༄༅།། ཨ་བྲའི་ཤི་གསོན།

ཁང་གསར་ཚེ་དབང་རིག་འཛིན། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 08-31



ཁང་གསར་ཚེ་དབང་རིག་འཛིན། (མགོ་ལོག)
གཅིག
        ངེད་མིང་སྲིང་ཚོར་ཆུང་དུས་ཨ་མས་འདི་ལྟར་བཤད་མྱོང་སྟེ། གཅེས་ཕྲུག་ཚོ། ཁྱེད་ཚོ་སྡོད་ཁང་གི་ཕྱི་ལ་འགྲོ་ཚེ་སྒོ་གང་ནས་བུད་ཀྱང་ཆོག རང་ཉིད་བུད་སའི་སྒོའམ་ཡང་ན་སྒོ་གཞན་དང་ཐག་ཉེ་ས་ལས་འགྲོ་མི་ཉན། ང་ཚོ་ལ་ཕྱི་ན་སྲོག་གཅོད་མཁན་ང་ཚོ་ལས་ལྡབ་བརྒྱ་འགྱུར་གྱིས་ཆེ་ཞིང་། རྩལ་ཤུགས་ཆེ་ལ་གཡོ་སྒྱུར་མཁས་པའི་ཝ་ཞེས་པའི་རྔ་མ་ཆེན་པོ་ཅན་ཞིག་དང་། ད་དུང་དེ་དང་རིགས་འདྲ་ལ་དེ་ལས་ཀྱང་ཆེ་བའི་སྤྱང་ཀི་ཞེས་པ་ཞིག ནམ་མཁའ་ནས་རྡོ་ལྷུང་བ་བཞིན་སར་འབབ་པའི་བྱ་ཞེས་ལག་པ་གཉིས་གཤོག་པ་བྱས་ཏེ་ནམ་མཁར་བསྐྱོད་ཐུབ་པ་ཞིག་དང་རྐང་པ་གཉིས་ཀྱིས་མི་ལྟར་སར་འགྲོ་ཐུབ་པ་ཞིག་སོགས་མང་པོ་ཞིག་ཡོད་པས། སྒོར་བུད་མ་ཐག་ཐོག་མར་ཕྱོགས་བཞི་མཚམས་བརྒྱད་དང་བར་སྣང་སོགས་ལ་ལྟ་ཡག་རྟོག་ཡག་ཅིག་བྱས་ཏེ་ད་གཟོད་ཁ་ཟས་འཚོལ་ཆོག་ལ་རྩེད་མོ་རྩེ་ཆོག ཨོ་རེད་གཅེས་ཕྲུག་ཚོ། ད་དུང་མི་ཟེར་བ་དེ་ཁྱེད་ཚོར་ངོ་སྤྲོད་ཅིག་བྱེད། ཁོ་ཚོ་ནི་སྲོག་ཆགས་ཤིན་ཏུ་མཚར་བོ་ཞིག་སྟེ། ང་ཚོ་སྲོག་ཆགས་བྱིངས་དང་མི་འདྲ་བར་རྐང་ལག་བཞིའི་སྟེང་ནས་བགྲོད་པ་ཞིག་མིན་པར། རྐང་པ་གཉིས་ལ་བརྟེན་ནས་སྡོང་པོ་བཞིན་ལངས་ཏེ་འགྲོ་བ་ཞིག་ཡིན་ལ། ལག་པ་གཉིས་ཀྱིས་བྱ་བྱེད་སྣ་ཚོགས་བསྒྲུབ་ཐུབ་པས་ཐང་ནས་རྡོ་ང་ཚོའི་ལུས་ཀྱི་ཆེ་ཆུང་ལྟ་བུ་བླངས་སྟེ་ཤུར་སྒྲ་དང་བཅས་གཞན་ལ་འཕེན་པས། ཁོ་ཚོ་ཟུར་དུ་ཐོན་མི་དགོས་པར་ང་ཚོ་ཕྱི་མའི་ཡུལ་དུ་བརྫང་ནུས་པའི་རྫུ་འཕྲུལ་ཅན་ཞིག་ཡིན་པས་མཉམ་འཇོག་བྱེད་དགོས། འོན་ཏེ་ཁོ་ཚོས་ཨ་བྲ་མང་པོ་མི་གསོད་ཅིང་ང་ཚོའི་ཤའང་ཟ་མི་སྲིད། བྱིས་པ་ཚོས་རྩེད་མོའི་ཚུལ་དུ་རྡོ་འཕེན་པ་དང་མཚམས་རེར་ང་ཚོའི་ཁང་སྒོར་ཐག་འགུགས་བཞག་སྟེ་ཕྱི་ལ་བུད་པ་དང་མཉམ་དུ་ང་ཚོའི་ལུས་ལ་བསྐོན་ནས་འཛིན་པ་ལྟ་བུ་རེ་ཟུང་ཡོད་མོད་མང་པོ་མེད། ཁོ་ཚོར་ང་ཚོའི་རྔ་མ་ལྟ་བུ་ཞིག་ཀྱང་མེད་པར་འཕོང་རིལ་ཡིན་ཞེས་ཞིམ་མངར་གྱི་ནུ་མ་སྣུན་ཞོར་ང་ཚོ་ལ་གཅེས་གཅེས་དུང་དུང་གིས་ཁ་ཏ་སློབ་གསོའི་སྐད་ཆ་མང་པོ་བཤད་པ་ད་དུང་དྲན་བཞིན་འདུག ཨ་མས་ད་དུང་ང་ཚོར་ད་ལྟ་འདི་ནས་ཁང་པའི་སྒོའི་ཕྱོགས་སུ་དཀར་འོད་སྤུ་ཉག་འདྲ་བ་ཞིག་མཐོང་བ་དེ་ནི་ཁང་པའི་སྒོར་ཐག་ཉེ་རུ་ཉེ་རུ་སོང་ན་ཇེ་གསལ་ནས་ཇེ་གསལ་དུ་གྱུར་ཏེ། ཕྱི་ལ་བུད་ཚེ་འོད་ཀྱི་འཇིག་རྟེན་ཆེན་པོ་སྣང་བའི་མཐའ་ཡས་བྱེད་ཅིག་ཡིན། དེ་བས་ཁྱེད་ཚོ་སང་གནང་ལག་ཆགས་ནས་སྒོར་བུད་ཐུབ་ཚེ་ཤར་རེར་སྒོར་བུད་མི་ཉན་པར་འོད་དང་མིག་གཉིས་ལོབས་སུ་འཇུག་དགོས་པས། ཉིན་ཁ་ཤས་ལ་ཁང་སྒོར་ཇེ་ཉེ་ཇེ་ཉེར་བཏང་ནས་ད་གཟོད་ཕྱི་ལ་འབུད་དགོས། འོན་ཏེ་ཕྱིའི་འོད་ཆེན་པོ་དེ་ནི་གོང་དུ་བཤད་པའི་ང་ཚོར་གནོད་བྱེད་མཁན་གྱི་སྲོག་ཆགས་དེ་དག་དང་རྩ་བ་ནས་མི་འདྲ་བ་མ་ཚད་དེ་ལས་ལྡོག་སྟེ་ང་ཚོའི་ལུས་ལ་བདེ་དྲོད་སྟེར་བའི་གཉེན་པོ་མཆོག་ཏུ་གྱུར་བ་ཞིག་ཡིན་པས་སྔངས་སྐྲག་མི་དགོས་ཞེས་གདམས། ང་ཚོས་ཨ་མས་གང་གདམས་པ་བཞིན་གཅིག་གཅིག་གཉིས་གཉིས་ཀྱིས་བསྒྲུབས་པས་འགལ་རྐྱེན་ཆེན་པོ་གང་ཡང་མ་ཡོད་པར་མིང་སྲིང་ཚོ་ལག་ཆགས་པས་མ་ཚད་སོ་སོར་བཟའ་གྲོགས་ཀྱང་ཡོད་པར་གྱུར་ཅིང་རིམ་བཞིན་ཕྲུ་གུའང་ཡོད་པར་གྱུར། ང་ཚོས་ཀྱང་ཨ་མས་ཐོག་མར་ང་ཚོ་ལ་གདམས་པ་བཞིན་ཕྲུ་གུ་ལ་ཁ་ཏ་སློབ་གསོ་གང་མང་བྱས་ཏེ་ལག་ཆགས་པར་བྱས། ཉིན་དེར་ཕྱི་ལ་ཉི་འོད་ཤིན་ཏུ་དྲོ་ཞིང་རླུང་བུ་འཇམ་པོ་ཞིག་གིས་ང་ཚོས་མི་དོས་པའི་རྩྭ་རྩེ་དག་སྒུལ་ཙམ་སྒུལ་ཙམ་བྱེད། ཁྱིམ་མཚེས་གཡས་གཡོན་དག་གི་བཟའ་མི་ཡོད་ཚད་ཀྱང་ང་ཚོ་དང་འདྲ་བར་ཁང་པའི་སྒོར་བུད་དེ་ཕལ་མོ་ཆེས་རྩྭ་ཟ་ཞོར་དུ་དགུན་སྐྱེལ་བར་གསོག་ཉར་གྱི་རྩྭ་ལྡུམ་ཁང་པའི་སྦུག་ཏུ་སྐྱེལ་བར་བྲེལ་བཞིན་འདུག ཕྲུ་གུ་འགའ་རེ་ལྟོ་བ་འགྲངས་རྗེས་རྩེད་མོར་གཡེང་ནས་ཡོད། སྐབས་ཤིག་ང་ཚོའི་མགོ་ཐོག་ནས་ཤུར་སྒྲ་འཇིགས་སུ་རུང་བ་ཞིག་གྲགས་པ་དང་མཉམ་དུ་ངའི་ཕྲུ་གུ་ཞིག་རྩེད་མོར་གཡེང་བའི་ཐོག་ཏུ་ནེའུ་ལེ་མིག་ཁྲ་ལོག་གེ་བ་ཅན་ཞིག་བབས་སོང་། ཕྲུ་གུས་ངུ་འབོད་བྱེད་བཞིན་པའི་སྒྲ་དེས་སྙིང་ཚལ་བར་གཤགས་ནའང་སྐྱོབས་པའི་ནུས་པ་ནི་གནམ་གྱི་སྐར་མ་ལེན་པའི་དཔེ་རུ་གྱུར་བས་སོ་སོར་སྐྲག་སྔངས་ཀྱིས་གང་བས་ལམ་གང་ཐོབ་ཀྱིས་ཁང་སྒོའི་ཕྱོགས་སུ་བྲོས་པ་ཡིན། ཁང་པའི་ནང་དུ་ཐོན་པ་ན་ངའི་སྙིང་ནི་ད་དུང་ལྟིག་ལྟིག་ཏུ་ལྡིང་བཞིན་འདུག ཡུན་རིང་ཙམ་འགོར་རྗེས་ང་འཇབ་བཞིན་འཇབ་བཞིན་ཁང་པའི་སྒོ་ནས་མགོ་ཕུད་ཙམ་གྱིས་ཕྱིའི་གྲགས་འགུལ་ལ་ཉན་ཞོར་བལྟས་པ་ན། ནེ་ལེ་དེ་སྔ་མོ་ནས་གང་ཞིག་ཏུ་འཕུར་སོང་བས་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག དེ་དུས་ཁྱིམ་མཚེས་དག་ཀྱང་ཕྱི་རུ་བུད་དེ་འཇིགས་སྐྲག་གི་ཁྲོད་ནས་ཁ་ཟས་འཚོལ་ཞིང་སྡུད་པར་ཡང་བསྐྱར་བྲེལ་བཞིན་གདའ། ངས་ཕྱོགས་བཞི་མཚམས་བརྒྱད་དང་གནམ་ལ་ལྟ་བཞིན་ལྟ་བཞིན་ད་ཅི་ཕྲུ་གུ་གསོད་སའི་བོ་འབུར་ཆེན་པོ་དེའི་ཟུར་དུ་བཅར། ནེ་ལེ་ལྕགས་ཀྱི་མཆུ་ཏོ་ཅན་དེས་ཡ་ང་སྙིང་རྗེ་མེད་པར་ངའི་ཕྲུ་གུ་བོ་འབུར་དེའི་སྟེང་ནས་ཟོས་ཏེ། ནང་ཁྲོལ་དྲི་ངན་ཅན་རེ་ཟུང་དང་སྤུ་ཁ་ཤས་རེ་ལས་ཅི་ཡང་བསྐྱུར་མི་འདུག ངས་དེ་རུ་སྐྱོ་བའི་མིག་ཆུ་བཏོན་ཞིང་ཡུན་རིང་བར་ངུས་ནས་བསྡད། གཉེན་དང་གྲོགས་འགའ་རེ་ངའི་རྩིབ་ཏུ་འོང་ནས་སེམས་གསོ་བྱེད། ང་ཚོའི་དཔོན་པོས་ཕར་གའི་ཉིན་ཁུག་ནས་ཚང་མར་གཟབ་གཟབ་དགོས་པའི་བརྡ་སྐད་ལྷིང་ལྷིང་སྒྲོག བརྡ་སྐད་དེ་གཅིག་ལ་གཅིག་བརྒྱུད་དེ་བྲག་ཅ་བཞིན་སྨད་ཕྱོགས་ཐག་རིང་གི་བར་གྲགས་སོང་། ཁང་ཕུག་ཏུ་ཉལ་ནས་མཚམས་རེར་མ་གཏོགས་སྒོར་བུད་མི་ཐུབ་པའི་ཕ་མ་བགྲེས་པོ་གཉིས་ཀྱི་རྣ་བར་ཡང་ངས་ཕྱི་ན་སེམས་སྡུག་བྱེད་བཞིན་པའི་གནས་ཚུལ་ཐོས་སོང་བས། ཀྱག་ཀྱོག་ངང་ངའི་རྩིབ་ཏུ་འོང་ནས་ང་ཚོ་ནི་ཁང་པའི་ཕྱི་ལ་བུད་པ་ནས་ཉེན་ཁ་ཞིག་གི་མགོ་བརྩམས་པ་ཡིན་པས་ན། སྒྲི་སྒྲི(རིག་པ་སྒྲིམ་པའམ་དོགས་ཟོན་གྱི་དོན)ཁོ་ན་བྱེད་དགོས་པ་ལས། རྩེད་མོར་གཡེང་བ་དང་སོས་དལ་བག་ལྷོད་ཀྱིས་སྡོད་ཆོག་པ་ཞིག་མིན་པ་ཁྱེད་ཚོ་ཆུང་དུས་ནས་བཤད་ཟིན་པ་དེ་འདྲ་རེད། ད་ཆ་ཁྱེད་ཚོ་ལག་ཆགས་ཏེ་བུ་ཕྲུག་ཀྱང་བཙས་ནས་ཕ་མར་གྱུར་སྐབས་རང་གི་བུ་ཕྲུག་ལ་ཁ་ཏ་སློབ་གསོ་གཟབ་ནན་གཏོང་དགོས། འོན་ཀྱང་ལས་འདི་འདྲར་ང་ཚོ་མ་གཞི་ནས་ལྡོག་ཐབས་མེད་པ་རེད་པས། ད་སེམས་སྡུག་མ་བྱེད་པར་རང་གིས་རྗེས་མར་གཟབ་གཟབ་བྱོས་ཞེས་སོགས་སྙིང་གཏམ་ཚ་མོ་མང་པོ་བཤད་དེ་ཀྱག་གེ་ཀྱོག་གེར་བུད་སོང་། ངས་ཕ་མ་གཉིས་ཀྱི་ལུས་ཀྱི་སྤུ་མདོག་ཉེས་པ་དང་བགྲོད་པའི་གོམ་འགྲོས་འཁྱོལ་བའི་ངང་ཚུལ་ལ་བལྟས་ཏེ་སླར་ཡང་མིག་ཆུ་རང་དབང་མེད་པར་ཤོར། སྐབས་དེར་ཕར་ཕྱོགས་ནས་ཨ་བྲ་ཞིག་གིས་ཡང་བསྐྱར་སྐད་ངན་ཤོར་བ་ཐོས་མ་ཐག་ངེད་ཅག་གིས་ལམ་གང་ཐོབ་ཀྱིས་སྡོད་ཁང་གི་ནང་དུ་བྲོས། དེ་ནི་ཕལ་ཆེར་ཝ་མོས་འཇབ་རྒོལ་ཡིན་པ་འདྲ་སྟེ། སྐད་ངན་དེ་ཐུང་ཚུལ་དང་གཉོམ་ཚུལ་ལ་བལྟས་ན་ཁམ་གང་བྱས་ནས་མཆེ་བ་རྣོན་པོའི་བར་བཙིར་སོང་བ་ཁོ་ཐག་ཡིན།
གཉིས།
        རྟ་ནོར་ལུག་གསུམ་སྤང་ཐང་དུ་བཀྲམ་པའི་དུས་དག་ནི་ང་ཚོར་མཚོན་ན་ཆེས་བག་གཡེང་གིས་རྒྱུ་ཆོག་པའི་སྐབས་ཡིན། མི་ཚོས་འཚོ་སྐྱོང་བྱེད་པའི་སྒོ་ཕྱུགས་དེ་དག་གིས་ང་ཚོར་གནོད་པ་ཅི་ཡང་མི་བྱེད་པས་མཉམ་དུ་རྩྭ་ལ་རོལ་ཆོག་པར་མ་ཟད། ཁོ་ཚོ་ཡོད་པའི་དུས་སུ་ཝ་དང་སྤྱང་ཀི་འདི་ཕྱོགས་སུ་དེ་འདྲ་བཏུད་མི་ནུས་ཤིང་། ནམ་མཁའི་བྱའང་སར་འབབ་མི་ཕོད་པས་ང་ཚོ་སྒོ་ཕྱུགས་དག་གི་མཆུ་ཏོའི་སྔུན་དང་སུག་བཞིའི་བར་སོགས་ནས་རྒྱུག་འདུར་གློད་ཆོག་པས་འཆམ་མཐུན་ངང་ཕྱིའི་འཇིག་རྟེན་གྱི་བདེ་སྐྱིད་ལོངས་སུ་སྤྱོད་ཆོག སྐབས་དེ་དག་ཏུ་འཕྱི་བ་དང་རི་བོང་དག་ཀྱང་ཞེ་སེམས་ལྷོད་ལ་བབས་སྟེ་སྤང་ཐང་ཆེན་པོའི་ཞིམ་མངར་གྱི་རྩྭ་ཆུར་རོལ་ནས་གནས་ཡོད། ད་དུང་མཚམས་དང་མཚམས་རེར་སྒོ་ཕྱུགས་ཀྱི་མཐའ་ནས་སྙན་ཞིང་འཇེབས་པའི་རྫི་གླུའི་དབྱངས་འགྲོས་དེ་དག་རླུང་བུ་འཇམ་པོས་ཁྱེར་ནས་ང་ཚོའི་རྣ་བར་སྐྱེལ་འོང་། བགྲེས་པོ་ཚོས་བཤད་ན་གླུའི་ནང་དོན་ནི་སྤང་སྔོན་མོ་འདི་གསེར་གྱི་གཞུང་བ་ལྟ་བུ་ཡིན་པས། རྩྭ་ཆུར་རོལ་བའི་སྲོག་ཆགས་ཚོའི་ལུས་ལ་ཤ་ཤེད་རྒྱས་ཤིང་མདངས་བཟང་བ། རིགས་རྒྱུད་འཕེལ་བས་བདེ་སྐྱིད་ལྷ་ཡུལ་གྱི་རྣམ་པར་འགྲན་པ་ཞིག་རེད་ཅེས་བརྗོད་བཞིན་འདུག་ཟེར། དེ་ནི་ཇི་འདྲའི་སྤྲོ་དགའ་འཕེལ་བ་ཞིག་རེད་ཨང་། ལོ་ཞིག་གི་དགུན་ཁར་ང་ཚོའི་མེས་པོ་ལོ་ལོན་དེས་ད་ལོ་དགུན་ཚུར་ཡོང་ནས་ང་ལ་རྨི་ལམ་འཁྲུགས་པོ་ཁོ་ན་འབྱུང་བཞིན་འདུག་པས། ངས་དཔྱད་པ་བཏང་བ་འགྲིག་ན་ང་ཚོའི་རིགས་འདི་ལ་ཆག་སྒོ་ཆེན་པོ་ཞིག་འོང་རྒྱུ་ཡིན་པ་འདྲ་ཞེས་ཐེངས་མང་པོར་གླེང་འོང་། ང་ཚོ་ལོ་ན་གཞོན་དར་ཅན་འགའ་རེ་སྡོད་ཁང་གི་སྒོར་བུད་ནས་ཕྱོགས་བཞིར་བལྟ་ཉན་ཇི་ལྟར་བྱས་ནའང་དགུན་འཁྱག་གི་གྲང་རླུང་ལུས་ལ་ཟུག་པ་དེ་ལས་གཞན་རྒྱུན་ལྡན་མིན་པའི་གནས་ཚུལ་ཞིག་གང་ཡང་མི་མཐོང་། ང་ཚོས་ཕྱིའི་གནས་ཚུལ་རྣམས་མེས་པོར་ཞུས་ནའང་ཁོའི་སེམས་ཁམས་ད་དུང་ལྷོད་ལ་འབབ་མི་ཐུབ་པར་འཚུབ་པོ་རྐྱང་བ་བྱེད། དགུན་དུས་རིང་མོ་བརྒལ་བའི་དཔྱིད་དུས་ཀྱི་ཞོགས་པ་དེར་ང་ཚོས་ཕྱིའི་མཁའ་དབུགས་གཙང་མ་དེ་རྔུབ་འདོད་ཀྱི་འདུན་པ་དང་འཇིག་རྟེན་དཀར་ངོགས་ཀྱི་བདེ་སྐྱིད་ཉམས་སུ་མྱོང་འདོད་ཀྱིས་སྔ་ཙམ་ནས་ཁང་བའི་ཕྱི་ལ་ཆས་པ་ཡིན། དེ་དུས་ཁྱིམ་མཚེས་ཚོའང་ང་ཚོ་ནང་བཞིན་སྒོར་བུད་ནས་ལ་ལས་རྩེད་མོ་རྩེ་བ། ལ་ལས་ཁ་ཟས་ཟ་བ། ལ་ལས་འདོད་བརྩེའི་བདེ་བ་རོལ་བ། ལ་ལས་ཁྱིམ་མཚེས་ཕན་ཚུན་བར་རྒྱུག་འདུར་གློད་པ་སོགས་སྔར་རྒྱུན་བཞིན་ཞོགས་པའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་ཡོད། མཚམས་ཤིག་ཏུ་ང་ཚོའི་ཐང་སྟོད་ཀྱི་བྱ་ར་བས་བོ་ཐོ་ཞིག་གི་ཐོག་ནས་ཙིག་ཙིག་ཙིག་་་་་་་ཅེས་ཉེན་བརྡ་རིང་བོ་ཞིག་བརྒྱབ་བྱུང་། ཉེན་བརྡ་དེ་གཅིག་གིས་གཅིག་ལ་བརྒྱུད་ནས་ཐང་ཆེན་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་བྲག་ཅ་བཞིན་མཆེད་སོང་། ང་ཚོས་རིག་པ་སྒྲིམ་ནས་རང་རང་གི་སྒོ་ཁར་འགྲོ་ཞོར་དང་ཕྱོགས་བཞི་ནམ་མཁའ་དང་བཅས་པར་མཉམ་འཇོག་བྱས། ཡིན་ནའང་ད་ཐེངས་ཀྱི་ཉེན་བརྡ་དེ་ནི་གཅན་གཟན་དང་འདབ་ཆགས་ཀྱི་འཇབ་རྒོལ་མིན་པ་འདྲ་སྟེ། སྲོག་ཤོར་བའི་ངུ་འབོད་ཀྱི་སྒྲ་ཞིག་ཐོས་རྒྱུ་མ་བྱུང་བས། ཚང་མ་ཀག་ལངས་བྱས་ཏེ་དོན་དངོས་སུ་ཉེན་བརྡ་དེས་ཅི་ཞིག་སྟོན་བཞིན་པར་བལྟས། དེ་དུས་ཁ་ཅིག་གིས་ལྟོས་དང་ལྟོས་དང་ཕར་ཕྱོགས་སུ་མི་མང་པོ་ཞིག་བསྟར་རིང་བསྒྲིགས་ནས་འོང་བཞིན་འདུག་ཅེས་ལབ་བྱུང་། ང་ཚོའང་བོ་ཐོ་རེའི་མགོར་བུད་ནས་བལྟས་པ་ན། མཐོང་ལ་མི་མཐོང་བའི་རྒྱང་རིང་གི་ཕར་ཕྱོགས་སུ་ཁྲུང་ཁྲུང་ལྷོ་རུ་བཞུད་དུས་ཀྱི་གྲལ་ལྟར་བསྒྲིགས་ནས་མི་མང་པོ་ཞིག་འོང་བཞིན་འདུག ང་ཚོས་ད་སྔར་སྒོ་ཕྱུགས་ཀྱི་རྫི་བོ་དང་ཤིང་ཐུན། རྩྭ་ཐུན། གྲོ་མ་རྐོ་མཁན་སོགས་མི་མི་ཉུང་བ་ཞིག་དུས་བཞིར་རྒྱུན་དུ་མཐོང་རྒྱུ་ཡོད་མོད། ད་ཐེངས་ལྟ་བུའི་མི་མང་ཞིག་མཉམ་དུ་སྤང་ཐང་འདིར་འོང་བ་ཚེ་ཐོག་འདིར་མཐོང་ག་ལ་མྱོང་། དེ་བས་ཚང་མས་ཁ་ལ་ཟ་རྒྱུ་དང་རྩེད་མོ་རྩེ་བ་སོགས་བསྐྱུར་ནས་ངོ་མཚར་མཚར་གྱིས་ཕར་ཕྱོགས་སུ་ཧད་འདུག མི་དེ་དག་གིས་ལག་ཏུ་སྒྱེ་མོ་དཀར་པོ་རེ་རེ་ཐོགས་ཤིང་། ལག་ཤུབས་དཀར་པོ་རེ་རེ་གྱོན་ཡོད་པར་མ་ཟད། སྒྱེ་མོའི་ནང་ནས་དངོས་པོ་ཅི་ཞིག་མགོ་སྒུར་ནས་ས་ལ་བླུགས་ཙམ་བླུགས་ཙམ་བྱེད་བཞིན་འོང་བཞིན་འདུག ཁོ་ཚོ་ནི་སྤང་རི་ལ་མེ་ཤོར་བ་ལྟར་ང་ཚོའི་ཕྱོགས་སུ་ཇེ་ཉེ་ནས་ཇེ་ཉེར་བཏུད་འོང་། ང་ཚོ་བྲོས་ནས་ཁང་སྒོར་སོང་ནས་ནང་དུ་འཛུལ་བེ་ལེན(ལས་གང་ཞིག་བསྒྲུབ་པའི་གྲ་སྒྲིག་ཚགས་སུ་ཚུད་པ་བྱས་པའི་དོན)གྱིས་བལྟས། ཡིན་ནའང་མི་དེ་དག་གིས་ང་ཚོར་རྡོ་ཡིས་རྒྱག་པ་སོགས་ཀྱི་གནོད་གང་ཡང་བྱེད་བཞིན་མེད་མོད་ང་ཚོའི་ཁང་པ་དག་གི་སྒོ་རུ་ཁུག་མའི་ནང་གི་ཅི་ཞིག་ལག་ཤུབས་དཀར་པོ་གྱོན་པའི་ལག་པས་སྤར་མོ་གང་རེ་གང་རེ་གཏོར་ནས་འོང་བཞིན་འདུག་པས་ང་ཚོ་དེ་བས་ཀྱང་ཡ་མཚན་པར་གྱུར། ད་དུང་ཅི་ཞིག་བཤད་ཞོར་ཧ་ཧ་ཧོ་ཧོའི་དགོད་སྒྲ་འབྱིན་བཞིན་ངེད་ཚང་དང་ཆེས་ཐག་ཉེར་བཏུད་བྱུང་། དེ་དུས་ང་ཚོ་མྱུར་བར་ཁང་པའི་ནང་དུ་འཛུལ་བ་ཡིན། བསེར་བུའི་རྒྱུ་ཕྱོགས་ཤིག་གིས་ང་ཚོའི་སྡོད་ཁང་དུ་སྔར་སྣོམ་མ་མྱོང་བའི་དྲི་མ་ཞིམ་པོ་ཞིག་འཐུལ་འོང་། ཕ་མ་བགྲེས་པོས་བཤད་ན་སྔོན་ཆད་ཡིན་ན་དབྱར་གཞུང་གི་བགྲང་མི་ཚར་བའི་མེ་ཏོག་སྣ་ཚོགས་ཀྱི་ཁྲོད་ན་དྲི་མ་འདི་ཡོད་མོད། ད་ལྟ་ནམ་ཟླ་དཔྱིད་དུས་སུ་དྲི་ཞིམ་འདི་འདྲ་ཞིག་གློ་བུར་དུ་འཐུལ་བ་ལྟས་ཡག་པོ་ཞིག་ཡིན་བློ་མི་ཤར་ཞེས་ཡིད་མི་བདེ་ལོང་ལོང་བྱེད། འོན་ཏེ་ང་ཚོར་དྲི་ཞིམ་དེས་འགྲམ་ཆུ་ལྡང་པར་བྱས་པས། སུ་མགྱོགས་གང་མགྱོགས་ཀྱིས་སྡོད་ཁང་གི་སྒོར་རྒྱུག ཁང་སྒོར་བུད་པ་ན་གཡང་སྒོ་སྐྱེལ་ཞེས་པའི་དཔེ་ལྟར་ད་ཅིའི་དྲི་མ་ཞིམ་པོ་འཐུལ་ས་ནི། ཁང་པའི་སྒོར་བུད་མ་ཐག་པའི་ས་རུ་འདུག དེ་ནི་ད་སྔ་མཐོང་མ་མྱོང་བའི་མེ་ཏོག་གང་ཞིག་གི་ཟེའུ་འབྲུ་དང་ཅུང་འདྲ་བའི་རིལ་བུ་སྐྱ་བོ་ཏག་ཏག་རེད་འདུག ང་ཚོས་ངོ་མཚར་དང་བཅས་བཟའ་མགོ་བརྩམས། ཚང་མས་སུས་ཐོབ་གང་ཐོབ་ཀྱིས་ཟ་བཞིན་པའི་སྒང་དུ་ངའི་ཕྲུ་གུ་ཆུང་ཆུང་ཞིག་གིས་ཁང་པའི་ནང་དུ་སྡུག་སྐད་བརྒྱབ་བྱུང་། ངས་ཟ་འཕྲོ་བྱས་ཏེ་མྱུར་བར་ཁང་པའི་ནང་དུ་རྒྱུག་ཕྱིན་པ་ན། ཁོ་ཚོས་རྩེད་རྔ་འཁྱོགས་ཏེ་ཆེ་བ་གཉིས་ཀྱིས་ཆུང་བ་གཅིག་བར་ལ་བཞག་ནས་ལུས་པོར་ན་བ་ཅུང་རེ་བྱས་འདུག ངས་ཕྱོགས་གཅིག་ནས་ཕྲུ་གུ་ཆེ་བ་གཉིས་ལ་དེ་འདྲ་མི་འོས་ཚུལ་དང་། ཆུང་བར་སེམས་གསོ་གཏོང་བཞིན་ཚང་མར་ནུ་མ་སྣུན། ནུ་མ་སྣུན་ཚར་མ་ཐག་ཏུ་ངས་ད་ཅིའི་ཕྱི་ཡི་ཟས་ཞིམ་པོ་དེ་ཟ་འདོད་ཀྱིས་མྱུར་བར་ཕྱི་ལ་རྒྱུག་པ་ཡིན། འོན་ཏེ་ཕྱི་ཡི་ཟས་ཞིམ་དེ་ཤུལ་ཙམ་ཡང་མེད་པར་ཟ་ཚར་བས་མི་ཚད། སྒོ་གཞན་དག་ཏུ་རྒྱུག་ནས་འཕྲོག་རྩོད་ཀྱིས་ཟ་བཞིན་འདུག རང་ལ་ཟས་ཞིམ་པོ་དེ་ཁམ་གང་དོ་ཞིག་ལས་ཟ་རྒྱུ་མ་རག་པ་ནི་ཕྲུ་གུ་ཚོ་ལན་པས་ཁོ་ཚོའི་སྟེང་དུ་ཚིག་པ་རེ་ཟོས་ནས་སྡོད་རྒྱུ་ལས་ཐབས་ཤེས་མ་བྱུང་། ཅུང་མ་འགོར་བར་ངའི་རིགས་མཐུན་ཚོའི་ལྟོ་བར་ཟུག་གཟེར་དྲག་པོ་བརྒྱབ་ནས་ངུ་འབོད་ཀྱིས་རི་ལུང་བཀང་། འདྲེ་ལྡོག་བརྒྱབ། སུག་བཞི་གནམ་ལ་བསྟན། ལུས་ནས་རྔུལ་ཆུ་ཐོན། ང་ནི་ཧོན་ཐོར་ནས་ཅི་བྱེད་འདི་བྱེད་མེད་པར་ལུས། མཚམས་ཤིག་ནས་རང་གི་ལྟོ་བར་ཡང་ན་ཟུག་རྒྱག་མགོ་བརྩམས། ངས་ཕྲུ་གུ་དམར་འབྱར་ཚོ་དྲན་ནས་ན་ཟུག་བཙན་གྱིས་སྲན། གོག་མ་ནུར་གྱིས་ཁང་པའི་ནང་དུ་འཛུལ། མཚམས་རེར་ཀླད་པའི་ནང་དུ་ནག་ཐིབས་སེ་ནག་ཐིབས་སེ་སོང་ནས་དྲན་མེད་དུ་ཐེངས་འགར་བརྒྱལ། སྐྱུགས་མེར་ལངས་ནས་ཁོག་པའི་ནང་ཁྲོལ་ཡོད་ཚད་ཕྱི་ལ་བུད་བྱུང་སྙམ་པ་བྱུང་བ་དང་བསྟུན། དྲི་བཙོག་སྣ་ཁུང་སྦྲིད་པ་ཞིག་གིས་ཀླད་ཁམས་དཀྲུག་པར་བྱེད། གོག་མ་ནུར་གྱིས་སོང་སོང་མཐར་ཕ་མ་བགྲེས་པོ་གཉིས་དང་ཕྲུ་གུ་ཚོ་ཡོད་སའི་ཚང་མལ་དུ་ཐོན་ཙམ་བྱུང་། དེར་སླེབས་དུས་ཡང་བསྐྱར་ཧོན་ཐོར་བའི་གནས་ཚུལ་ཞིག་བྱུང་བ་ནི། ཕྲུ་གུ་ཚོའི་ལུས་ལ་ཟུག་གཟེར་བརྒྱབ་ནས་ངུ་སྔངས་དྲག་པོ་བྱེད་པ་དང་། ཕ་མ་བགྲེས་པོ་གཉིས་ཀྱིས་ང་དང་ཕྲུ་གུ་ཚོར་བལྟས་ནས་མིག་ཆུ་ཤོར། ངས་ཕྲུ་གུ་ཚོར་བལྟས་ནས་མིག་ཆུ་ནི་ཕྱི་རོལ་དུ་དབྱར་ཁའི་ཆར་བ་བབས་པར་ལྟར་འཐོར། ཡིན་ནའང་བགྲེས་པོ་གཉིས་ལ་ང་བསྐྱོར་བའི་ནུས་པ་མེད་ཅིང་། ང་ལ་ཕྲུ་གུ་ཚོ་བསྐྱོར་བའི་ནུས་པ་མེད་པར་གཅིག་གིས་གཅིག་ལ་བལྟས་ནས་མིག་ཆུ་འདོན་རྒྱུ་ལས་ཐབས་ཤེས་གཞན་གྱིས་སྟོང་བར་གྱུར།
གསུམ།
        གློ་བུར་དུ་འཕྲད་པའི་ཤི་གསོན་གྱི་གཡུལ་འཐབ་དྲག་པོ་དེའི་ཁྲོད་དུ་ངའི་ཕ་མ་བགྲེས་པོ་གཉིས་ལ་ཁ་ཟས་སྦྱིན་མཁན་མ་བྱུང་བས་མུ་གེར་ཤི་ཞིང་། ཕྲུ་གུ་དམར་འབྱར་གསུམ་ལས་གཅིག་མ་གཏོགས་རང་ལ་འོ་མ་སྡུད་རྒྱུ་མ་ཡོད་པས་འཆི་ལམ་སྙེག་སོང་།
        ཉིན་ཞག་ག་ཙམ་འགོར་བའང་མ་ཤེས་མོད། ངའི་ལུས་ཀྱི་ཟུག་གཟེར་དྲག་པོ་དེ་ཅུང་འཇགས་པ་ན། ང་རང་དལ་བ་དལ་བུར་སྒོར་བུད་ནས་རྩྭ་ཟ་བར་ཕྱིན། སྒོ་ཁ་བརྒྱུད་པའི་ལམ་བར་དག་ཏུ་ངའི་གཉེན་ཉེ་མང་པོ་ཤི་འདུག་ཅིང་། སྒོར་བུད་པ་ན་དེ་བས་ཀྱང་འཇིགས་ཡེར་བ་སྟེ། ཁྱིམ་མཚེས་གཡས་གཡོན་གྱི་ཁང་སྒོ་ཡོད་ཚད་རོ་ཡིས་ཁེངས་འདུག་པས་ལྟ་བ་མིག་གིས་མི་བཟོད་པ་ཞིག་འདུག ཤ་སྦྲང་མང་པོས་གཤོག་པའི་ཟུར་སྒྲ་ལས་གཞན་གྲགས་འགུལ་ཅི་ཡང་མེད་པའི་འཇིག་རྟེན་ཞིག་ཆགས་འདུག མི་རིང་བའི་ས་ན། ང་ཚོ་ནམ་ཡང་སྐྲག་ཅིང་སྔངས་སའི་ཝ་ཞིག་དང་ནེ་ལེ་ཞིག་ཀྱང་ཁ་གདང་མིག་ཅེར་ནས་ཤི་འདུག ང་རང་ཕྱིའི་ཡ་ང་བའི་འཇིག་རྟེན་དེར་ཧོན་ཐོར་ནས་ལུས་སོང་། སེམས་པ་ལུས་སུ་སྡུད་ཐུབ་ཙམ་ནས་ངས་མྱུར་བར་ཁང་སྒོའི་རྩྭ་ཟོས་པ་ཡིན། བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་བར་བྱས་ཏེ་མྱུར་བར་ཕྱིར་མ་སོང་ན་ཕྲུ་གུ་དམར་འབྱར་ཤི་ལ་ཁད་གཅིག་པོར་ནུ་མ་སྡུད་དགོས་པ་མིན་ནམ། ཤི་མ་གསོན་གྱི་ངེད་མ་བུ་གཉིས་ཡུན་གྱིས་ཡུན་གྱིས་ལུས་ཟུངས་ཇེ་ལེགས་སུ་གྱུར་ཏེ་གསོན་ཐུབ་པར་གྱུར། འོན་ཀྱང་ཕ་མ་དང་བུ་ཕྲུག་གཞན་དག མིང་སྲིང་ཚོ། གཉེན་ཉེ། ཁྱིམ་མཚེས་སོགས་གཅིག་ཀྱང་མ་ལུས་པར་ཤི་ཟིན་པ་དང་། ཐ་ན་ཐང་ཆེན་འདིའི་རིགས་མཐུན་སྤུན་ཟླ་ཕལ་མོ་ཆེ་མཐོང་ཐོས་ཀྱི་ཡུལ་ནས་བཞུད་སོང་བས། ཕྱིའི་འཇིག་རྟེན་ལ་དུས་བཞིའི་ཁ་དོག་ཐེངས་འགར་བརྗེས། ད་ལྟ་ངེད་མ་བུ་གཉིས་ཀྱིས་ལུས་སེམས་ལྷོད་ལ་བབས་ནས་རྩྭ་གང་འདོད་དུ་ཟ་ཆོག་སྟེ། གཅན་གཟན་དང་འདབ་ཆགས་ཀྱི་འཇིགས་པ་ཞིག་ཕལ་ཆེར་མི་འདུག དུས་བཞིའི་ཁ་དོག་མང་ཙམ་བརྗེས་པའི་ལོ་ཁ་ཤས་ཀྱི་རྗེས་ནས་སྔོན་ཆད་ཀྱི་རྦ་རླབས་ལྟ་བུའི་རྩྭ་རྩི་ཏོག་ནི་རིམ་བཞིན་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཏེ། རི་ལུང་ཀུན་ནག་ཐིང་ངེར་གྱུར། དེ་ལྟར་གྱུར་བས་སྔོན་གྱི་སྐད་སྙན་སྣ་ཚོགས་འབྱིན་པའི་བྱེའུའི་ཚོགས་དང་གར་སྟབས་བར་མེད་བསྒྱུར་བའི་བྱེ་མ་ལེབ། གཤོག་སྒྲ་སྙན་མོ་སྒྲོག་བའི་བུང་བ། དེ་བཞིན་དུ་འབུ་ཆ་ག་བ་སོགས་རྩྭ་གསེབ་ཏུ་བརྩི་མི་ཚར་བའི་འབུ་རིགས་ཁྲི་སྟོང་ཡང་གང་ཞིག་ཏུ་བཞུད་སོང་བའམ། སར་འཐིམ་སོང་བ་མི་ཤེས་ཏེ། གཅིག་ཀྱང་མི་འདུག རྒྱང་རིང་ན་རྫི་གླུའང་ཐོས་རྒྱུ་མེད་ཅིང་རྟ་ནོར་ལུག་གསུམ་མཐོང་རྒྱུ་མེད་པར་གྱུར། ཕལ་ཆེར་འབྲོག་ཁྱིམ་དག་ཀྱང་གནས་སྤར་ནས་གང་ཞིག་ཏུ་བུད་སོང་བ་འདྲ། གང་ལྟར་ད་ནི་སྲོག་ཆགས་ཀྱི་ཡུལ་གྲུ་ཆེན་པོ་འདི་མྱ་ངམ་གྱི་ཐང་ཆེན་ཞིག་ཏུ་གྱུར་བས་རང་ཉིད་ཀྱང་གསོན་པར་དོན་སྙིང་མེད་པའི་སྣང་བ་བྱུང་། ཆེ་བ་སྒོ་ཕྱུགས་དང་གཅན་གཟན་རི་དྭགས། ཆུང་བ་ཙི་གུ་དང་བྱ་བྱེའུ་འབའ་འབུ་སྟེ། གྲོགས་པོ་མང་པོའི་འདུ་འགོད་རབ་ཏུ་འཁྲིགས་པའི་ཐུན་མོང་མཉམ་གནས་ཀྱི་ཡུལ་གྲུ་ཆེན་པོ་འདི་ལ་བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བྱུང་བས་ཕྱོགས་གང་ལ་བལྟས་ཀྱང་སྐྱོ་ལྷང་ངེ་བ་ཞིག་ལས་མེད་པར་གྱུར།
        གོད་ཆགས་ཆེན་པོ་དེའི་སྐབས་ཀྱི་ཤི་འཕྲོ་ལྷག་དུམ་དུ་གྱུར་བའི་ངའི་རིགས་མཐུན་འགའ་རེ་རྩྭ་ལྡུམ་རྐང་གཅིག་རེའི་ཆེད་དུ་ཐང་མགོ་ནས་ཐང་རྐེད་དུ་རྡུལ་འཚུབ་བེར་རྒྱུག་བཞིན་འདུག ངས་ཁང་སྒོ་ནས་ཡུན་རིང་ཞིག་ཏུ་བསམ་བློ་བཏང་མཐར་རང་ཤི་རྒྱག་རྒྱུའི་ཐག་བཅད་པ་ཡིན། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1