༄༅།། བོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག་སྐོར་བརྗོད་པ།
གདུགས་དཀར་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ་ཞིབ་འཇུག སྤེལ་དུས། 09-03
གདུགས་དཀར་ཚེ་རིང་།
གླེང་གཞི།
བོད་ཀྱི་གནའ་བོའི་དམངས་ཁྲོད་རྩོམ་རིག་ནི་མདོ་དབུས་མཐོ་སྒང་ཆེན་པོའི་བདག་པོ། ལས་ལ་བརྩོན་ཞིང་དཔའ་རྩལ་ལྡན་ལ་གཞུང་རྒྱུད་དྲང་ཞིང་བློ་རིག་བཀྲ་བའི་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་དུས་ཡུན་རིང་བོའི་ནང་རང་བྱུང་ཁམས་ཆེན་པོ་ངོས་འཛིན་དང་བསྒྱུར་བཀོད་བྱེད་པའི་ཁྲོད་དུ། ཤེས་རིག་རྣོ་བའི་མཐུ་ལ་བརྟེན་ནས་གསར་སྐྲུན་བྱས་པ་ཡིན་ལ། དེ་ཡིས་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་རིག་གནས། ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་དང་སྐད་རིགས་སོགས་མཚོན་ཡོད་པས། སྔོན་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པ་རེད། དེ་ལྟར་གལ་ཆེ་ཞིང་ནང་དོན་ཕུན་སུམ་ཚོགས་པའི་གནའ་བོའི་དམངས་ཁྲོད་རྩོམ་རིག་དེ་ཇི་ལྟར་བྱུང་ཚུལ་དང་རྣམ་པ་ཇི་ལྟ་བུའི་སྒོ་ནས་བྱུང་ཚུལ། རྣམ་གྲངས་ཇི་འདྲ་དང་དར་ཁྱབ་ཇི་ལྟར་སོང་བའི་སྐོར་ལ་ཡོངས་ཁྱབ་སྒོས་ཞིབ་འཇུག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་ལ་དོན་སྙིང་ལྡན་པ་ཞིག་ཡིན་མོད། ཚང་མས་ཤེས་གསལ་ལྟར། དམངས་ཁྲོད་རྩོམ་རིག་ནི་མིའི་འགྲོ་བ་བྱུང་ནས་ཚད་ངེས་ཅན་ཞིག་སླེབས་ཏེ་རང་གི་དད་མོས་དང་འཚོ་བའི་དགོས་མཁོ་ཡི་དོན་དུ་སྐད་ཆ་བསྐྲུན་པ་ནས་དར་ཡོང་བས་བོད་གདོད་མའི་ཆོས་ལུགས་བོན་ཆོས་དང་འབྲེལ་བ་ཟབ་མོ་ཡོད་སྲིད་པར་བརྟེན། ཁྲི་སྲོང་ལྡེའུ་བཙན་རིང་བོན་ཆོས་བསྣུབས་པ་དང་ལྷག་པར་རྒྱལ་བོ་དར་མས་ཆོས་ཡོངས་བསྣུབས་ཏེ། གཞི་རྒྱ་ཆེན་པོའི་འབངས་གྱེན་ལོག་བྱུང་ནས་རྒྱལ་ཁབ་སིལ་བོར་ཐོར་ཏེ་བོད་སྤྱི་ཚོགས་ལ་ཟིང་ལོང་ཆེན་པོ་བྱུང་བ་དེས་གནའ་རབས་ཀྱི་ལོ་རྒྱུས་ངག་རྒྱུན་དང་ལྷ་སྒྲུང་། མོ་ཚིག་སོགས་རྩོམ་རིག་མང་པོ་ཡང་རིམ་གྱིས་ནུབ་ཏེ། དམངས་ཁྲོད་ཀྱི་ངག་རྒྱུན་དང་ཏུན་ཧོང་། ཞིན་ཅང་གི་ས་འོག་ཏུ་ཅུང་ཙམ་ལུས་པ་ལས་གཞན་ཐམས་ཅད་ནམ་མཁའི་འཇའ་ལྟར་ཡལ་ཟིན་པ་རེད། དེ་ལྟ་ནའང་སྟབས་ལེགས་པ་ཞིག་ནི་ཉུང་ཙམ་ལུས་པའི་ནང་དུ་ངག་རྒྱུན་དང་ལྷ་སྒྲུང་། མགུར་གླུ། མོ་ཚིག གཏམ་དཔེ། ལེགས་བཤད་སོགས་གནའ་བོའི་རྩོམ་རིག་གི་དཔེ་མཚོན་བྱེད་ཙམ་ཡོད་པས་ང་ཚོས་བོད་ཀྱི་གནའ་བོའི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་ལ། དེ་བས། བསྟན་པ་ཕྱི་དར་རྗེས་སུ་སྲོལ་བཙུགས་པའི་བཅུ་ཕྲག་རིག་པའི་གནས་ལ་བོད་མི་དམངས་ཀྱིས་དགའ་བསུ་དང་ལེན་བྱས་ཏེ་དར་ཁྱབ་ཆེན་པོ་བྱུང་ཐུབ་པ་ཡང་ཆོས་ལུགས་དང་ཆབ་སྲིད་སོགས་རྒྱུ་རྐྱེན་གཞན་འཛོམས་པ་ལས་ང་ཚོས་བལྟས་ན་ཐག་གཅོད་ཀྱི་རང་བཞིན་ལྡན་པའི་རྒྱུ་རྐྱེན་གལ་ཆེ་བ་ནི་བོད་རང་ལ་གནའ་རབས་ནས་དེའི་ནང་དོན་དང་ཅུང་མཚུངས་པའི་ངག་ཐོག་གི་རྩོམ་རིག་ཡོད་ལ་སྔོན་བྱོན་མཁས་དབང་རྣམ་པས་ཀྱང་རང་མི་རིགས་ཀྱི་རང་བཞིན་དང་ཁྱད་ཆོས་ལྡན་པའི་རྩོམ་རིག་གི་གཞུང་ཆེན་པོའི་སྲོལ་བཏོད་པ་ལས་རང་ལ་རྩ་བ་ནས་མེད་པ་ཞིག་གསར་སྐྲུན་བྱས་པ་ཨེ་ཡིན་འདོད་དེ་དཔེར་ན། དེའི་སྔོན་དུ་བོད་ལ་གོང་ནས་བཤད་པ་བཞིན་མགུར་གླུ་སོགས་ཡོད་ལ། དེ་དག་གི་ནང་དུ་ཆེས་གསལ་བ་ནི་ས་སྐྱ་ལེགས་བཤད་ཀྱི་སྔོན་དུ་ཕ་མར་བཀུར་བསྟི་བྱ་བར་གདམས་པའི་ལེགས་བཤད་ཡོད་པ་དང་། མི་ལ་རས་པ་སོགས་ཀྱི་མགུར་གྱི་སྔོན་དུ་སྤུ་དེ་གུང་རྒྱལ་དུས་ཀྱི་མགུར་ཡོད་པ། དེང་སྐབས་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས་མེད་པའི་སྔོན་ཏུ་བོད་སུམ་པའི་གཏམ་དཔེ་ཡོད་པ་ལས་གཞན་སྙན་ངག་གི་གཞུང་ཆེན་མོ་མེ་ལོང་མའི་ནང་གི་རང་བཞིན་བརྗོད་པ་དང་དཔེ་རྒྱན། གཟུགས་རྒྱན། སྒྲ་རྒྱན་སོགས་ལ་མཐུན་པའི་རྒྱན་མང་པོ་ཡང་མགུར་གླུ་དང་མོ་ཚིག་གི་ཁྲོད་དུ་ཡོད་པ་ལྟ་བུའོ། །
འདིར་གསལ་བཤད་བྱ་རྒྱུ་ནི་ང་ཚོས་གནའ་བོའི་དམངས་ཁྲོད་རྩོམ་རིག་སྐོར་བརྗོད་པ་འདི་ལོ་རྒྱུས་ཀྱི་དེབ་ཐེར་དང་ཏུན་ཧོང་གཏེར་ཡིག་ལས་སྲོང་བཙན་སྒམ་པོའི་མཛད་རྗེས་བརྗོད་པའི་ནང“བོད་ལ་སྔ་ན་ཡི་གེ་མྱེད་པ་ཡང་། ། བཙན་པོ་འདིའི་ཚེ་བྱུང་ནས། ། བོད་ཀྱི་གཙུག་བཀའ་གྲིམས་ཆེད་པོ་དང་། ། བློན་པོའི་རིམ་པ་དང་། ། ཆེ་ཆུང་གཉིས་ཀྱིས་དབང་ཐང་དང་། ། ལེགས་པ་ཟིན་པའི་བྱ་དགའ་དང་། ། ཉེ་ཡོ་བའི་ཆད་པ་དང་། ......”ཞེས་པ་གཞིར་བཟུང་ནས་སློབ་དཔོན་ཐོན་མིས་བོད་ཡིག་མ་བསྐྲུན་པའི་སྔོན་བོད་ཡིག་མེད་པ་དང་དེའི་སྔོན་གྱི་ལོ་རྒྱུས་ངག་རྒྱུན་སོགས་རྗེས་སུ་ད་གཟོད་ཡི་གེར་བཀོད་པ་དང་དམངས་ཁྲོད་ནས་ཁྱབ་ཡོང་བའི་དབང་དུ་བཏང་ནས་བྲིས་པ་ཡིན་མོད། རང་གི་ཆུ་ཚད་ཞན་པ་དང་རྒྱུ་ཆ་ཡང་ཧ་ཅང་དཀོན་ལ་ལྷག་པར་དུ་དམངས་ཁྲོད་རྩོམ་རིག་གི་ཞུང་ལུགས་སྐོར་བོད་རང་གིས་བྲིས་པ་ཞིག་མཐོང་མ་ཐུབ་པས་རྒྱ་དང་ཕྱི་རྒྱལ་གྱི་དམངས་ཁྲོད་རྩོམ་རིག་གི་གཞུང་ལུགས་མི་བརྟེན་ཀ་མེད་བྱུང་བས་གཤམ་དུ་བཀོད་པའི་གཞུང་ལུགས་ཀྱི་སྐོར་ལ་ནོར་འཁྲུལ་མི་ཉུང་བ་ཡོད་ངེས་དེ་རིག་ལྡན་གྲོགས་པོ་རྣམས་ཀྱིས་བརྗོད་གནང་བར་མཁྱེན།
དང་པོ། དམངས་ཁྲོ་རྩོམ་རིག་དང་སྤྱི་ཚོགས་ངལ་རྩོལ་བར་གྱི་འབྲེལ་བ།
“ངལ་རྩོམ་གྱིས་མི་འི་རིགས་གསར་སྐྲུན་བྱས་པ་དང་། ངལ་རྩོལ་གྱིས་མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་གསར་སྐྲུན་བྱས་པ་རེད”ཅེས་པ་ལྟར། འགྲོ་བ་མིའི་སྤྱི་ཚོགས་གྲུབ་པ་དང་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཡོད་ཚད་ངལ་རྩོལ་དང་ཁ་བྲལ་མི་ཐུབ་ལ། མིའི་རིགས་ཀྱི་རྩོམ་རིག་སྒྱུ་རྩལ་བྱུང་བ་དང་འཕེལ་བ་དེའང་ངལ་རྩོལ་དང་ཁ་བྲལ་ཐུབ་པ་མ་རེད།
དེ་བས་ངེད་ཅག་བོད་ཀྱི་དམངས་ཁྲོད་རྩོམ་རིག་ཀྱང་ངལ་རྩོལ་ལས་བྱུང་བ་དང་། ངལ་རྩོལ་གྱི་ཁྲོད་དུ་དར་རྒྱས་གོང་འཕེལ་བྱུང་བ་ཞིག་ཡིན། 《ཐང་ཡིག་སྡེ་ལྔ》དང《རྒྱལ་རབས་གསལ་བའི་མེ་ལོང》《མཁས་པའི་དགའ་སྟོན》སོགས་ནས་བཞེད་པ་ལྟར་བོད་ཁ་བ་ཅན་གྱི་ཡུལ་གྲུ་ཐམས་ཅད་དང་པོ་ཆུས་བཀང་ཡོད་ལ་རྗེས་སུ་རིམ་བཞིན་སྐམ་ས་བྱུང་བ་རེད། དཔེར་ན《ཐང་ཡིག་སྡེ་ལྔའི》ནང་། “སྲིད་པའི་སྒོ་ང་ཕྱོགས་རྣམས་ཀུན་ཏུ་བརྡོལ། སྲིད་པ་མི་དང་བྱོལ་སོང་སྣ་ཚོགས་བྱུང་། འདམ་དང་དྲོད་གཤེར་སྐྱེས་པའི་མི་ཡང་བྱུང་། ”ཞེས་པ་བཞིན་མིའི་འགྲོ་བ་དར་བའི་འགོ་ཚུགས་ལ་དེའི་སྐབས་ཀྱི་མི་རྣམས་ནི་བྱིས་བློའི་ཚད་དུ་གནས་པས་རང་བྱུང་གི་ཁོར་ཡུག་ངོས་འཛིན་ཐུབ་མེད་ནའང་། རང་གི་འཚོ་བ་དང་བདེ་འཇགས་ཀྱི་ཆེད་དུ་ནམ་ཡང་གཅན་གཟན་སྣ་ཚོགས་ལ་འགོག་རྒོལ་དང་རང་བྱུང་ཁམས་ཆེན་པོ་ཇི་ལྟར་གྲུབ་པར་བསམ་བློ་གཏོང་བ་རྒྱུན་མ་ཆད་པར་རྟོགས་པས་བཏགས་པ་ཙམ་ལ་བརྟེན་ནས་སྲིད་པའི་ཆགས་གླུ་དང་ཨ་འཆགས་ཆགས་ལ་ཆགས་དགུ། ཨ་མཚར་མཚར་ལ་མཚར་དགུ་དང་མཛེས་སྡུག་སྙན་འཇེབས་ཀྱི་གནའ་བོའི་གཏམ་རྒྱུད་སོགས་བྱུང་ལ། གླུ་དང་གཏམ་རྒྱུད་འདི་དག་གི་ནང་དུ་མེས་པོ་རྣམས་ཀྱི་གདོད་མའི་བསམ་པ་དང་ཕྱི་རོལ་ཡུལ་ངོས་འཛིན་པའི་ཤེས་ཡོན་འདུས་ཡོད། འདིའི་དུས་ཀྱི་མེས་པོ་ཚོས་རང་བྱུང་་ཁམས་དང་གཅན་གཟན་རིགས་ལ་དབང་བསྒྱུར་ཐབས་མེད་པ་ཙམ་ནའང་། མིའི་འགྲོ་བའི་བར་ཕན་ཚུན་དགྲ་ཟླར་མི་འཛིན་པར་ཚང་མ་མཉམ་གཅིག་ཏུ་སྤྱི་ཚོགས་ངལ་རྩོལ་ལ་ཞུགས་ཏེ་ཟས་མཉམ་ཟ་དང་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པ་དེ་ནི《རྒྱལ་བོ་བཀའི་ཐང་ཡིག》ནང་། “ནོར་རྫས་ལ་སོགས་ཆགས་འཛིན་བསམ་པ་མེད། དོགས་འཚེ་གནོད་འཇོམས་གསོད་པའི་བསམ་པ་མེད། རང་བཞིན་ཐུགས་ཀྱིས་སེམས་ཅན་རྣམ་དོག་ཉུང། དམག་དང་འཁྲུག་རྩོད་ཚོང་དང་ཁེ་ཁྲམ་མེད། དགྲ་དང་སྲིད་ཀྱི་སྡེ་རིང་འདོན་པ་མེད། རང་སེམས་བཟང་པོ་དགའ་སྤྲོ་རྩེད་གླུ་བྱེད། རང་བཞིན་བཟང་པོ་བདེ་འགྲོ་སྙོམས་པའི་དུས”ཞེས་པ་དེ་ལ་ཆོས་ལུགས་པས་རྟོགས་བཟོ་བྱས་ཡོད་ནའང་དེང་སང་ང་ཚོས་ཡ་ཐོག་གུང་ཁྲན་རིང་ལུགས་ཞེས་འབོད་པ་དེ་ཡིན་ཅིང་། དོན་དངོས་ཐོག་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནང་དུ་ཐོན་སྐྱེད་ནུས་ཤུགས་ཧ་ཅང་ཞན་པ་དང་མིའི་འགྲོ་བས་འཛམ་བུའི་གླིང་ཧྲིལ་བོ་ཕར་ཞོག་རང་གི་གནས་ཡུལ་ས་ཆའི་ངོས་འཛིན་ཚུལ་ཡང་ད་རུང་མུན་པའི་ཚུལ་དུ་མཆིས་པས་རང་བྱུང་ཁམས་ཆེན་པོའི་མདུན་དངངས་སྐྲག་དང་སོམ་ཉིའི་རྣམ་འགྱུར་མངོན་ནས་ཉི་ཟླ་ཡི་འཁོར་ཕྱོགས་དང་རི་ཆུ་ཡི་ཆགས་ཚུལ། རླུང་འཚུབ་ཆར་དྲག་དང་ནད་ཡམས་ན་འཆི། གཅན་གཟན་གཏུམ་པོ་སྣ་ཚོགས་ཀྱི་གནོད་འཚེ་བཅས་ཀྱི་དོན་མ་རྟོགས་པ་དང། ལྷག་པར་དུ་ད་དུང་རང་བྱུང་ཁམས་ཆེན་པོ་དེ་ཁ་ཁ་རུ་འགར་ཐུབ་མེད་པར་བརྟེན། རྒྱུན་པར་རང་གི་ནུས་པ་དང་ཕན་ཚུན་བསྡུར་བའི་བྱེད་ཐབས་སྤྱད་དེ་ཕྱི་རོལ་གྱི་འཇིག་རྟེན་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མི་རྣམས་ཀྱིས་རང་ནུས་དང་རང་བྱུང་ཁམས་ཚད་གཅིག་ཏུ་བསྡུར་བས་ན་རང་བྱུང་ཁམས་ཆེན་པོ་དེ་མི་གཤིས་ཅན་དུ་འགྱུར་བའི་བརྒྱུད་རིམ་བྱུང་བ་དང་ཆེས་སྔ་བའི་ཡ་ཐོག་གི་དད་མོས་བྱེད་སའི་རྐྱེན་གྲུབ་ལ་དེ་བས་ཉི་མ་དང་ཟླ་བ། སྐར་མ། རི་ཆུ། ཆར་རླུང་། ཐོག་གློག སྡོང་བོ་དང་རི་དྭགས། བྱ་རིགས་སྣ་ཚོགས་ཀྱང་ཁོ་ཚོའི་སེམས་ནང་དུ་མི་དང་གཅིག་མཚུངས་ཡིན་པའི་རྣམ་ཤེས་སམ་གཤིས་ཀ་ཡོད་པ་དང་བླ་སྲོག་ཡོད་པར་བསམ་པ་རེད། དེ་ནི་ཕྱིས་ཀྱི་ཡུལ་ལྷ་དང་གཞི་བདག་སོགས་ཀྱི་འབྱུང་གནས་ཡིན་པས་ཁོ་ཚོས་གོང་གི་སྣང་ཚུལ་ཡ་མཚན་ཅན་འདི་དག་ཕན་ཚུན་གླེང་བ་དང་དད་མོས་གསོལ་བ་བཏབ་ནས་རང་ལུས་བདེ་འཇགས་ཡོང་བར་འབད་པའི་ཁྲོད་ཏུ་བསྟོད་ཚིག་དང་མགུར་གླུ་བྱུང་བ་དེ་ནི་ཆེས་སྔ་བའི་དམངས་ཁྲོད་ངག་ཐོག་རྩོམ་རིག་གི་གྲུབ་ཆ་གཙོ་ཤས་ཡིན་པ་རེད། “རང་གཤིས་ཀྱི་སྟེང་ནས་བཤད་ནའང་། མི་ཚང་མ་རྩོམ་རིག་པ་དང་སྒྱུ་རྩལ་མཁན་ཡིན་ཏེ། ཁོ་ཚོ་ས་གང་ལ་སོང་ཡང་རྒྱུན་པར“མཛེས”དེ་རང་གི་འཚོ་བའི་ནང་མངོན་པར་བསམ་པ་དང་རང་ཉིད་ནམ་ཡིན་ཡང་ཟ་འཐུང་ཁོ་ན་དང་དམུན་པོ་འཕྲུལ་འཁོར་ནང་བཞིན་བུ་ཕྲུག་སྐྱོང་ཤེས་པའི་སྲོག་ཆགས་ཤིག་མིན་པའི་རེ་བཟུང་ནས་ངལ་རྩོལ་ལ་འཚོ་བའི་ནང་གི་མྱོང་ཚོར་དང་དགའ་སྐྱོ་མཚོན་པའི་རྩོམ་རིག་གིསྲོལ་བཏོད་པ་རེད། ”དེ་གནའ་བོའི་ལྷ་སྒྲུང་དང་གཏམ་རྒྱུད། ཁེད་དང་གཏམ་དཔེ། མགུར་གླུ། བསྟོད་ཚིག་དང་དམངས་གཞས་ལ་སོགས་པས་བདེན་དཔང་གསལ་བོ་བྱས་ཡོད་ལ་ཁོ་ཚོས་བརྩམས་པའི་རྩོམ་རིག་གི་ནང་དུ་བགྲང་ལས་འདས་པའི་གསར་རྩོམ་གྱི་བྱེད་ཐབས་སྣ་ཚོགས་ཡོད་པར་མ་ཟད། གོ་བདེ་ཞིང་དོན་ཟབ་པའི་རྩོམ་རིག་གི་ནང་དུ་བགྲང་ལས་འདས་པའི་གསར་རྩོམ་གྱི་བྱེད་ཐབས་སྣ་ཚོགས་ཡོད་པར་མ་ཟད། གོ་བདེ་ཞིང་དོན་ཟབ་པའི་མཚན་ཉིད་རིག་པ་དང་དུས་རབས་མང་པོའི་ངལ་རྩོལ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའང་འདུས་ཡོད།
མེས་པོ་རྣམས་ཀྱིས་དེ་ལྟར་སྤྱི་ཚོགས་ངལ་རྩོལ་ཁྲོད་དུ་རང་ཉིད་ལེགས་པར་བསྐྲུན་པ་དང་ཅིག་ཅར་དུ་ཆེས་སྔ་བའི་ངག་ཐོག་རྩོམ་རིག་ཀྱང་བརྩམས་པའི་གནས་ཚུལ་གྱིས་ང་ཚོས་དམངས་ཁྲོད་རྩོམ་རིག་དེ་སྤྱི་ཚོགས་ངལ་རྩོལ་དང་བྲལ་ནས་བྱུང་བ་མིན་པར་རྒྱ་ཆེའི་བོད་མི་དམས་ཀྱིས་དུས་ཡུན་རིང་པོའི་ངལ་རྩོལ་ཁྲོད་གསར་སྐྲུན་བྱས་པ་གསལ་བོར་མཐོང་ཐུབ་ལ། དེ་བཞིན་བསྐྲུན་པའི་དམངས་ཁྲོད་ཀྱི་རྩོམ་རིག་ནི་རྣམ་པ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་ཅིང་། དེའི་ནང་གི་རྣམ་པ་ག་འདྲ་ཞིག་ཡིན་རུང་ནང་དུ་བསམ་བློ་དང་བརྩེ་དུང་ངེས་ཅན་ཞིག་མཚོན་ཡོད་པ་དང་། ལེགས་ཉེས་སྤངས་བླང་གི་ཆ་དང་དགའ་སྐྱོ་བསྟོད་སྨད་ཀྱི་འདུ་ཤེས་ངེས་ཅན་ཞིག་འདུས་ཡོད་པས། དམངས་ཁྲོད་རྩོམ་རིག་དེ་ཡང་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་རིགས་ཤིག་ཡིན་པ་དང་སྤྱི་ཚོགས་ཀྱི་འཚོ་བ་ངེས་ཅན་ཞིག་བོད་རིགས་ཀྱི་ཀླད་པའི་ནང་ཚུར་སྣང་བྱུང་བའི་ཐོན་དངོས་ཤིག་ཡིན་པ་རེད། །
གཉིས་པ། དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་བར་གྱི་ཁྱད་པར།
དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་གཤམ་དུ་གོ་བདེ་བའི་ཆེད་དུ་ངག་རྩོམ་དང་ཡིག་རྩོམ་ཞེས་འབྲི་ལ། དེ་གཉིས་བར་གྱི་ཁྱད་པར་གཙོ་བོ་ཕྱོགས་གསུམ་ཙམ་ནས་བརྗོད་པར་བྱ་སྟེ།
གཅིག ཐུན་མོང་གི་རང་བཞིན། མར་ཁེ་སི་རིང་ལིུགས་ཀྱི་དམངས་ཁྲོད་རྩོམ་རིག་སྒྱུ་རྩལ་གྱི་རིག་པའི་ནང་དུ་ཐུན་མོང་གི་རང་བཞིན་དེ་ཁྱད་ཆོས་གཙོ་བོ་རུ་གཏན་ལ་ཕབ་ཡོད་ཅིང་། དེ་ལྟར་བྱ་བ་ནི་ངག་རྩོམ་དེ་གསར་རྩོམ་གྱི་གོ་རིམ་ནས་གཞི་རྒྱ་ཆེ་བའི་སྒོ་ནས་ཁྱབ་གདལ་དུ་འགྲོ་བའི་གོ་རིམ། དེ་ནས་དུས་ཡུན་རིང་བོར་གནས་ཐུབ་པ་བཅས་མགོ་ནས་མཇུག་བར་དུ་རྒྱ་ཆེ་བའི་ངལ་རྩོལ་མི་དམངས་ཀྱི་ཐུན་མོང་དང་འབྲེལ་བ་གཏིང་ཟབ་མོ་ཡོད་ལ་དེ་ནི་ངག་རྩོམ་དང་ཡིག་རྩོམ་གྱི་ཁྱད་པར་དགར་བའི་གཞི་འཛིན་ས་གཙོ་ཤས་ཤིག་ཡིན་པ་རེད། རྩོམ་པ་པོས་བརྩམས་པའི་ཡིག་རྩོམ་གྱིས་ཀྱང་ངེས་པར་དུ་གྲལ་རིམ་ངེས་ཅན་ཞིག་གི་ཡོངས་ཁྱབ་རང་བཞིན་གྱིས་བསམ་པའི་རེ་འདུན་དང་དངོས་ཡིད་ཀྱི་རྣམ་འགྱུར། ད་དུངལ་གྲལ་རིམ་ངེས་ཅན་ཞིག་གི་སྒྱུ་རྩལ་གྱི་ཞེན་ཆགས་མཚོན་ཡོད་པས། འབྲེལ་མེད་ཁེར་རྐྱང་སྒོས་གྲལ་རིམ་ངེས་ཅན་ཞིག་གི་ཐུན་མོང་གི་ཕན་ཆད་དུ་གནས་མི་སྲིད་མོད། འོན་ཀྱང་ཁོ་ཚོས་བརྩམས་པའི་རྩོམ་དང་གསར་རྩོམ་བྱེད་པའི་གོ་རིམ་ཡོད་ཚད་མཐར་ཐུག་མི་སྣ་གཙོ་བོ་ཞིག་གི་ནང་དུ་མི་འདུས་ནའང་། རྩོམ་མཁན་རང་ཉིད་ཀྱི་བསམ་པའི་གྲུབ་ཆ་གཙོ་བོས་ཟིན་ཡོད་པས། དེ་ནི་ཡིག་རྩོམ་གྱི་ནང་དོན་ཁ་ཚང་སྟེ། རྩོམ་མཁན་ཁོ་རང་གི་མྱོང་ཚོར་དང་བསམ་གཞིགས་བྱས་པའི་རྨང་གཞིའི་སྟེང་དུ་གསར་རྩོམ་བྱས་རྗེས་ད་གཟོད་མཐར་ཐུག་གི་དམིགས་བྱའི་ནང་དོན་མངོན་ཡོད་པར་མཚོན་ཐུབ། དེ་འདྲའི་རྩོམ་ནི་གང་ལྟར་བྱས་ཀྱང་རྩོམ་མཁན་སྒེར་གྱི་ངལ་རྩོལ་ཐོབ་འབྲས་ལ་བརྩི་འོས་པ་ཞིག་རེད། ངག་རྩོམ་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཐུན་མོང་ལ་དབང་བའི་རྒྱུ་ནོར་ཡིན་པས་མང་ཚོགས་ཐུན་མོང་གིས་གསར་རྩོམ་བྱས་པ་ཡིན་ཞིང་། དེ་ལ་རྩོམ་པ་པོ་འདི་ཞེས་པ་གཅིག་འདེད་ཀྱི་མེད་ལ་མི་འགའི་སྒེར་གྱི་ཡང་མིན་པས་ངལ་རྩོལ་མང་ཚོགས་ནི་གསར་རྩོམ་པ་དང་ཞུ་དག་པ་ཡིན་པས་མ་ཟད། འཁྲབ་སྟོན་བྱེད་མཁན་དང་ཉན་མཁན། ཁྱབ་གདལ་དུ་གཏོང་མཁན་ཡང་ཡིན་པ་རེད། དེར་བརྟེན་ངག་རྩོམ་མང་པོ་ཞིག་མཐོ་རིམ་དང་དབང་སྒྱུར་གྲལ་རིམ་གྱི་འདུན་པ་དང་དེ་འདྲ་མཐུན་པ་ཞིག་མིན་ན་ཡང་སྐྱོན་བྲལ་མཛེས་སྡུག་གི་ངང་མི་དམངས་ཀྱི་རིག་གནས་འཚོ་བ་ཡོངས་ཀྱི་ནང་དུ་གསོན་པོར་གནས་པ་དང་། ངལ་རྩོལ་མང་ཚོགས་ཐུན་མོང་གིས་དོ་དམ་བྱས་པ་དང་བྱེད་བཞིན་ཡོད།
ངལ་རྩོལ་མང་ཚོགས་ཀྱིས་ནམ་རྒྱུན་དུ་ཕྱུགས་འཚོ་ཞིང་ལས་ལ་སོགས་པའི་ཐོན་སྐྱེད་ངལ་རྩོལ་གྱི་ཁྲོད་དུ་ཉམས་སུ་མྱངས་པའི་ཚོར་སྣང་གིས་སྐུལ་བ་དང་འཚོ་བའི་ནང་གི་དགོས་མཁོ་ཁ་ཤས་ཀྱི་འདོད་བློ་མངོན་པར་ཁྱོད་དང་ང་ཞེས་མི་དགར་བར་རང་འགུལ་གྱིས་ངག་རྩོམ་བརྩམས་པ་དེར་དཔེར་བཞག་ན། འཐབ་འཛིང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སེམས་ཤུགས་ལ་སྐུལ་འདེད་བྱེད་ཆེད་དང་ཡང་ན་ངལ་རྩོལ་གྱི་ངལ་ཚེགས་ཇེ་ཡང་དང་ཐུན་མོང་ངལ་རྩོལ་བྱེད་སྟངས་གཅིག་མཐུན། དུས་ཆེན་ལ་དགའ་བསུ་དང་བྱ་བ་ཞིག་ལ་ཚང་མའི་ངོས་འཛིན་སྟངས་མཐུན་པ། ཕན་ཚུན་ཀུ་རེ་བྱེད་པ་བཅས་ཀྱི་དུས་སུ་རྒྱུན་དུ་ཕོ་རེ་རེའི་ཁ་ན་གཏམ་རེ་དང་མོ་རེ་རེའི་ངག་ན་གླུ་རེ་ཞེས་པ་བཞིན་ཁོས་ཚིག་གཅིག་དང་ངས་ཚིག་གཅིག་ཅེས་བརྩམས་པ་དང་ཡང་ན་ཁ་ཅིག་གིས་གཏམ་རྒྱུད་བརྩམས་པ་ན་ཡང་གཞན་དག་གིས་ཚིག་དང་གདངས་བརྩམས་པ། འགའ་ཡིས་ལས་ཀ་སྣ་ཚོགས་ལས་ཉམས་ཀྱི་ལད་མོ་བྱས་ཏེ་བྲོ་འཁྲབ་པ་བཅས་གཏམ་རྒྱུད་དང་བྲོ་གཞས་སོགས་རིམ་པར་བྱུང་ལ། འདི་ལྟར་ཐུན་མོང་གིས་གསར་རྩོམ་བྱེད་པའི་ཐབས་ཤེས་ནི་སྟབས་བདེ་བ་དང་གདོད་མའི་རྣམ་པ་ངེས་ཅན་ཡོད་པ་ཞིག་ཡིན་པས་ནམ་ཀུན་ཏུ་རང་རྟོག་ཁོ་ན་བྱས་པ་ཞིག་མིན་ནའང་། མང་ཚོགས་ཀྱིས་གནའ་སྔ་མོ་ནས་ངོས་འཛིན་བྱས་ཟིན་པ་དང་ད་ལྟ་ཡང་ཡོངས་ཁྱབ་ཏུ་སྤྱོད་བཞིན་ཡོད་པའི་གསར་རྩོམ་བྱེད་ཐབས་ཤིག་རེད། དེ་ལྟར་གསར་རྩོམ་བྱས་པའི་རྩོམ་དེ་དག་ཀྱང་མང་ཚོགས་ཀྱིས་དར་ཁྱབ་ཏུ་གཏོང་དུས། ནམ་ཡང་སླ་མོ་དང་སྔར་སྲོལ་ལས་མ་འདས་པར་རྩོམ་རྙིང་བསྐྱར་འཁྲབ་བྱས་ཏེ་ལྟ་མཁན་ལ་སྟོན་པ་དང་ཉན་མཁན་ལ་འཆད་པ་མ་ཡིན་པར། ཁོ་ཚོས་རྒྱུན་དུ་འཚོ་བའི་ཐད་ཀྱི་དགོས་མཁོ་སྣ་ཚོགས་གཞིར་བཟུང་བ་དང་མང་ཚོགས་ཁྲོད་སྒྱུ་རྩལ་གྱི་ནུས་པ་མཐོ་བའི་མི་མང་པོ་མཉམ་གཅིག་ཏུ་འདུས་ནས་སྔོན་གྱི་རྩོམ་རྙིང་ལ་རྒྱུན་ཆད་མེད་པར་ལས་བསྣོན་དང་བཟོ་བཅོས་བྱས་ཏེ། རྩོམ་གྱི་རྣམ་པ་དང་ནང་དོན་གང་ཅིའི་ཐད་དུ་སྔར་ལས་བརྗོད་བྱ་གཙང་ཞིང་སྒྱུ་རྩལ་ལེགས་པར་བྱས་པས། ཕྱིར་མང་ཚོགས་ལ་སློབ་གསོ་དང་སྦྱོང་བརྡར་གྱི་ནུས་པ་བསྐྱེད་ཐུབ་པ་མ་ཟད། ཕྱི་དགྲ་ལ་འཐབ་རྩོད་དང་ནང་ཁུལ་མཐུན་སྒྲིལ་བྱེད་པར་ཡང་ནུས་པ་ཆེན་པོ་བསྐྱེད་ཐུབ། དེར་བརྟེན། ངག་རྩོམ་གྱི་ཁྱབ་གདལ་བྱེད་མཁན་དེ་ཚད་མཐོན་པོ་ཞིག་སྟེང་ནས་བཤད་ན་གསར་རྩོམ་མཁན་ཡང་ཡིན་ལ་ངག་རྩོལ་གྱི་དར་ཁྱབ་ཀྱི་བརྒྱུད་རིམ་དེ་ཡང་ཁོ་ཡི་ཐུན་མོང་གིས་ལས་བསྣོན་དང་ཡང་བསྐྱར་གསར་རྩོམ་བྱས་པའི་བརྒྱུད་རིམ་ཞིག་ཀྱང་ཡིན་པ་རེད།
གཉིས། ངག་རྒྱུན་གྱི་རང་བཞིན། ངག་རྒྱུན་གྱི་གསར་རྩོམ་ནི་སྒྱུ་རྩལ་རྩོམ་རིག་གི་ཆེས་སྔ་བའི་རྩོམ་སྟབས་ཤིག་ཡིན་ལ། ངག་རྩོམ་དང་ཡིག་རྩོམ་ཀྱི་ཁྱད་པར་གསལ་བོར་འབྱེད་བྱེད་གཙོ་བོ་ཞིག་ཀྱང་ཡིན་པ་རེད། གདོད་མའི་སྤྱི་ཚོགས་ནང་མི་རྣམས་ཀྱིས་ཉམས་མྱོང་ཕྱོགས་བསྡུས་དང་། རྗེས་རབས་པ་རྣམས་ལ་ཐོན་སྐྱེད་ངལ་རྩོལ་དང་རང་བྱུང་ཁམས་ངོས་འཛིན་པའི་ཉམས་མྱོང་སྤེལ་བ། སློབ་གསོ་བྱེད་ཕྱོགས་ཀྱི་ལག་ཆ་གཙོ་བོའང་ངག་རྒྱུན་གྱི་སྐད་ཆ་ཡིན་པས། ངག་རྩོམ་དེ་མི་རིགས་དང་རྒྱལ་ཁབ། ཚོ་ཁག་གང་ཡིན་རུང་དེའི་གནའ་བོའི་མེས་པོ་རྣམས་ཀྱིས་རང་རང་གི་འཚོ་བ་དང་བསམ་པ། བརྩེ་དུང་། ཡུལ་སྲོལ་གོམས་འདྲིས་སོགས་སྒྱུ་རྩལ་གྱི་རྣམ་པ་དང་བསྟུན་ནས་མངོན་གསལ་བྱེད་པ་ཞིག་ཡིན་པ་ནི་སྔོན་གྱི་རིག་གནས་ལོ་རྒྱུས་ལས་སྒྲུབ་བྱེད་བཙལ་ཐུབ་ལ། རྗེས་སུ་གྲལ་རིམ་གྱི་སྤྱི་ཚོགས་ནང་དུ་ཡི་གེ་བསྐྲུན་པ་དང་ཆེད་ལས་རྩོམ་རིག་པ་བྱུང་བ་མ་ཟད་རྩོམ་རིག་གི་རིག་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་རྒྱ་གར་བྱས་ཏེ་རྩོམ་གྱི་རྣམ་པ་ག་འདྲ་ཞིག་ཡིན་ནའང་རྒྱ་གཞུང་ནས་གཏན་ལ་ཕབ་པ་ལས་བརྒལ་མི་ནུས་པ་ད་ང། ལྷག་པར་དུ་རིག་གནས་ཀྱི་རྟེན་གཞི་དགོན་པ་བྱས་ཏེ་གྲྭ་བ་དང་མཐོ་རིམ་མི་སྣ་ལས་རྒྱ་ཆེའི་ཞིང་འབྲོག་མི་དམངས་ཡི་གེའི་ཁོར་ཡུག་ལས་ཕྱིར་བསྐྲད་ནའང་ཁོ་ཚོས་ངག་ཐོག་ནས་གསར་རྩོམ་བྱེད་པའི་སྲོལ་ལེགས་པོ་རྒྱུན་མ་ཆད་པར། ཡིག་རྩོམ་ལས་ནང་དོན་ཕུན་སུམ་ཚོགས་ཤིང་རྣམ་གྲངས་སྣ་མང་ཡིན་བའི་ཕུལ་བྱུང་གི་རྩོམ་མང་པོ་གསར་རྩོམ་བྱས་པ་རེད།
ངག་རྒྱུན་ནི་གསར་རྩོམ་བྱེད་པའི་རྣམ་པ་ཁོ་ན་ཙམ་མ་ཡིན་པར་ཁྱབ་གདལ་དུ་གཏོང་བའི་རྣམ་པའང་ངག་རྒྱུན་ཡིན་པ་དང་། ངག་རྒྱུན་དེ་སྔོན་ཆད་ཁོ་ནར་དར་བ་ཞིག་མིན་པར། དཔར་འདེབས་ལག་ཆ་བྱུང་བ་དང་ཇེ་ལེགས་སུ་འགྲོ་བཞིན་པའི་དེང་དུས་ཀྱང་ངག་རྒྱུན་ཡིན་ལ། དེ་བཞིན་རྒྱུན་ཆད་མི་ཐུབ་པ་ནི་ངག་རྩོམ་དེ་གསོན་ཉམས་ལྡན་པའི་དམངས་ཁྲོད་ཀྱི་སྐད་ཆར་བསྟེན་པ་དང་། ངག་རྩོམ་དེ་དག་མི་དམངས་ཀྱི་འཚོ་བ་དངོས་ཀྱི་ནང་གི་སྐད་ཆ་དང་ཕན་ཚུན་འབྲེལ་བ་དམ་པོ་ཡོད་པས་འཆད་ན་ཁ་བདེ་ལ། བླངས་ན་ངག་བདེ་བ། ཉན་ན་རྣ་བར་སྙན་ཞིང་ཡིད་སེམས་དབང་མེད་དུ་འཕྲོག་པའི་ནང་དོན་དང་སྒྱུ་རྩལ་གྱི་ནུས་པ་ལྡན་པར་བརྟེན། མི་དམངས་ཀྱིས་ནམ་ཡིན་ཡང་སྤྲོ་བ་ཆེན་པོས་དགའ་བསུ་བྱེད་པས་སོ། །
གསུམ། གཞན་འགྱུར་གྱི་རང་བཞིན། གཞན་འགྱུར་གྱི་རང་བཞིན་ལ་གོ་སླ་བའི་ཆེད་དུ་རྒྱུན་པར་འགྱུར་བཞིན་པ་དང་བཤད་ཚུལ་འགྱུར་བའི་ཁྱད་ཆོས་ཞེས་ཀྱང་བརྗོད་དེ། དེ་ནི་དམངས་ཁྲོད་གསར་རྩོམ་ལ་ཆེས་དགེ་མཚན་ལྡན་པའི་དོན་སྙིང་ཡོད་པའི་ཁྱད་ཆོས་གཙོ་བོའི་རིགས་ཤིག་ཡིན་པ་རེད། བགྲངས་ཀྱིས་མི་ལང་བའི་དམངས་ཁྲོད་ཀྱི་ངག་རྒྱུན་རྩོམ་རིག་ནང་འགོ་ནས་བརྩམས་པ་དང་དེ་ནས་དར་བ། དར་བའི་ཁྲོད་ལེགས་བཅོས་བྱུང་བ་བཅས་བརྒྱུད་འོང་བའི་གོ་རིམ་ནང་དུ་མང་ཆེ་བ་ནི་བརྩམས་ཆོས་གཅིག་རིམ་བཞིན་འགྱུར་ལྡོག་བྱུང་ནས་ནང་དོན་ཐད་ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཡོད་པ་མང་པོར་གྱུར་ཡོད་ལ། འདི་ལྟར་འགྱུར་སླ་བའི་སྣང་ཚུལ་དེ་མི་རིགས་གང་ཞིག་ཡིན་ཀྱང་ངག་ཐོག་གི་གསར་རྩོམ་ཁྲོད་དུ་ཡོངས་ཁྱབ་ཏུ་གནས་ཡོད་པ་ཞིག་ཡིན་པ་དང་། སྣང་ཚུལ་འདི་བྱུང་བ་ཐུན་མོང་གི་གསར་རྩོམ་དང་ངག་ཐོག་གི་གསར་རྩོམ། གང་སར་དར་ཁྱབ་ཏུ་སོང་བ་བཅས་ཀྱི་ཤན་ཤུགས་ཆེན་པོའང་ཐད་ཀར་ཐེབས་ཡོད་པ་རེད།
རྩོམ་པོ་པོའི་ཡིག་ཐོག་གི་རྩོམ་ཡིག་དེ་སྤྱིར་བཏང་དུ་གཏན་ལ་ཕབ་ཡོད་དེ། དེ་ནི་རྩོམ་སྒྲིག་དང་དག་བཅོས་ཀྱི་ཁྲོད་དུ་ནང་དོན་གྱི་ཐད་དང་ཡང་ན་ཚིག་གཅིག་གཉེས་རེ་བསྒྱུར་ཡོད་ནའང་ཧ་ཅང་ཉུང་བ་དང་སྟེས་དབང་ཙམ་ལས་ཞུ་དག་བྱས་རྗེས་སླར་ཡང་གཏན་འབེབས་ཅན་དུ་གྱུར་པ་རེད། དམངས་ཁྲོད་ཀྱི་ངག་རྒྱུན་རྩོམ་རིག་ནི་དེ་དང་མི་འདྲ་བར་ཁོ་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བ་ནི་ནམ་རྒྱུན་དང་ངེས་གཏན་ཡིན་པའི་སྣང་ཚུལ་ཞིག་ཡིན་ལ། འདི་ལྟར་འགྱུར་བའི་ཁྱད་ཆོས་ནི་གསལ་བོར་བརྗོད་ན་ཡུལ་དུས་ཀྱི་གཞན་དབང་ལ་ཐུག་ཡོད་དེ། གཏམ་རྒྱུད་གཅིག་གམ་ཡང་ན་དམངས་གཞས་ཤིག་ཡིན་ཀྱང་མི་འདྲ་བའི་དུས་ཚོད﹙དུས་ཡུན་ཐུང་ངུ་དང་ཡང་ན་ལོ་རབས་མང་པོ་ག་འདྲ་ཞིག་ཡིན་རུང﹚བར་གསེང་མི་གཅིག་པ﹙ཐག་ཉེ་རིང་གི་རྩྭ་ཐང་དང་ཞིང་སྡེ་གང་འདྲ་ཞིག་ཡིན་རུང﹚རྒྱུན་དུ་དེ་དག་གི་སྔོན་གྱི་རྣམ་པ་ལ་འགྱུར་ལྡོག་ཡོང་གི་ཡོད་པ་རེད། སྤྱིར་ངག་ཐོག་རྩོམ་རིག་དེ་མང་ཚོགས་ཀྱི་ཁྲོད་དུ་ཕན་ཚུན་འཆད་པ་དང་འཁྲབ་སྟོན་བྱེད་དུས་རྩོམ་གྱི་རྣམ་པ་དེ་ལ་འགྱུར་བ་ཡོང་གི་ཡོད་པ་མ་ཟད། རྩོམ་རིག་ཐད་ཤེས་བྱ་ཕུན་སུམ་ཚོགས་པའི་དམངས་ཁྲོད་གསར་རྩོམ་སྒྱུ་རྩལ་པས་འཁྲབ་སྟོན་བྱེད་སྐབས་ཀྱང་རྒྱུན་དུ་སྔོན་གྱི་བརྩལ་བྱའི་རྣམ་པ་བསྒྱུར་བའི་སྣང་ཚུལ་ཡོད་ལ། ཚིག་ལྷུག་གི་དོན་བརྗོད་རྩོམ་རིག་དང་གཏམ་རྒྱུད་སོགས་ནི་དེ་ལས་ཀྱང་ལྷག་པ་རེད།
རྒྱུན་དུ་འགྱུར་ལྡོག་ཡོང་བཞིན་པའི་ཁྱད་ཆོས་དེ་ངག་ཐོག་རྩོམ་རིག་གི་ཚིག་དང་ནང་དོན། བརྗོད་བྱ། རྩོམ་སྟངས་བཅས་ཀྱི་ཐད་དུ་གསལ་བོར་མཚོན་ཡོད་དེ། ཚིག་གི་འགྱུར་ལྡོག་ནི་ངག་ཐོག་གསར་རྩོམ་གྱི་ཁྲོད་དུ་ཆེས་ཡོངས་ཁྱབ་ཀྱི་གཡོལ་ཐབས་མེད་པའི་སྣང་ཚུལ་ཞིག་རེད། གཏམ་རྒྱུད་འཆད་པའི་སྐད་ཆ་དེ་བཤད་ཐེངས་ཇེ་མང་དང་བཤད་ཡུལ་རྒྱ་ཁྱབ་ཏུ་སོང་བ་དང་བསྟུན་ནས་མུ་མཐུད་དུ་འགྱུར་ལྡོག་ཡོང་བཞིན་ཡོད་པས་སྐད་ཆའི་ཐད་འགྱུར་བ་མེད་ལ་གཅིག་མཚུངས་ཡིན་པའི་གཏམ་རྒྱུད་ནི་ཕལ་ཆེར་མེད་ལ་ཡོད་ཀྱང་སྲིད་པ་མ་རེད་ཅེས་བཤད་ཆོག་སྙམ། དཔེར་ན་ཨ་ཁུ་སྟོན་པའི་གཏམ་རྒྱུད་དེ་དབུས་གཙང་དང་ཁམས། མདོ་སྨད་སོགས་ཕྱོགས་ཡོངས་སུ་ཁྱབ་ཡོད་ཅིང་ཁྱབ་པའི་བརྒྱུད་རིམ་ནང་རིམ་བཞིན་འགྱུར་ལྡོག་བྱུང་སྟེ། ས་ཆ་ལ་ལར་ཁོ་ནི་བློ་གྲོས་རྩལ་ལ་འགྲན་ཟླ་མེད་པ་ཞིག་དང་། ལ་ལར་ཁོ་ནི་མི་དཔའ་བོ་ཞིག ད་དུང་ས་ཆ་ཤས་སུ་ཁོ་ནི་མི་རྒོད་པོ་ཇོ་མོ་སོགས་ལའང་བསམ་པ་དྲང་བོ་མི་འཛིན་པའི་ཐ་ཆད་ཅིག་ཡིན་པ་བཅས་ཚིག་དང་རྣམ་པའི་ཐད་ཁྱད་པར་ཡོད་པ་མ་ཟད། ནང་དོན་གྱི་ཐད་དུའང་འགྱུར་བ་ཆེན་པོ་ཡོད་པ་ལྟ་བུ་རེད། དམངས་གཞས་དང་གཏམ་དཔེ་སོགས་ངག་ཐོག་རྩོམ་རིག་ནང་དུ་བལྟས་པ་ཙམ་གྱིས་འཕར་ཆག་མེད་པར་འདྲ་ནའང་། གོང་གི་འགྱུར་ལྡོག་དེ་དོར་ནས་རང་དགར་གནས་ཐུབ་པ་ཞིག་མིན་པར། དེ་ནི་སྔོན་ལ་བཤད་པ་བཞིན་གཏམ་རྒྱུད་དང་ལྷ་སྒྲུང་ཞིག་ས་ཁུལ་མི་གཅིག་སར་དར་ཁྱབ་ཏུ་སོང་བ་ན། ཐོག་མར་ས་ཆ་རང་རང་གི་ཕ་སྐད་དམ་ཡུལ་སྐད་དེ་འདྲེས་འགྲོ་ལ། དེ་ནས་རིམ་བཞིན་ས་ཆའི་ཁྱད་རྟགས་དང་འཚོ་བའི་དགོས་མཁོ་ལྟར་གོམ་གང་མདུན་སྤོས་སྒོས་ནང་གི་ཚིག་སྦྱོར་མང་པོ་བསྒྱུར་སྲིད་པ་དང་། དེ་བས་སྔོན་གྱི་གཏམ་རྒྱུད་དེ་གཏམ་རྒྱུད་མིང་གཅིག་དོན་མི་མཐུན་པའི་གསར་པ་ཞིག་ཏུ་འགྱུར་འགྲོ་བ་ནི་གོང་གི་དཔེ་ཨ་ཁུ་སྟོན་པའི་གཏམ་རྒྱུད་ལྟ་བུ་ཡིན་ལ། ལྷ་སྒྲུང་ཡང་དེ་བཞིན་དར་ཁྱབ་ཏུ་འགྲོ་བ་རྒྱ་ཆེན་པོར་གྱུར་ནས་ས་ཆ་དང་། མི་རིགས། རྒྱལ་ཁབ་བཅས་བརྒལ་ཏེ་འཛམ་གླིང་གི་མིའི་རིགས་ཡོངས་ཀྱི་སྤྱི་ནོར་དུ་གྱུར་བ་ན་ས་ཆའི་ཡུལ་ལྷ་དང་ཁྱད་རྟགས། མི་རིགས་རང་རང་གི་ཁྱད་ཆོས། རྒྱལ་ཁབ་སོ་སོའི་གོམས་སྲོལ་བཅས་སྔོན་གྱི་རྩོམ་ནང་དུ་ལྷད་མང་པོ་འདྲེས་སོང་བས་ཚིག་དང་། རྣམ་པ། ནང་དོན་བཅས་གང་གི་ཐད་ནས་ཀྱང་འགྱུར་ལྡོག་བྱུང་ཡོད་པ་ནི་གེ་སར་རྒྱལ་བོའི་སྒྲུང་བོད་ཡུལ་ནས་སོག་ཡུལ་སོགས་འཛམ་བུའི་གླིང་གི་ས་ཆ་མང་པོར་ཁྱབ་ཡོད་པ་ལྟ་བུ་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རོ། །
གོང་ནས་བརྗོད་པའི་ཕྱོགས་གསུམ་པོ་སྟེ་ངག་རྩོམ་ནི་ངལ་རྩོལ་མི་དམངས་ཐུན་མོང་གི་བརྩམས་ཆོས་དང་ཡིག་རྩོམ་ནི་མི་སྒེར་ཀྱི་བརྩམས་ཆོས། ངག་རྩོམ་ནི་ཁ་རྩོམ་ཡིན་པས་ཁྱབ་སླ་བ་ད་ང། ཡིག་རྩོམ་ནི་ཡིག་ཐོག་ཡིན་པས་ཁྱབ་དཀའ་བ། ངག་རྩོམ་གྱི་བཤད་ཚུལ་འགྱུར་སླ་བ་དང་ཡིག་རྩོམ་གྱི་བརྗོད་བྱ་གཏན་ཆགས་ཡིན་པས་གཞན་དུ་འགྱུར་དཀའ་བ་བཅས་ཀྱི་སྟེང་ནས་ངག་རྩོམ་དང་ཡིག་རྩོམ་གྱི་ཁྱད་པར་རགས་ཙམ་མཐོང་ཐུབ་སྟེ་ཞིབ་ཏུ་དཔེ་ལ་བཀོད་ནས་བརྗོད་ན་མང་དོགས་ནས་འདི་ཙམ་གྱིས་ཆོག་པར་བྱའོ།།
གསུམ་པ། དམངས་ཁྲོད་རྩོམ་རིག་དང་རྩོམ་པ་པོའི་རྩོམ་རིག་བར་གྱི་འབྲེལ་བ།
གོང་ནས་ངག་རྩོམ་དང་ཡིག་རྩོམ་གྱི་ཁྱད་པར་བརྗོད་པ་ཡིས་དེ་གཉིས་གཏན་དུ་ཁ་བཀར་ནས་དགྲ་ཟླ་ལངས་ཏེ་རང་གནས་སུ་འབྲེལ་མེད་ཁེར་རྐྱང་དུ་བསྡད་ཡོད་ཅེས་པ་མིན་པར། འཇིག་རྟེན་སྟེང་གི་བྱ་དངོས་ཡོད་ཚད་ཕན་ཚུན་འགལ་བ་དང་ཕན་ཚུན་འབྲེལ་བ་ཡོད་པ་ཇི་བཞིན་གྲལ་རིམ་གྱི་སྤྱི་ཚོགས་ནང་རྩོམ་རིག་ཁ་བཀར་བ་དང་ཁ་གཏད་དུ་གྱུར་པ་ནི་དངོས་གནས་ཀྱི་དོན་ཞིག་ཡིན་ནའང་དེ་ནི་ཕན་ཚུན་འབྲེལ་བ་དང་ཕན་ཚུན་ཤན་ཤུགས་ཐེབས་ཀྱིན་ཡོད་པ་ཞིག་རེད། དེ་ནི་ཁོ་གཉིས་སྤྱི་ཚོགས་གཅིག་གི་ནང་དུ་གནས་པ་དང་འཕེལ་རྒྱས་སུ་འགྲོ་བ་ཡིན་པས་ལྡོག་ཐབས་མེད་པར་ཕན་ཚུན་འབྲེལ་བ་དང་ཕན་ཚུན་སིམ་འཛུལ་བྱུང་བའི་སྣང་ཚུལ་སྣ་ཚོགས་ཡོད་ལ། རྩོམ་རིག་སྣ་འདི་གཉིས་ཀྱི་ཆེས་སྔ་མོར་བྱུང་སའི་འབྱུང་ཁུངས་སྟེང་ནས་བཤད་ན་ཡང་གཅིག་དངོས་གནས་ཏེ་དྲང་བདེན་སྒོས་མངོན་པ་དང་ཡང་ན་གཡོ་བཅོས་ཀྱིས་མངོན་པ་གང་ཡིན་ཀྱང་བརྒྱུད་རིམ་གྱི་མཚམས་སྦྱོར་བ་ཡང་མི་རིགས་གཅིག་གི་ཐུན་མོང་གི་སྐད་ཆ་ཡིན་པ་རེད། དེར་བརྟེན། དེ་གཉིས་བར་གྱི་འབྲེལ་བ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པར་མ་ཟད། ནམ་རྒྱུན་དུ་ཧ་ཅང་དམ་པོ་ཡོད་པ་ཞིག་རེད། གཞན་ཞིག་གི་སྟེང་ནས་བཤད་ནའང་དཔེར་ན་སྤྱི་ཚོགས་གཅིག་གི་ནང་དུ་མི་མཐུན་པའི་གྲལ་རིམ་གྱི་འདུ་ཤེས་བར་དང་གྲལ་རིམ་གྱི་སྒྱུ་རྩལ་གྱི་ཞེན་ཆགས་བར་དུའང་ཕན་ཚུན་ཤུགས་རྐྱེན་ཐེབས་ཀྱིན་ཡོད་དེ། སྟོབས་ཤུགས་ཆེ་བའི་དབང་བསྒྱུར་གྲལ་རིམ་གྱི་འདུས་ཤེས་ཀྱིས་གཉའ་གནོན་མྱོང་མཁན་མི་དམངས་ལ་ཤུགས་རྐྱེན་གཏིང་ཟབ་གཏོང་བཞིན་ཡོད་པར་མ་ཟད། གཉའ་གནོན་མྱོང་མཁན་མི་དམངས་ཀྱི་བསམ་པས་ཀྱང་མཐོ་རིམ་དབང་བསྒྱུར་གྲལ་རིམ་དང་ཡང་ན་ངལ་རྩོལ་མཁན་མིན་པའི་གྲལ་རིམ་གྱི་མི་རྣམས་ལ་རྒྱུན་མི་ཆད་པར་ཤུགས་རྐྱེན་གཏོང་བཞིན་ཡོད། དེ་བས་རྩོམ་རིག་སྣ་གཉིས་ཀར་ཡང་ངེས་པར་དུ་ཕན་ཚུན་སིམ་འཛུལ་བྱེད་པའི་ཁྱད་ཆོས་འདི་གྲུབ་ལ་མིའི་རིགས་སྤྱི་ཚོགས་ཀྱི་ཅུང་སྔ་བའི་ཆེད་ལས་རྩོམ་པ་པོའི་རྩོམ་རིག་དང་སྐབས་དེ་དང་ཡང་ན་དེའི་སྔོན་གྱི་ངག་ཐོག་རྩོམ་རིག་གི་འབྲེལ་བ་ནི་དེ་ལས་ཀྱང་དམ་པོ་ཡོད་པ་བོད་རིགས་རང་གི་ལོ་རྒྱུས་ལས་གསལ་བ་མ་ཟད། རྒྱ་དང་ཕྱི་གླིང་བའི་རྩོམ་རིག་གི་ལོ་རྒྱུས་ཐོག་ནས་ཀྱང་བདེན་དཔང་བྱེད་ནུས་ཏེ། དཔེར་མཚོན་ནས་བཤད་ན་རང་རྒྱལ་གྱི་གནའ་བོའི་སྙན་ངག་པ་ཆེན་པོ་ཆིའུ་ཡོན་གྱི་《ཅིའུ་ཀི》﹙《九歌》﹚ནང་གི་རྒྱུ་ཆ་གཙོ་བོ་གནའ་བོའི་མཛེས་ཉམས་ལྡནཔ་འི་ལྷ་སྒྲུང་དང་ངག་རྒྱུན་ཡིན་ལ། ཞི་ལའི་གནའ་རབས་ཀྱི་སྐྱོ་བའི་ཟློས་གར་རྩོམ་མཁན་གསུམ་སྟེ། ཨེ་སི་ཨི་ལི་སི་དང་། སོ་ཧྥུན་ཁི་ལེ་སི། ཡི་ལེ་པོ་ཏེ་བཅས་ཀྱི་ཟློས་གར་རྩོམ་རིག་དང་དགོད་བྲོ་བའི་ཟློས་གར་གྱི་སྲོལ་བཏོད་མཁན་ཨ་ལེ་སི་ཐོ་ཧྥན་གྱི་ཟློས་གར་རྩོམ་རིག་བཅས་ཚང་མ་དང་ཞི་ལའི་ལྷ་སྒྲུང་བར་འབྲེལ་བ་དམ་པོ་ཡོད་ལ་དབྱིན་གོའི་རླབས་ཆེན་གྱི་ཟློས་གཞུང་རྩོམ་མཁན་ཧྲ་ཧྲི་པེའུ་ཡའི་《ཧན་མིན་ལེ་ཐི》དང་ཏེ་གོའི་སྙན་ངག་པ་ཆེན་པོ་ཀ་ཏེའི《ཧྥུའུ་ཧྲི་ཏི》སོགས་ཀྱང་དམངས་ཁྲོད་ངག་རྩོམ་གཞིར་བཟུང་ནས་བརྩམས་པོའི། །
ཡིག་ཐོག་གི་རྩོམ་རིག་གིས་ཀྱང་ངག་ཐོག་རྩོམ་རིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་དེ། ནང་དོན་ཐད་མི་དམངས་ཀྱི་བསམ་པ་མཚོན་པ་དང་སྒྱུ་རྩལ་ཐད་མི་དམངས་ཀྱི་བརྩེ་དུང་མཚོན་པའི་ཕུལ་བྱུང་གི་རྩོམ་རིགས་ཁག་ཡིག་ཐོག་དངོས་ནས་དར་ཁྱབ་དུ་འགྲོ་བ་མ་ཟད། ངལ་རྩོལ་མང་ཚོགས་ཁྲོད་དུ་རིམ་བཞིན་ངག་ཐོག་ནས་དར་དེ། ཁོ་ཚོས་ཡང་བསྐྱར་ངག་ཐོག་རྩོམ་རིག་བརྩམ་བྱའི་སྒྱུ་རྩལ་གྱི་ཚད་འཛིན་སར་གྱུར་བ་དང་ངག་ཐོག་རྩོམ་རིག་དེ་སྔར་ལས་ནང་དོན་དང་། རྣམ་པ། སྒྱུ་རྩལ་བཅས་ཀྱི་ཐད་དུ་ཚད་མཐོན་པོའི་གནས་སུ་བསྙེག་པར་རམ་འདེགས་དང་ཁྲིད་སྟོན་བྱས་ཡོད་པ་རེད།
རང་རེའི་བོད་ལ་མཚོན་ན་ངག་ཐོག་རྩོམ་རིག་དང་ཡིག་ཐོག་རྩོམ་རིག་ལ་གནའ་ནས་ད་བར་རང་རང་གི་ཁྱད་ཆོས་དང་གོ་གནས་ཡོད་དེ། ངག་ཐོག་རྩོམ་རིག་གིས་བོད་མི་རིགས་རང་གི་འབྱུང་ཁུངས་དང་ཡུལ་སྲོལ་གོམས་འདྲིས། ཆོས་ལུགས་དད་མོས་སོགས་མེས་པོ་རྣམས་ཀྱི་ཕུན་སུམ་ཚོགས་པའི་བསམ་བློའི་འཇིག་རྟེན་མཚོན་པས་བོད་སྤྱི་ཚོགས་ཀྱི་བསམ་པའི་རྨང་གཞི་ཡིན་ལ། དམངས་ཁྲོད་ངག་རྩོམ་གྱི་ཞིང་སའི་སྣུམ་པའི་བཅུད་དང་ལེགས་པའི་ས་བོན་ལས་འཁྲུངས་པའི་ཡིག་རྩོམ་ཡི་འཕྲོག་མེ་ཏོག་གིས་བོད་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྒྱུད་རིམ་ནང་བྱུང་བའི་ཛ་དྲག་ཆེ་བའི་དོན་ཆེན་དང་གནམ་ས་འགུལ་བའི་འཕོ་འགྱུར། བརྩོན་ལྡན་མཁས་པ་དག་གི་རྣམ་དཔྱོད་རིག་པའི་རྩལ་དང་གྲངས་མེད་མྱོང་བའི་དཀའ་བ། ལྷག་པར་དུ་གཞན་མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་གྱི་སྙིང་བཅུད་བླངས་ཏེ་བོད་རང་གི་ཁྱད་ཆོས་ལྡན་པའི་ཕུལ་བྱུང་གི་རྩོམ་རིག་དང་ཚད་མཐོན་པོར་སླེབས་པའི་སྒྱུ་རྩལ་གྱིས་སླར་ངག་ཐོག་རྩོམ་རིག་ལ་ཁྲིད་སྟོན་བྱེད་ཀྱི་ཡོད་པ་མཚོན་པར་བརྟེན། དེ་གཉིས་ནི་བོད་ཀྱི་རྩོམ་རིག་ཆེན་པོ་སྲིད་པའི་སྙན་གྲགས་ཀྱི་མཁའ་ལ་རྒྱུ་བའི་གསེར་གྱི་གཤོག་ཟུང་ལྡར་གཅིག་ཀྱང་མེད་མི་རུང་ངོ་། །
སྤྱིར་ངག་ཐོག་གི་རྩོམ་རིག་དང་ཡིག་ཐོག་གི་རྩོམ་རིག་གང་ཡིན་ཀྱང་སྤྱི་ཚོགས་འདུ་ཤེས་འཛིན་སྟངས་ཀྱི་རིགས་ཤིག་ཡིན་པ་དེ་རིག་གནས་གཞན་དང་འདྲ་བར་སྤྱི་ཚོགས་ཆབ་སྲིད་ལ་འབྲེལ་བ་མེད་པར་རང་གནས་ཁེར་རྐྱང་གིས་འདུག་ཐབས་མེད་པར་ངེས་པར་སྤྱི་ཚོགས་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ལ་རགས་ལས་ཡོད་པར་བསམ་སྟེ། དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་ཏུ་སྲོང་བཙན་སྒམ་པོའི་ཆབ་སྲིད་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་དར་བ་དང་གླང་དར་མས་བསྟན་པ་བསྣུབས་པ་ནས་བོད་ཀྱི་རྩོམ་རིག་ཀྱང་བར་ཆད་པ། དེ་ནས་ལོ་ངོ་བརྒྱ་ལྷག་གི་རྗེས་བསྟན་པ་ཕྱི་དར་དུས་དང་པོ་བསམ་ཡས་རྒྱལ་བོ་ཡེ་ཤེས་རྒྱལ་མཚན་ཡབ་སྲས་དང་གུ་གེ་རྒྱལ་བོ་ཡེ་ཤེས་འོད་སོགས་ཀྱི་ཆབ་སྲིད་སྟོབས་ཤུགས་ལ་བརྟེན་ནས་རིག་གནས་སླར་གསོ་བྱུང་བ་། བཅིངས་འགྲོལ་རྗེས་ཀྱི་ལོ་ངོ་བཅུའི་དུས་གཟིར་ནང་མི་བཞི་ཤོག་ཁག་གི་ཆབ་སྲིད་སྟོབས་ཤུགས་ཀྱིས་བོད་ཀྱི་རིག་གནས་གཙུག་ལག་རྩ་གཏོར་བཏང་ནའང་ཏང་གི་ཡང་དག་པའི་ཆབ་སྲིད་ཤུགས་ལ་བརྟེན་ནས་ད་ལྟ་བོད་ཀྱི་རིག་གནས་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་དུ་དར་རྒྱས་ཡོང་གི་ཡོད་པ་རེད།
འདིའི་ནང་དུ་དམངས་ཁྲོད་ངག་ཐོག་རྩོམ་རིག་ལྷག་པར་དུ་མགུར་དང་གཞས་ལ་ཆབ་སྲིད་ཀྱི་བདེ་འཇགས་ཀྱིས་ཡར་འཕེལ་བྱུང་བར་ཕན་ནུས་ཆེན་པོ་ཡོད་པ་མ་ཟད་ཆབ་སྲིད་སྟོབས་ཤུགས་ཀྱིས་ཆགས་རྐྱེན་ཐེབས་དུས་ཀྱང་གཞན་པ་དང་མི་འདྲ་བར་མི་དམངས་ཀྱི་ངག་རྒྱུན་ལས་མི་རྗེད་པར་སྲོག་བརྟན་པོ་ཙམ་ཡོད་པར་སྣང་། དེ་ནི་མགུར་དང་གཞས་མང་ཆེ་བ་ནི་ངག་རྒྱུན་ཡིན་པས་ཡིག་ཐོག་རྩོམ་རིག་ལྟར་མཐོང་རྒྱུ་དང་འཛིན་ས་མེད་ལ་མི་དམངས་ཀྱི་བསམ་པའི་དགའ་སྐྱོ་མཚོན་བྱེད་དང་དཔོན་ངན་དང་དགྲ་བོར་འཐབ་རྩོད་བྱེད་པའི་མཚོན་ཆ་རྣོ་ངར་ལྡན་པ་ཞིག་ཡིན་པས་སོ། ། དེར་བརྟེན་བོད་ཀྱི་རྩོམ་རིག་ལོ་རྒྱས་ཐོག་གོ་གནས་ཀྱང་ཁྱད་པར་ཅན་ཞིག་བཟུང་ཡོད་པ་དེ་ཚངས་དབྱངས་རྒྱུ་མཚོའི་མགུར་དང་དམངས་ཁྲོད་ཀྱི་གླུ་གཞས་ལས་མཐོང་ཐུབ་པ་སོགས་མང་པོ་ཡོད་དོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1