ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《གནའ་བོའི་གཉའ་གླུའི་ཡིག་ཆ་ཕྱོགས་བསྒྲིགས》ཞེས་པ་པར་སྐྲུན་འགྲེམ་སྤེལ་བྱས། དཔེ་རྙིང་འདི་ནི་མིག་སྔར་ལག་སོན་བྱུང་བའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གནའ་བོའི་གཉའ་གླུའི་ཡིག་ཆ་ཐོག་མ་དེ་ཡིན་ཞིང་། ནང་དོན་ཆེས་ཕུན་སུམ་ཚོགས་ཤོས་དེའང་རེད། ཡོངས་གྲགས་སུ་གཉའ་གླུར་གཞུང་ཆེན་བཅོ་བརྒྱད་ཡོད་པ་ལས་གཞུང་འདི་ནི་དོག་ལྷ་མགོན་པོའི་གཞུང་ངམ་ཝ་མ་ཁྱུང་ཆེན་གྱི་གཞུང་ཞེས་ཞུ་ཞིང་། དམངས་ཁྲོད་དུ་གུ་གེའི་གཞུང་ཡང་ཟེར་སྲོལ་ཡོད། འདི་ནི་གླང་ཆེན་ཁ་འབབ་ཆུ་བརྒྱུད་དུ་དར་བའི་གཉའ་གླུ་ཞིག་ཡིན། འབྲེལ་ཡོད་ཆེད་མཁས་པས་དཔྱད་འབྲས་ལྟར་ན། ཡིག་རྙིང་འདི་ནི་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་མཛད་པའམ་བྱུང་བ་ཞིག་ཡིན་པར་སྙམ།
གཉའ་གཞུང་འདི་ནི་སྔ་རབས་བོད་ཀྱི་གཉེན་སྲོལ་ཡིག་ཆ་རྩ་ཆེན་ཞིག་སྟེ། འདིའི་ནང་དུ་གཉེན་སྟོན་གྱི་མགོ་མཇུག་བར་གསུམ་ཞིབ་ཏུ་བརྗོད་ཡོད་པར་མ་ཟད། བོད་ཀྱི་གནའ་རབས་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ་སོགས་ཀྱི་ནང་དོན་འདུས་ཡོད། གཉའ་རབས་ཡིག་རྙིང་འདིའི་མ་དཔེ་ནི་མངའ་རིས་ཁུལ་སྒར་རྫོང་མོན་འཚེར་དགུང་ལོ་བརྒྱད་ཅུ་གྱ་ལྔར་སོན་པའི་མེས་བསོད་ནམས་དབང་གྲགས་ཀྱི་ཡིན་ཞིང་། ཁོང་གཉའ་གླུ་ལ་ཤིན་ཏུ་དགའ་པོ་ཡོད་པས་རིག་གསར་སྐབས་སུ་གཉའ་རབས་གླུ་གཞུང་འདི་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་སྦས་སྐུང་དང་བདག་གཅེས་ཉར་ཚགས་བྱས་འདུག ཡིག་རྙིང་འདི་ནི་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་གྱི་བླ་མ་ཚུལ་ཁྲིམས་ཕུན་ཚོགས་ལགས་ནས་དཔེ་བཤུ་དང་དག་སྒྲིག་གནང་ཞིང་། དེབ་འདིའི་ནང་ཁོང་གིས་གཉའ་རབས་གླུ་གཞུང་འདིའི་ལོ་རྒྱུས་རྒྱབ་ལྗོངས་དང་ཁྱད་ཆོས། གོ་རིམ་སོགས་ལ་ངོ་སྤྲོད་ཕྲ་ཞིང་ཞིབ་པ་ཞིག་བྱས་ཡོད།
ཡིག་རྙིང་འདི་པར་སྐྲུན་བྱས་པས་བོད་ཀྱི་རིག་གནས་ཞིབ་འཇུག་ལ་ཡིག་ཆ་རིན་ཐང་བྲལ་བ་ཞིག་མཁོ་སྤྲོད་ཡོད་པས་འདི་ལ་ལོ་རྒྱུས་ཡིག་ཆའི་རིན་ཐང་དང་རིག་གཞུང་ཞིབ་འཇུག་གི་རིན་ཐང་གལ་ཆེན་ལྡན་ནོ། །