ཟླ9པའི་ཚེས3ཉིན།མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་གཙོ་སྒྲུབ་མཛད་ཅིང་།ལོ་གསུམ་རེར་ཐེངས་རེ་སྒྲུབ་བཞིན་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”སྤེལ་པའི་མཛད་སྒོ་དང་ལོ་ངོ40རིང་གི་བོད་ཀྱི་དེང་རབས་རྩོམ་རིག་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལོའུ་ཞཱ་ཡིས་གཏམ་བཤད་གནང་བཞིན་པ།
ཐེངས་འདིའི་མཛད་སྒོའི་སྟེང་དུ། མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལོའུ་ཞཱ་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་རིན་ཆེན། མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཐིན་གསར་འགྱུར་པར་སྐྲུན་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲོའོ་ཕེན་སོགས་མགོ་ཁྲིད་དང་རྩོམ་རིག་སྒྱུ་རྩལ་གྱི་ཆེད་ལས་མཁས་པ།རྩོམ་པ་པོའི་འཐུས་ཚབ་བཅས་མི50ལྷག་མཛད་སྒོར་ཞུགས་པ་དང་།མཚོ་སྔོན་ཞིང་ཆེན་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་ལོའུ་ཞཱ་ཡིས་གཏམ་བཤད་གལ་ཆེན་གནང་།
“སྦྲང་ཆར་རྩོམ་རིག་བྱ་དགའ”ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གིས་སྤེལ་པའི་བོད་ཀྱི་རྩོམ་རིག་གི་ཆེས་མཐོ་བའི་བྱ་དགའི་རྟགས་མ་ཞིག་ཡིན།བྱ་དགའ་འདི་ལོ་གསུམ་རེར་ཐེངས་རེ་སྤེལ་བཞིན་ཡོད་ཅིང་།མིག་སྔའི་བར་སྐབས་བརྒྱད་ལ་བདེ་བླག་ངང་སྤེལ།རྩོམ་རིག་བྱ་དགའ་འདི་སྤེལ་པ་ནས་བཟུང་།སྤྱི་ཚོགས་ལས་རིགས་སོ་སོ་དང་ལྷག་པར་བོད་ཀྱི་རྩོམ་པ་པོའི་སྡེ་རུ་མཐོང་ཆེན་བྱེད་བཞིན་ཡོད།
སྐབས་དགུ་པའི“སྦྲང་ཆར་རྩོམ་རིག་བྱ་དགའ”འདི་ཡང《སྦྲང་ཆར་རྩོམ་རིག་བྱ་དགའི་དཔྱད་འདེམ་རྩ་དོན》ལྟར། དཔྱད་འདེམ་ཚོགས་པས་ཐོག་མའི་དཔྱད་འདེམ་དང་བར་གྱི་གཤིབ་སྡུར།མཐའ་མའི་ཐག་གཅོད་བཅས་བརྒྱུད་ནས2015─2017ལོའི《སྦྲང་ཆར》དུ་བཀོད་པའི་བརྩམས་ཆོས་ལས་ལྷ་བྱམས་རྒྱལ་གྱི་སྒྲུང་འབྲིང་། 《ང་ནི་ཡར་འབྲོག་གཡུ་མཚོའི་ནང་གི་ཉ་ཞིག་ཡིན》དང་།རང་སྒྲའི་སྒྲུང་འབྲིང་།《གོ་ཁྱི》།གཅན་རང་སད་ཀྱི་སྙན་ངག《ཚངས་སྲས་མཆོད་པ》གསུམ་ལ“སྦྲང་ཆར་རྩོམ་རིག་བྱ་དགའ”ཐོབ་པ་དང་།འབྲོང་བུ་རྡོ་རྗེ་རིན་ཆེན་གྱི《སྟག་འབུམ་རྒྱལ་གྱི“ཁྱིའི་སྒྲུང་གཏམ”ཁ་ཤས་བཀླགས་པའི་མྱོང་ཚོར》ལ“སྦྲང་ཆར་དཔྱད་བརྗོད་བྱ་དགའ”ཐོབ།ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང་།《གད་སྙིགས》དང་།ལྡེའུ་ཚེ་བརྟན་རྡོ་རྗེ་ཡི་སྒྲུང་ཐུང་།《བྱི་བ་གཡུ་ཆུང》གཉིས་ལ“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ།