གཙོ་ངོས།
གསར་འགྱུར།
རིག་གནས།
རྩོམ་རིག
སྒྱུ་རྩལ།
ཤེས་བྱ།
མི་སྣ།
དུས་དེབ།
བརྙན་འཕྲིན།
འཚོལ་བཤེར།
汉文网站
གཙོ་ངོས།
>>
གངས་ལྗོངས་ཉི་གཞོན།
དཔལ་གྱི་གནས་མཆོག་མཚོ་ཕུ་གངས་ཀྱི་གནས།
ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05
དེ་ཡང་དཔལ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པའི་དཔལ་གྱི་གནས་མཆོག་མཚོ་ཕུ་གངས་ཀྱི་གནས་མཆོག་ནི་དེང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་ནས་བྱང་གི་ཕྱོགས་འབའ་གླིང་ཁ་གཤིས་ཚ་ལོ་ཤང་ཁོངས་སུ་ལམ་ཐག་སྤྱི་ལེ་110ལྷག་གི་མཚམས་སུ་གནས་ཤིང་། མཚོ་འཕགས་སྨི་4200ཡོད། གནས་ནང་དུ་གསང་སྔགས་རྙིང་མའི་དགོན་སྡེ་ས་དང་གནས་མིང་དགོན་པ་ལ་བཏགས་པའི་གླིང་གཤིས་མཚོ་ཕུ་ལྔ་རིག་སློབ་གླིང་དང་། གླིང་གཤིས་ཡ་སོ་དགོན་པ་སོགས་ཡོད།
ཨོ་རྒྱན་ཆེན་པོས་ཀྱང་། ཨུ་རྒྱན་མཚོ་སྐྱེས་རང་བྱུང་རྡོ་རྗེ་ང༔ བརྒྱ་དང་བཅུ་གཅིག་བོད་ཁམས་ཀུན་དུ་བཞུགས༔ ཁྱད་པར་གངས་ཆེན་ཉི་ཤུ་རྩ་ལྔ་ལས༔ མདོ་ཁམས་ཤར་སྨད་འབོ་ལེ་གངས་ཞེས་དེར༔ པད་འབྱུང་ང་ཡི་སྒྲུབ་གནས་ཁྱད་འཕགས་ཅན༔ ཤིང་དགུ་གངས་ཀྱི་ར་བ་ཞེས་བྱ་ཡོད༔ གནས་དེར་པད་འབྱུང་ང་ཉིད་ལོ་ལྔ་བཞུགས༔ ཞེས་གསུངས་པ་ལྟར་གནས་ཡིག་རྙིང་པ་ལས།
དེ་ལྟར་གངས་ཆེན་ཉི་ཤུ་རྩ་ལྔ་ལས། །ཁྱད་འཕགས་ཤིང་རྒུ་གངས་ཀྱི་ར་བ་འདིར། །སྟོང་གསལ་ནམ་མཁའི་ལྡིང་ཁང་མཐོ་ལ་དྭངས། །མི་འགྱུར་གངས་དཀར་རྩེ་མོར་སྤྲིན་དཀས་འཁྱུད། །རྫ་བྲག་ལྷུན་རྔམ་གཏན་འཁྱིལ་རྒྱ་མཚོ་ཟབ། །ཕུ་ཆུ་འགྲོས་མྱུར་གཡུ་འབྲུག་སྒྲ་སྐད་ངར། །ནགས་ཚལ་སྤང་ལྗོངས་རབ་མཛེས་མིའི་ཞིང་ཁམས། །ཕྱི་ཚུལ་ས་ཡི་མཚན་ཉིད་ཀུན་ནས་ཚང་། །ནང་ལྟར་ཕུར་པ་རྡོ་རྗེ་གཞོན་ནུའི་གནས། །མ་ཚང་མེད་ཅིང་ཁྱད་པར་མགྲིན་པའི་སྟེང་། །ཙཱ་འདྲ་རིན་ཆེན་གསང་ཕུག་ཚེ་རིང་ལྗོངས། །གནས་པས་བསྙེན་བསྒྲུབ་ནུས་པའི་རྟགས་ཚད་མྱུར། །ཐུགས་ཀར་མཚོ་དགོན་ལྔ་རིག་དགའ་ཚལ་གླིང་། །གནས་ལྔ་རིག་པའི་ཤེས་བྱ་ཀུན་ནས་རྒྱས། །དྭངས་གསལ་མཚོ་ཆེན་འཁོར་ལོ་རྒྱས་འདེབས་ཡུམ། །གནས་འདིར་ཨོ་རྒྱན་རྗེ་འབངས་འཁོར་ཚོགས་རྣམས། །ལོ་ལྔ་བཞུགས་ནས་ཚེ་ཡང་ཕུར་གསུམ་སྒྲུབ། །དེའི་ཕྱིར་པངྨ་དབང་ཕུག་མཚོ་རྒྱལ་ཕུག །འོད་གསལ་གངས་ཕུག་འཇའ་ལུས་ཟང་ཐལ་ཕུག །རིག་འཛིན་མཁའ་འགྲོ་འདུས་པའི་ཚོགས་ཁང་སོགས། །མཆོག་གི་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམ། །ཤིན་ཏུ་ཡ་མཚན་རྨད་བྱུང་སྒྲུབ་ཕུག་གཉིས། །ཐུན་མོང་དངོས་གྲུབ་ཐོབ་པའི་སྒྲུབ་ཕུག་གསུམ། །ཨོ་རྒྱན་སྐུ་རྗེས་མཚོ་རྒྱལ་ཞབས་ཕྱག་རྗེས། །རིག་འཛིན་ཉེར་ལྔ་མཁའ་འགྲོ་རྒྱ་མཚོ་ཡིས། །རྫུ་འཕྲུལ་ཞབས་ཕྱག་རྗེས་རྣམས་གསལ་པོ་ཡོད། །ཚེ་ཆུ་དང་ནི་མཁའ་འགྲོ་ཚེ་ཟན་དང་། །བྱང་སེམས་དཀར་དམར་ལྷ་སྐུ་རང་བྱོན་ཡོད། །གཡུ་ཤུག་རྩ་ལ་དག་བྱེད་ཁྲུས་ཆུ་དང་། །སྨན་བླའི་སྐུ་མདུན་ནད་སེལ་སྨན་ཆུ་ཡོད། །འོད་གསལ་ཐིག་ལེ་གཞི་ཕེབ་ལ་སོགས་པ། །དམ་པའི་ཆོས་ཀྱི་གཏེར་ཁ་གསུམ་ཙམ་ཡོད། །རྡོ་རྗེ་གཞོན་ནུའི་གཞལ་ཡས་གཡུ་མཚོ་ཡོད། །དེ་རུ་ཚོགས་འཁོར་རཏྣའི་མཎྜལ་ཕུལ།།བར་ཆད་སེལ་ཞིང་རང་རང་ལས་སྐལ་མཐོང་། །སེང་གདོང་ཡབ་ཡུམ་ཕོ་བྲང་དམར་ནག་མཚོ། །གོ་མཚོན་སོགས་ཕུལ་དུས་འཁྲུགས་ནད་རྣམས་ཞི། །རི་ཆེན་དིལ་འབུར་བརྒྱ་དང་རྩ་བརྒྱད་ཡོད། །ཆུ་མིག་བརྒྱ་དང་མཚོ་མོ་བརྒྱ་རྩ་བརྒྱད། །གཞན་ཡང་དམ་ཆོས་གཏེར་ཁ་བཅུ་གསུམ་ཡོད། །ཨོ་རྒྱན་པདྨ་རིག་འཛིན་མཁའ་འགྲོ་ཡི། །མངོན་སུམ་ཞལ་གཟིགས་ལུང་བསྟན་ངེས་པར་འོང་། །བཛྲ་གུ་རུ་ཌཱ་དྲིལ་རོལ་མོའི་སྒྲ། །ཆུ་བོ་ཐམས་ཅད་རི་ལུ་ཀཱི་ལ་ཡའི། །དུས་ཀུན་མངོན་སུམ་སྒྲོགས་ཤིང་དགེ་མཚན་ལྡན། །གནས་འདི་ཉིན་མོ་འཇའ་ཟེར་པ་ཏྲ་འཁྲིགས། །མཚན་མོ་ཡེ་ཤེས་མེ་དཔུང་རབ་ཏུ་འབར། །རི་མགོ་ཐམས་ཅད་སེང་ཆེན་འགྱིང་པ་འདྲ། ། རི་སྐེད་ཐམས་ཅད་སྟག་མོ་མཆོང་བ་འདྲ། །དེ་འོག་རི་རྣམས་ཁྲོ་མོས་རལ་བསིགས་འདྲ།།མདོར་ན་སྔོན་ཚེ་པད་འབྱུང་རྗེ་འབངས་འཁོར། །མ་ཎྀ་རིན་ཆེན་བདུད་འདུལ་རྡོ་རྗེ་དང་། །ཀློང་གསལ་སྙིང་པོ་ལ་སོགས་རིག་འཛིན་གྱིས། །ཟབ་གཏེར་སྒོ་འབྱེད་འདྲེ་སྲིན་དམ་ལ་བཏགས། སྐུ་གསུམ་ཕྲིན་ལས་འགྲོ་འདུལ་བྱིན་རླབས་མཛད། །
བར་དུ་དྲུང་པ་ནམ་མཁའ་རྒྱ་མཚོ་དང་། །གྲུབ་དབང་དམ་པ་ལུང་རྟོགས་རྒྱལ་མཚན་སོགས། །གྲུབ་བརྙེས་རིག་འཛིན་རིམ་པ་བྱོན་རྣམས་ཀྱིས། དངོས་སམ་བརྒྱུད་ནས་བཤད་སྒྲུབ་གནས་ཀྱི་སྒོ །མཛད་པ་དཀར་པོས་སྐྱེ་རྒུའི་ཕན་བདེ་སྤེལ། །
མདོར་ན་གནས་མཆོག་འདི་ཡི་ཡོན་ཏན་ཀུན། །ལྷ་མཆོག་འཇམ་དཔལ་གཞོན་ནུས་བརྗོད་མི་ལངས། །སྤྱིར་ན་འདུ་བ་བྱ་ལོ་(གནས་འདུས་བྱ་ལོ།)ཀུན་ཡིན་ཡང། །ཁྱད་པར་ལོ་འདིར་གནས་དུས་རྟེན་འབྲེལ་འཛོམས། །དད་དང་དག་སྣང་དམ་ཚིག་གཙང་མའི་ངང་། །སྦྱོར་དངོས་རྗེས་གསུམ་ཚད་དང་ལྡན་བཞིན་དུ། །གནས་མཆོག་འདི་ལ་ཕྱག་བསྐོར་སུས་བྱས་ན། །གནས་སྐབས་འཇིགས་པ་བརྒྱད་སོགས་ཞི་བ་དང་། ཚེ་རབས་ལས་ཀྱི་ནད་ལས་གྲོལ་བར་འགྱུར། མཐར་ཐུག་འདུས་པའི་རིག་འཛིན་ཕོ་མོ་རྣམས། །རྔ་ཡབ་དཔལ་རི་པདྨའི་ཞབས་དྲུང་དུ། ། ནམ་ཞིག་ཚེ་འཕོས་ལུས་རྗེས་གྱུར་མ་ཐག །སྐྱེས་ནས་སྐུ་གསུམ་འབྲས་བུ་མྱུར་དུ་ཐོབ། །ཅེས་གསུངས་སོ།།
དེ་ལྟར་གནས་འདིའི་ཁྱད་འཕགས་ཀྱི་ཡོན་ཏན་སུས་ཀྱང་བརྗོད་ཀྱིས་མི་ལངས་ཀྱང་། མདོར་ན་གནས་འདིར་གནའ་དུས་ཀྱི་ས་གཤིས་མ་ཉམས་པ་སྟེ། གངས་དཀར་དང་བྲག་རི། མཚེའུ་དང་ཆུ་རྒྱུན། རྩྭ་ཐང་དང་གྲོག་རོང་། རྦབ་ཆུ་དང་ཚ་ཆུ། ལྗོན་ཤིང་དང་མེ་ཏོག རི་སྐྱེས་སྲོག་ཆགས་དང་སྨན་རྫས། སྒྲུབ་ཕུག་དང་དགོན་སྡེ་བཅས་གཅིག་ལ་གཅིག་བརྟེན་དུ་གནས་འདི་བདག་ཏུ་བཟུང་བས། འབའ་ཐང་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དང་། རྒྱུན་བསྲིང་འཕེལ་རྒྱས། འོད་ཟེར་ལྡན་པའི་མ་འོངས་མདུན་ལམ་མངོན་འགྱུར་བྱེད་པ་ལ་ཕན་ནུས་མངོན་གསལ་དུ་ཐོན་ཐུབ་ལ། གནས་མཆོག་ཤམ་བྷ་ལ་དང་དབྱེར་མེད་པའོ།།
རྩོམ་ཡིག་སྔོན་མ།
ཚ་ཁོག་འགྲིམ་པའི་མྱོང་ཚོར།
རྩོམ་ཡིག་རྗེས་མ།
ད་ཀྱི་ན་གཞོན་རི་མོ་བ་བཀྲ་ཡེ་དོན་ནེའི་རི་མོ་བདམས་བཀོད།
ཕུན་ཚོགས་མཛའ་འབྲེལ།
ཀྲུང་གོའི་བོད་ཀྱི་དྲ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ།
ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཁམས་པའི་བརྙན་འཕྲིན།
ཁམས་པའི་དྲ་བ།
གུང་ཁྲན་ཏང་གི་གསར་འགྱུར་དྲ་བ།
སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
མཚོ་སྔོན་པོ་དྲ་བ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།
བོད་ཡིག་ཡིག་བསྒྱུར་ལྷུ་ལག
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།
蜀ICP备14009601号-1