ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ ཚོགས་པེ་ཅིན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ་དང་ ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


        སྤྱི་ཟླ་9པའི་ཚེས་3ཉིན། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས་འགོ་བརྩམས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་རྡང་སྦྲེལ་ཏེ་འགན་འཁྲི་མཉམ་ཁུར་དང་མཉམ་ལས་མཉམ་རྒྱལ། བདེ་སྐྱིད་མཉམ་སྤྱོད། རིག་གནས་མཉམ་སྤེལ། བདེ་འཇགས་མཉམ་སྐྲུན། འཆམ་མཐུན་མཉམ་གནས་བཅས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་དུ་གསར་སྐྲུན་བྱ་དགོས་པ་དང་། ཐོན་ལས་ལ་སྐུལ་འདེད་གཏོང་བ་དང་སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད། ཉོ་ཚོང་སྟབས་བདེ། ལྗང་མདོག་འཕེལ་རྒྱས། ནུས་པའི་འཛུགས་སྐྲུན། བདེ་ཐང་འཕྲོད་བསྟེན། མི་ཆོས་བརྗེ་རེས། ཞི་བའི་བདེ་འཇགས་བཅས་“འགུལ་སྐྱོད་ཆེན་པོ་བརྒྱད་”གཙོར་བཟུང་ནས་ལག་བསྟར་བྱ་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བཞི་པའི་སྟེང་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་ཡོང་བའི་ཕྱི་རྒྱལ་གྱི་འགོ་ཁྲིད་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཚོགས་རར་ཕེབས་པ་དང་ཞི་ཅིན་ཕིང་གིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་བྱས་པར་མ་ཟད་ཁོ་ཚོར་བརྩེ་བའི་ཕྱག་འཇུ་གནང་ཞོར་དུ་ཕན་ཚུན་ལ་འཚམས་འདྲི་ཞུས། ཆུ་ཚོད་བཞི་དང་སྐར་མ་བཞི་བཅུའི་སྟེང་གྲོས་ཚོགས་དངོས་སུ་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལག་རྡང་སྦྲེལ་ཏེ་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་དང་སེམས་ཤུགས་གཅིག་ཏུ་སྦྲེལ་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་གསུང་རྒྱུར། ཀྲུང་གོ་ནི་འཛམ་གླིང་སྟེང་དུ་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་གཅིག་འདུས་བྱས་པའི་སྐམ་ས་ཆེན་མོ་ཞིག་ཡིན་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔ་མོ་ནས་སྐྱིད་སྡུག་མཉམ་རོལ་བྱེད་པའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པར་གྱུར་ཡོད། ང་ཚོས་ཨ་ཧྥེ་རི་ཁའི་མི་དམངས་དང་མཉམ་དུ་སྔར་ལས་དམ་པོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་མཉམ་སྐྲུན་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་གྱི་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པར་དཔེ་སྟོན་གྱི་ནུས་པ་འདོན་པར་སྐུལ་འདེད་གཏང་འདོད་ཡོད། གཅིག ལག་རྡང་སྦྲེལ་ཏེ་འགན་འཁྲི་མཉམ་འཁུར་བྱེད་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས། གཉིས། ལག་རྡང་སྦྲེལ་ཏེ་མཉམ་ལས་མཉམ་རྒྱལ་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས། གསུམ། ལག་རྡང་སྦྲེལ་ཏེ་བདེ་སྐྱིད་མཉམ་སྤྱོད་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས། བཞི། ལག་རྡང་སྦྲེལ་ཏེ་རིག་གནས་མཉམ་སྤེལ་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས། ལྔ། ལག་རྡང་སྦྲེལ་ཏེ་བདེ་འཇགས་མཉམ་སྐྲུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས། དྲུག ལག་རྡང་སྦྲེལ་ཏེ་འཆམ་མཐུན་མཉམ་གནས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱ་དགོས།

ཞི་ཅིན་ཕིང་གིས་ཀྲུང་གོས་དུས་རབས་གསར་པར་སྔར་ལས་དམ་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་པ་གསར་སྐྲུན་བྱེད་པ་མཛུབ་སྟོན་དུ་བཟུང་སྟེ།  ཡོ་ཧན་ནེ་སི་པོའི་མཐོ་རིམ་གྲོས་ཚོགས་ནས་གཏན་ལ་ཕབ་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་འཆར་གཞི་ཆེན་པོ་བཅུ་ལག་བསྟར་བྱེད་པའི་རྨང་གཞིའི་སྟེང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་གཞོགས་འདེགས་དམ་པོ་བྱས་ཏེ། མ་འོངས་པའི་ལོ་གསུམ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་གཙོ་བོ་འགུལ་སྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱ་འདོད་ཡོད་པ་ཁྱབ་བསྒྲགས་མཛད། གཅིག ཐོན་ལས་ཀྱིས་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། གཉིས། སྒྲིག་ཆས་མཉམ་སྦྲེལ་མཉམ་མཐུད་ཀྱི་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། གསུམ། ཉོ་ཚོང་སྟབས་བདེ་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། བཞི། ལྗང་མདོག་འཕེལ་རྒྱས་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། ལྔ། ནུས་པའི་འཛུགས་སྐྲུན་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། དྲུག བདེ་ཐང་འཕྲོད་བསྟེན་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། བདུན། མི་ཆོས་བརྗེ་རེས་འགུལ་སྐྱོད་ལག་བསྟར་བྱ་རྒྱུ། བརྒྱད། ཞི་བའི་བདེ་འཇགས་འགུལ་སྐྱོད་ལག་བསྟར་བྱ་རྒྱུ་བཅས་རེད།

ཞི་ཅིན་ཕིང་གིས་གསུང་རྒྱུར། འགུལ་སྐྱོད་ཆེན་པོ་བརྒྱད་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏང་ཆེད། ཀྲུང་གོས་སྲིད་གཞུང་གིས་རོགས་སྐྱོར་དང་དངུལ་རྩ་ལས་ཁུངས་དང་ཁེ་ལས་ཀྱིས་མ་དངུལ་གཏོང་བ་སོགས་ཀྱི་རྣམ་པར་བརྟེན་ནས་ཨ་ཧྥེ་རི་ཁར་ཨ་སྒོར་ཐེར་ཆེན་དྲུག་གི་རོགས་སྐྱོར་འདོན་སྤྲོད་བྱ་འདོད་ཡོད་གསུངས།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བར་ཡུལ་དངོས་ཀྱི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མགྲོན་པོ་རྣམས་ཀྱི་གཟེངས་བསྟོད་ཐོབ་པ་དང་ཐེངས་མང་པོར་ཐལ་མོ་རྡེབ་སྒྲས་ཁེངས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1