དབུས་གཙང་དུ་ཕེབས་ནས་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་བློ་གླིང་གྲྭ་ཚང་ཏྲེ་ཧོར་ཁམས་ཚན་དུ་བཞུགས། ལོ་དེར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་ནས་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་མཚན་ལ་ངག་དབང་ཕུན་ཚོགས་ཞེས་གསོལ། དེ་ནས་བླ་མ་དུ་མའི་ཞལ་སྔ་ནས་མདོ་སྔགས་ཟུལ་འབྲེལ་གྱི་ཆོས་བཀའ་མཐའ་ཡས་པ་གསན། གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་སྐུ་གཤེགས་པར་དེའི་དགོངས་རྫོགས་ཀྱི་དུས་སུ་ཧོར་ཁོངས་ཀུན་ཏུ་དགོན་སྡེ་བཅུ་གསུམ་འདེབས་པར་རྒྱལ་དབང་ལྔ་པ་ཆེན་པོའི་མདུན་དུ་དམ་བཅའ་བརྟན་པོ་ཕུལ་ཏེ་རང་ཡུལ་ཕྱོགས་སུ་ཕེབས་ནས། སྔོན་བྲག་ངོ་དགོན་པ་བྱ་བ་དེ་རྡོ་དཀར་སྤུངས་པའི་ས་ཕྱོགས་སུ་སྤོས་ནས་རྒྱ་བསྐྱེད་རྒྱས་པར་བྱས་ནས་དཀར་མཛེས་དགོན་ཞེས་མིང་བཏགས་ཏེ། ཧོར་དགོན་སྡེ་བཅུ་གསུམ་གྱི་ཐོག་མ་འདེབས་པའི་རྟེན་འབྲེལ་གྱི་དབུ་བཙུགས། དེ་ནི་དཀར་མཛེས་ཞེས་པའི་མིང་དེའི་བྱུང་ཚུལ་གྱི་ཤོད་སྲོལ་གཅིག་ཡིན་པ་དང་། ཤོད་སྲོལ་གཞན་ཞིག་ནི་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དགོན་སྡེ་བཅུ་གསུམ་བཞེངས་སྐབས། བཀྲ་ཤིས་ཚེས་བཟང་ཞིག་སྐར་འཛིན་དུ་འདམས་ནས་རྨང་གཞི་འདིང་བའི་མཛད་སྒོ་སྤེལ་ནས། དགོན་པ་འདི་ཨང་དང་པོར་བཏབ་པས་སྐར་འཛིན་དགོན་ཞེས་མཚན་གསོལ་ཞེས་བཤད་སྲོལ་གཉིས་ཙམ་བྱུང་ཡོད། དེ་དག་ནི་དཀར་མཛེས་ཞེས་བྱ་བའི་མིང་ངམ་ཐ་སྙད་དེའི་བྱུང་ཚུལ་མདོར་བསྡུས་ཤིག་ཡིན། ཚུལ་དེ་ལ་བསམ་ན། ངའི་བསམ་པར་ཐོག་མར་དགོན་པའི་མིང་སྟེ་རྡོ་དཀར་སྤུངས་པའི་ཕྱོགས་སུ་སྤོས་ཤིང་རྒྱ་བསྐྱེད་གནང་བའི་དཀར་མཛེས་ཞེས་པ་ནས་རིམ་པར་དེའི་མཛད་འཕྲིན་ཕྱོགས་དང་ཕྱོགས་སུ་རྒྱས་སྐབས་ཕྱིས་ཀྱི་མི་རྣམས་ཀྱིས་ངག་རྒྱུན་དུ་འཇགས་ནས། དགོན་དང་ཡུལ་ལུང་དེ་དང་བཅས་པར་དཀར་མཛེས་ཞེས་བཏགས་པ་དོན་དང་མཐུན་འདུག་སྙམ།
གཉིས་པ། དཀར་མཛེས་སྐད་ཀྱི་ཁྱབ་ཡུལ་དང་གནས་བབ།
        བོད་ཀྱི་སྐད་ལ་སྒྲ་གདངས་ཀྱི་ཁྱད་པར་ཐོག་ནས་ཡུལ་སྐད་དུ་མར་ཕྱེས་ཡོད། དེ་ལའང་རིགས་སམ་དབྱེ་བ་གསུམ་དང་བཞི། ལྔ། དྲུག་སོགས་དབྱེ་ཚུལ་མི་འདྲ་བ་ཁ་ཤས་ལྡན། དེ་དག་ཡུལ་སྐད་སོ་སོར་དབྱེ་དུས་འབྱེད་ཆོས་གཙོ་བོ་སྐད་ཀྱི་གདངས་མི་འདྲ་བ་དེ་ཡིན། དེ་དག་གི་ཁྱབ་ཡུལ་ཡང་ས་ཁུལ་དང་ས་ཁུལ་བཞིན་དུ་དབྱེ་ཡོད་ཀྱང་ཡུལ་སྐད་མི་འདྲ་བའི་ཁོངས་གཏོགས་ཡིན་ཞིང་། ས་ཁུལ་ཕན་ཚུན་ཉེ་འབྲེལ་ཡིན་པའི་རྒྱུ་མཚན་གྱིས་ཡུལ་གཉིས་ཀྱི་ཡུལ་སྐད་གཉིས་ཕན་ཚུན་གོ་བརྡ་གཏན་ནས་མི་འཕྲོད་པ་ཞིག་མིན། ཡུལ་སྐད་གང་དང་གང་ཡིན་ཡང་བར་བརྒལ་གྱི་དུས་རིམ་ཞིག་དང་བར་བརྒལ་གྱི་ཡུལ་ཞིག་ནི་ཡོད་ངེས་ཡིན། རང་རེའི་བོད་སྐད་ལ་ཆེས་ཡ་མཚན་ཆེ་བའི་ཁྱད་ཆོས་གཅིག་ཡོད་པ་དེ་ནི་མདོ་དབུས་ཁམས་ཀྱི་ས་ཕྱོགས་གང་ནས་ཡོང་བའི་འབྲོག་པ་ཡིན་ཡང་། ཚང་མའི་སྐད་ནི་ཕལ་ཆེར་གཅིག་འགྱུར་ལྟ་བུ་ཡིན་ཞིང་ལ་ལར་མི་འདྲ་བའི་ཆ་ཡོད་ཀྱང་ཁྱད་པར་དེ་ནི་ཕྲ་མོ་ཙམ་ཡིན། དཀར་མཛེས་རྫོང་ཟླ་ཐང་མ་ཁུལ་གྱི་འབྲོག་སྐད་དེ་ཡང་དེ་བཞིན་ཡིན། ལྷག་པར་རྔ་བ་རྫོང་གི་འབྲོག་སྐད་དང་ཧ་ཅང་འདྲ་པོ་ཡོད་ལ་དཀར་མཛེས་རོང་སྐད་དང་ཡང་གོ་བརྡ་སྤྲོད་ཐུབ་པ་ཡིན། ད་དུང་སྟོང་སྐོར་ཁུལ་གྱི་སྐད་གདངས་དེ་ནི་འབྲོག་སྐད་མིན་ལ་རོང་སྐད་དང་ཡང་མི་འདྲ་བ་ཡོད་མོད། ཡིན་ན་ཡང་ཕན་ཚུན་ཁ་བརྡ་བྱས་ན་གཏན་ནས་མི་གོ་བ་ཞིག་མིན། དེ་མིན་གྱི་ཁུལ་གསུམ་གྱི་སྐད་ནི་དཀར་མཛེས་ཀྱི་རོང་སྐད་ཡིན། དེའི་ནང་ནས་ནུབ་ཕྱོགས་སྡེ་དགེ་རྫོང་དང་འབྲེལ་བའི་ས་མཚམས་ཀྱི་མིང་དང་ཐ་སྙད་ཁ་ཤས་སྡེ་དགེའི་སྐད་དང་འདྲ་བའི་ཆ་ཡོད་ལ། ཤར་ཕྱོགས་བྲག་འགོ་རྫོང་དང་ཉག་རོང་རྫོང་གཉིས་དང་འབྲེལ་བའི་ས་རུ་ཡང་རྫོང་དེ་གཉིས་ཀྱི་སྐད་དང་འདྲ་བའི་ཆ་ལྡན་ཡོད། དཀར་མཛེས་གྲོང་བརྡལ་འོག་གི་ཤང་དག་དང་ལྷོ་པ་ཁུལ་ཁོངས་གཏོགས་ཀྱི་ཤང་དག་གི་སྐད་ནི་ཕལ་ཆེར་གཅིག་པ་ཡིན། གཙང་པོའི་བཞུར་རྒྱུན་གྱི་གཡོན་ཕྱོགས་དང་གཡས་ཕྱོགས་ལ་གཞིགས་ནས་ཚུར་རོང་བ་དང་ཕར་རོང་བ་ཞེས་པའང་། ཉི་མའི་ཕོག་ཡུན་རིང་ཐུང་གི་སྒོ་ནས་ཉིན་མོ་བ་དང་སྲིབ་མོ་བ་ཞེས་དབྱེ་ཡོད། ཕྱོགས་དེ་གཉིས་ཀྱི་སྐད་ལ་མིང་དང་ཐ་སྙད་ཁ་ཤས་ཀྱི་ཟེར་སྲོལ་ཅུང་མི་འདྲ་བའི་ཁྱད་པར་ཡོད། དཔྱད་རྩོམ་འདིའི་ནང་དུ་སྲིབ་མོ་བའི་སྐད་དམ་དཀར་མཛེས་རྫོང་ཐོག་གི་སྐད་གཙོ་བོར་འཛིན་ནས་བྲིས་པ་ཡིན།
        ད་ལྟར་གནས་པའི་དཀར་མཛེས་སྐད་ཀྱི་གནས་བབ་ངོས་ནས་གླེང་ན། བརྡ་རྙིང་གི་ཁྱད་ཆོས་ཡོད་ལ་བརྡ་གསར་གྱི་ཁྱད་ཆོས་ཀྱང་ལྡན་ཡོད་པས་སྐད་འཕེལ་འགྱུར་ཅེས་པའི་ཆོས་ཉིད་ཅིག་དེའི་ཁོངས་ནས་ཀྱང་ཅུང་ཟད་ཅིག་རྟོགས་ཐུབ་པ་ཞིག་རེད། དཔེར་ན། བརྡ་རྙིང་གི་ཁྱད་ཆོས་གསལ་བ་སྟེ་མྱི་དང་མྱེ། མྱིག བསླབ་ཞེས་པ་ལ“ཙག”གི་སྒྲ་ཐོན་པ། སླ་ཞེས་པ་ལ“ཙ”ཡི་སྒྲ་ཐོན། ཅི་རེད་ལྟ་བུ་ལ“ཆི”རེད་ལྟ་བུ་ཅ་ཆ་རུ་འདོན་པ། དེ་བཞིན་ཚ་ཡིག་ལ་ས་དང་ཟ་ཡི་སྒྲ་རུ་ཀློག་པ་སྟེ། ངེད་ཚང་ཞེས་པ་ལ“ང་སུ”ཡི་སྒྲ་ཀློག་པ་ལྟ་བུ་ཤིན་ཏུ་མང་། ཡང་བརྡ་གསར་གྱི་ཁྱད་ཆོས་ཤིན་ཏུ་མང་སྟེ་འདིར་གྲངས་ཀྱི་མི་ལངས་བས་རེ་རེ་བཞིན་དཔེར་འགོད་པར་མི་བྱ། ལྷག་པར་དུ་དཀར་མཛེས་ཁུལ་ན་མི་རིགས་གཞན་དང་འབྲེལ་འདྲིས་ཤིན་ཏུ་མང་བའི་སྟོབས་ཀྱིས་དེའི་སྐད་ཀྱང་འགྱུར་བ་རིམ་གྱིས་འགྲོ་བ་ལགས། དཔེར་ན། བརྙན་འཕྲིན་དང་འཁྱགས་སྒམ་ལྟ་བུར་རྒྱུན་འབྱམས་སུ་ཏན་སྲེ་དང་པིང་ཤང་ཞེས་སོགས། མི་རིགས་གཞན་སྐད་ཀྱི་ཤུགས་རྐྱེན་འོག་རང་སྐད་དཀར་མཛེས་ཀྱི་སྐད་ནི་རིམ་པས་ཉམས་དམས་སུ་འགྱུར་བཞིན་མཆིས། དེ་དག་གི་རྒྱུ་རྐྱེན་ལ་རྟོག་དཔྱོད་བྱེད་སྐབས་ཕྱི་རྐྱེན་དང་ནང་རྐྱེན་ནས་བྱུང་བའི་ངན་འབྲས་ཞིག་ལགས། དེ་ལས་ཀྱང་ནང་རྐྱེན་ནི་གཙོ་བོ་ཞིག་ཡིན་ཏེ། དེང་སྐབས་དཀར་མཛེས་བ་རྒན་དར་གཞོན་གསུམ་དུ་མས། རྒྱ་སྐད་རྒྱ་ཡིག་སྤྱོད་ཤུགས་ཆེ་བ་དང་དེ་གོ་བདེ་བ་ལྟ་བུའི་ནོར་འཁྲུལ་གྱི་ལྟ་བ་ཞིག་འཛིན་ཡོད་ཅིང་། ཁྲུ་གུས་ཆུང་དུས་ནས་ཀྱང་ཨ་ཕ་དང་ཨ་མ་ཞེས་མི་འབོད་པར་རྒྱ་སྐད་གྱི་(爸爸、妈妈)ཞེས་འབོད་པར་བྱེད། ཡང་སློབ་མ་མང་པོ་ཞིག་གིས་བོད་སྐད་བེད་སྤྱོད་ཉུང་སྐྱོན་ལས་ཕན་ཚུན་བརྗོད་མི་བདེ་བ་དང་དབ་དིབ་གྱི་སྨྲ་བའི་གནས་ཚུལ་དུ་མ་ཐོན་དང་ཐོན་བཞིན་འདུག དེ་ལྟར་མུ་མཐུད་རང་སྐད་ཀྱི་གོ་བརྡ་སྤྲོད་ཤུགས་ཉམས་དམས་སུ་གྱུར་ཚེ། སྐད་ཡིག་གི་འཇིག་ཉེན་ཞེས་པ་དེ་ཡང་ང་ཚོའི་མིག་མདུན་གྱི་བྱ་བ་ཞིག་རེད་ལགས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1