ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། 2018ལོའི་ཟླ་8པའི་ཚེས་30ཉིན་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་2018ལོའི་བོད་སྐད་ཡིག་གི་ཡིག་སྒྱུར་ཆེད་མཁས་གྲོས་ཚོགས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་རྩེ་མདོ་ནས་ཚོགས་མགོ་བརྩམས། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་གཙོ་སྒྲུབ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཤེས་རིག་ཞིབ་འཇུག་ཁང་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱིས་རོགས་གཉེར་གནང་བ་རེད།
ཐོག་མར་དཀར་མཛེས་ཁུལ་གྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་ཡུས་ཧྥེང་གིས་དཀར་མཛེས་ཁུལ་སྲིད་གཞུང་གི་སྐུ་ཚབ་ཞུས་ནས་འབྲེལ་ཡོད་ཆེད་མཁས་པ་རྣམས་ཐེངས་འདིའི་ཚོགས་འདུ་ལ་ཕེབས་པར་དགའ་བསུ་དང་བཅས་ཉེ་བའི་ལོ་འདི་གའི་རིང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཆབ་དཔལ་རིག་གསུམ་གྱི་གནས་ཚུལ་སྐོར་ངོ་སྤྲོད་སྟབས་བདེ་་ཞིག་གནང་བ་དང་། དེ་ནས་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཧྲུའུ་ཅི་ལན་ཀྲི་ཆིས་གསུང་བཤད་གལ་ཆེན་གནང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཝང་ཡིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། པེ་ཅིང་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་བཅས་ནས་ཕེབས་པའི་ཆེད་མཁས་པ་31ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་པ་དང་། ཆེད་མཁས་པ་རྣམས་ཚོ་ཆུང་གཉིས་སུ་བགོས་ཏེ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཏང་དང་རྒྱལ་ཁབ་འགོ་ཁྲིད་ཀྱི་གལ་ཆེའི་གསུང་རྩོམ་དག་ཡིག་སྒྱུར་བྱེད་པའི་བརྒྱུད་རིམ་ཁྲོད་གསར་དུ་བྱུང་བའི་བརྡ་ཆད་དང་། ཚིག་གསར་དག་འཚོལ་ཞིབ་དང་ཕྱོགས་བསྡུས་བྱས་པར་ཞིབ་བཤེར་གཏན་འབེབས་བྱས་ཤིང་། བརྡ་ཆད་གསར་པའི་ཡིག་སྒྱུར་དང་གཅིག་གྱུར་བྱེད་ཐབས་སྐོར་ལ་གྲོས་སྡུར་དང་བསམ་འཆར་བརྗེ་རེས་གནང་བའོ། །