ཧུང་ཡོན་རྫོང་གི་འབྲོག་པའི་འཚོ་བ་ཕུན་སུམ་ཚོགས།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-03
སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་བདེ་ཞིང་གྲོང་ཚོའི་འབྲོག་པ་གཞིས་ཆགས་ཁུལ་གྱི་གཞུང་ལམ་གྱི་གཞོགས་གཉིས་སུ་ཚང་ཚིང་ལྗོན་ཤིང་གིས་ཁེངས་པ་དང་གསར་དུ་བསྐྲུན་པའི་གཞིས་ཆགས་ཁང་པ་གྲལ་སྟར་འགྲིག་པོས་བསྐྲུན་ཡོད། “སྡོད་ཁང་གཙང་མར་སྡོད་པ་དང་། བགྲོད་ལམ་ཡངས་པོར་སྐྱོད་པ། གསང་སྤྱོད་གཙང་མ་སྤྱོད་པ”དེ་ནི་འབྲོག་པའི་དེ་སྔོན་གྱི་བསམ་འདུན་ཡིན། ད་ཆར་བསམ་འདུན་དེ་སྤྱིར་ན་འགྲུབ་ཡོད་པ་རེད།
ཟླ་8པའི་ཟླ་སྟོད་ནི་སྐལ་བཟང་མེ་ཏོག་བཞད་པའི་དུས་ཚིགས་རེད། གསར་འགོད་པ་ཧུང་ཡོན་རྫོང་དུ་འབྱོར་ནས་དམར་དམག་རྒྱང་སྐྱོད་བྱེད་སའི་རྩྭ་ཐང་དེར་འབྲོག་པའི་འཚོ་བའི་འཕོ་འགྱུར་ཆེན་པོ་ཉམས་སུ་མྱངས།
ཧུང་ཡོན་རྫོང་དུ་སྔོན་ཆད་རྩྭ་ཆུར་བརྟེན་ནས་སྐྱས་སྤོ་བའི་སྲོལ་རྒྱུན་གྱི་འབྲོག་ལས་གཉེར་གྱི་ཡོད། ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་བདེ་ཞིང་གྲོང་ཚོའི་འབྲོག་པ་ཚེ་རིང་རབ་དཔལ་གྱིས“སྐྱས་སྤོའི་འཚོ་བ་ཧ་ཅང་དཀའ་སྡུག་ཆེ། སྦྲ་གུར་ནང་ཡུན་རིང་བསྡད་ན་གྲུམ་བུའི་ནད་ཀྱང་ཕོག་སླ་པོ་ཡོད”ཅེས་བཤད་ཅིང་། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་དང་། འབྲོག་པ་གཞིས་ཆགས། སྡོད་ཁང་གི་དཀའ་ངལ་སེལ་བ་སོགས་ཀྱི་དམངས་འཚོའི་ལས་གྲྭར་བརྟེན་ནས་འབྲོག་པའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་པ་རེད།
གསར་འགོད་པས་མཐོང་བ་ལྟར་ན། ཚེ་རིང་རབ་དཔལ་ཁྱིམ་གྱི་ནང་མི་6པོ་སོ་ཕག་དང་ཨར་འདམ་ལྕགས་རྩིབས་མས་བརྒྱབ་པའི་བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་ཁང་པར་བསྡད་ཡོད་པ་དང་། སྨི་ངོས་གྲུ་12ཟིན་པའི་ཐབ་ཚང་གཙང་ལ་གྲལ་སྒྲིག་ཅིང་། ཆུ་གློག་རླངས་གསུམ་ཁྲིད་ཡོད་པ་དང་འཁྱགས་སྒམ་དང་རླབས་ཐབ་སོགས་སྒྲིག་བཀོད་ཆ་ཚང་ཡོད། སྨི་ངོས་གྲུ་10ཙམ་ཟིན་པའི་གསང་སྤྱོད་ནང་ཆབ་གཞོང་དང་གཟུགས་པོ་འཁྲུ་བྱེད་ཀྱི་སྒྲིག་བཀོད་སོགས་གང་དགོས་ཚང་མ་ཡོད་པ་རེད།
“མེས་པོ་རྣམས་ཀྱི་སྐྱས་སྤོས་འཚོ་བ་དང་བསྡུར་ན། ད་ཆ་ང་ཚོའི་འཚོ་བ་ཧ་ཅང་ཡག་ཏུ་ཕྱིན་ཡོད”ཅེས་ཚེ་རིང་རབ་དཔལ་གྱི་བུ་མོ་ལོ་18ལ་སླེབས་པ་དང་། ད་ཆ་མཚོ་སྔོན་ཞིང་ཆེན་རིག་གནས་སྒྱུ་རྩལ་སློབ་གྲྭ་འགྲིམ་བཞིན་པའི་ཕུར་བ་མཚོས་དེ་ལྟར་བཤད་ཅིང་། ཁོང་གིས་གཞིས་ཆགས་ཀྱི་འཚོ་བ་མེད་ན། ང་ཧ་ལམ་སློབ་སྦྱོང་བྱེད་ཐབས་བྲལ་ལ་དེ་བས་ཀྱང་སྒྱུ་རྩལ་སློབ་གྲྭར་ཡིག་ཚད་ལོན་མི་སྲིད”ཅེས་བཤད།
གཞིས་ཆགས་ཀྱི་འཚོ་བ་སྐྱེལ་བའི་འབྲོག་པར་མཚོན་ན། ཆེས་དངོས་ཡོད་ཀྱི་གནད་དོན་ནི་ཇི་ལྟར་བྱས་ནས་ཡོང་འབབ་འཕར་བར་བྱ་རྒྱུ་དེ་རེད།
འབྲོག་པ་ཚེ་རིང་རྡོ་རྗེས་ཐོན་ལས་དང་འབྲོག་ལས་མཉམ་འདྲེས་ཀྱི་དེང་རབས་འབྲོག་ལས་གོང་འཕེལ་བཏང་ནས་འདེབས་གསོ་ཟུང་འབྲེལ་གྱི་ཕྱུག་འགྱུར་ལམ་བུར་བསྐྱོད་ཡོད། མིག་སྔར་ཁོང་གི་རྩྭ་རའི་རྒྱ་ཁྱོན་མུའུ་13000ཟིན་ཁར་འབྲི་གཡག་500ཡོད་པས་ལོའི་ཡོང་འབབ་སྒོར་ཁྲི་70ཙམ་ཟིན་གྱི་ཡོད། ཁོང་གིས་དུད་ཚང་དབུལ་པོར་ལས་ཞུགས་ཀྱི་ལས་གནས་10མཁོ་འདོན་བྱས་པ་དང་དུད་ཚང་དབུལ་པོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ལྷག་འཕར་ཐབས་བྱས་ཡོད།
ཧུང་ཡོན་རྫོང་ཁོར་ཡུག་སྲུང་སྐྱོང་ནགས་ལས་ཅུས་ཀྱི་ཅུས་ཀྲང་ཧོར་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་ཧུང་ཡོན་རྫོང་གིས“མི་རྩྭ་ཕྱུགས་གསུམ་དོ་སྙོམས”དང“མཉམ་བགོས་ཟུང་འབྲེལ”“ཐོན་ལས་དང་འབྲོག་ལས་མཉམ་འདྲེས”བཅས་ཀྱི་དེང་རབས་རྩྭ་ཐང་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པར་བརྟེན། འབྲོག་ཁུལ་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་གྲུབ་ཡོད།
ད་ལྟའི་གནས་བབ་ལ་ཡིད་མི་ཚིམ་པའི་ཚེ་རིང་རྡོ་རྗེས་ད་དུང་འབྲོག་པའི་སྤྲོ་སྐྱིད་ཁང་དང་ཁྱད་ལྡན་བོད་ཁྱིམ་སོགས་ཐོན་ལས་གསུམ་པར་ཕྱོགས་སྒྱུར་དང་གོང་འཕེལ་བཏང་བ་རེད།
“ཕྱོགས་སྒྱུར་བྱས་པ་ལས་ཡོང་འབབ་ཡག་པོ་རག་བྱུང”བདེ་ཞིང་གྲོང་ཚོའི་འབྲོག་པ་པད་མ་ཤེས་རབ་ཀྱིས། ངས་སྔོན་ཆད་སོ་ཕག་བཟོ་གྲྭ་ཞིག་གཉེར་ནས་འབད་བརྩོན་གང་མང་བྱས་ཀྱང་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ཙམ་ལས་རག་གི་མེད། ད་ཆ་ཡུལ་སྐོར་ཞབས་ཞུའི་ལས་རིགས་གཉེར་བས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་རག་གི་འདུག་ཅེས་གསར་འགོད་པར་བཤད།
“ཉེ་བའི་ལོ་ཤས་རིང་། ཧུང་ཡོན་རྫོང་གིས་བོད་མི་རིགས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ཏེ་མི་རིགས་ཀྱི་རིག་གནས་ཕུན་སུམ་ཚོགས་པོ་མངོན་པ་དང་། འབྲོག་ལས་དང་ཡུལ་སྐོར་ཟུང་འབྲེལ་གྱི་ཐོན་ལས་རིམ་སྤོར་ཡོང་རྒྱུར་སྐུལ་འདེད་བཏང་ཁར། འབྲོག་ཁུལ་གྱི་རྒྱུན་སྲིང་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་ཧུང་ཡོན་རྫོང་གི་རྫོང་དཔོན་འཇམ་དབྱངས་བློ་བཟང་གིས་བཤད་ཅིང་། ཁོང་གིས། ཧུང་ཡོན་རྫོང་གིས་2016ལོར་གཉེར་བའི་གཡག་རོལ་དབྱངས་དུས་ཆེན་སྐབས་དང་པོའི་ཐོག་ཉིན་3ལ་ཡུལ་སྐོར་གྱི་ཡོང་འབབ་སྒོར་ཁྲི་6253རག་པ་དང་། ད་ལོ་གཉེར་བའི་གཡག་རོལ་དབྱངས་དུས་ཆེན་སྐབས་གསུམ་པའི་རིང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་1ལྷག་ཟིན་རེ་ཡོད་ཅེས་བཤད་པ་རེད།