འཛམ་གླིང་དུ་ཕྱོགས་པའི་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ།བསྐྱར་དར་རྟགས་ཅན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


རང་རྒྱལ་གྱིས་མྱུར་བགྲོད་ལྕགས་ལམ་ཞིབ་འཇུག་བཟོ་སྐྲུན་བྱས་པ་ནས་བཟུང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ལག་རྩལ་གྱི་འཕེལ་རྒྱས་ནི་ཉིན་རེ་དང་ཟླ་རེ་བཞིན་རྣམ་པ་གསར་པ་མངོན་ཏེ། རྒྱལ་སྤྱིའི་ཐོག་ཀྱང་འགྲན་རྩོད་རྒྱ་ཆེན་པོ་བྱུང་ཡོད་དེ། འཛམ་གླིང་ཐོག་བཅུ་ཆ་དྲུག་གི་མྱུར་བགྲོད་ལྕགས་ལམ་ནི་ཀྲུང་གོས་བཟོ་སྐྲུན་བྱས་པ་རེད། ལྷག་པར་དུ་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་འཁོར་རྒྱུག་ལམ་ཚད་འཛམ་གླིིང་གི་ཨང་དང་པོ་ཡིན་ཞིང་། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་བསྐྱར་དར་རྟགས་ཅན་ནི་དུས་ཚོད་རེའི་ནང་སྤྱི་ལེ་350ཡི་མྱུར་ཚད་ཟིན་ཏེ་གཞུང་ལུགས་ཀྱི་ཆུ་ཚོད་རེའི་མྱུར་ཚད་ཀྱིས་འཛམ་གླིང་གི་ཨང་དང་པོ་ཡིན།

ཀྲུང་གོའི་ལྕགས་ལམ་སྤྱི་གཉེར་ཁང་གི་གསར་འཕྲིན་ལྟར་ན། 2018ལོའི་ལོ་སྟོད་ཀྱི་ལྕགས་ལམ་འགྲིམ་འགྲུལ་གྱི་དམིགས་ཚད་གཙོ་བོ་ཤུགས་ཆེར་འཕར་ཞིང་། དེའི་ཁྲོད་དུ་བསྐྱར་དར་རྟགས་ཅན་གྱི་སྤུས་རྟགས་འཐབ་ཇུས་ལག་བསྟར་གྱིས་རྨང་གཞིའི་ནུས་པ་ཆེན་པོ་བཏོན་ཡོད། བསྐྱར་དར་རྟགས་ཅན་གསར་བཟོ་བྱས་པ་ནས་ཀྲུང་གོའི་ལྕགས་ལམ་འཕེལ་རྒྱས་ཀྱི་སྐུལ་འདེད་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ཆེན་པོ་ལྡན།

དེ་ཡང་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ནི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་གྱི་རྒྱ་ཡིག་གི་མིང་མཚན་ཡིན་ཏེ། ཀྲུང་གོའི་ལྕགས་ལམ་སྤྱི་གཉེར་ཁང་གིས་སྣེ་ཁྲིད་དེ་ཞིབ་འཇུག་གསར་བཟོ་བྱས་ཤིང་ཆ་ཚང་བའི་རང་བདག་གི་ཤེས་ཡོན་ཐོན་དངོས་བདག་དབང་ཡོད་པ་དང་འཛམ་གླིང་སྔོན་ཐོན་གྱི་ཆུ་ཚད་ལྡན་པའི་ཤུགས་འགྲེམས་མེ་འཁོར་ཡིན། དབྱིན་ཡིག་གི་ཚབ་རྟགས་སུ་CRཞེས་ཏེ་CRHརིགས་གྲས་ལས་མཐོ། རིམ་པ་གསུམ་སོ་སོར་ CR400/300/200དང་གྲངས་ཀས་ཆེས་མཐོའི་ཆུ་ཚོད་རེའི་མྱུར་ཚད་མཚོན་ཞིང་། རྒྱུན་མཐུད་ཆུ་ཚོད་རེའི་མྱུར་ཚད་ཀྱིས་350དང་250 160སོ་སོར་ཁ་གཏད་པ་དང་མགྱོགས་བགྲོད་ལྕགས་ལམ་(高铁)དང་མྱུར་བགྲོད་ལྕགས་ལམ།(快铁)གྲོང་ཁྱེར་བར་གྱི་ལྕགས་ལམ།(城铁)བཅས་སུ་འཚམ། བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཁྲོད་ཀྱི་མདོག་དམར་པོ་ཅན་གྱི་ལྷ་འབྲུག་དང་གསེར་མདོག་གི་ཁྱུང་ཆེན་གྱིས་ཀྲུང་ཧྭའི་ལོ་ངོ་5000ལྷག་གི་ལོ་རྒྱུས་རིག་གནས་མཚོན་ཞིང་བཀྲ་ཤིས་ཁྱུང་འབྲུག་གི་ཤུགས་བསྟན་མཚོན་ཡོད།

2017ལོའི་ཟླ་6པའི་ཚེས་25ཉིན་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ལ་བསྐྱར་དར་རྟགས་ཅན་ཞེས་དངོས་སུ་མིང་བཏགས་ཤིང་ཚེས་26ཉིན་ཅིན་ཧུའུ་མྱུར་བགྲོད་ལྕགས་ལམ་དུ་ཕྱོགས་གཉིས་སུ་དངོས་སུ་ཤར་གཏོང་མངོན་འགྱུར་བྱུང་། ཟླ་8པའི་ཚེས་21ཉིན་ནས་བཟུང་ཅིན་ཅིན་ཅི་ས་ཁུལ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ཆ་22.5གཏོང་འགོ་བཙུགས། 2018ལོའི་ཟླ་4པར་བསྐྱར་དར་རྟགས་ཅན་གྱི་ཤར་གཏོང་སླར་ཡང་རྒྱ་བསྐྱེད་དེ་པེ་ཅིན་ནས་གཏོང་འགོ་བཙུགས་པའི་བསྐྱར་དར་རྟགས་ཅན་ཞིང་ཆེན་རིམ་པ་ཡན་གྱི་གྲོང་ཁྱེར་15རུ་རྩིབས་འཕྲོ་བྱ་རྒྱུ་རེད།

བསྐྱར་དར་རྟགས་ཅན་གྱི་ཞིབ་འཇུག་དང་གསར་བཟོ་བྱེད་པའི་ཐོག་མའི་བསམ་འདུན་ནི་ཁྱོན་ཡོངས་ནས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་ཤུགས་འགྲེམས་མེ་འཁོར་གྱི་ཇུས་འགོད་དང་། མཉེན་ཆས་གསར་སྤེལ། བཟོ་སྐྲུན་ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལྕགས་ལམ་གནས་ཚུལ་དང་འཚམ་པའི་མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་བཟོས་ཏེ། ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་རང་འགུལ་ཅན་དང་ཚད་ལྡན་ཅན། མུ་འབྲེལ་ཅན་དུ་མངོན་འགྱུར་བྱུང་ཞིང་། ཤུགས་འགྲེམས་མེ་འཁོར་དེ་ཀྲུང་གོས་བཟོ་སྐྲུན་བྱས་པ་ནས་ཀྲུང་གོས་གསར་གཏོད་དུ་མཆོང་བརྒལ་བྱེད་པར་སྐུལ་འདེད་བྱ་རྒྱུ་དེའོ། །

བསྐྱར་དར་རྟགས་ཅན་ལ་འབུར་ཐོན་ལེགས་ཆ་གང་ཡོད་ཅེ་ན། གཅིག་ནས་བདེ་འཇགས་འགན་སྲུང་ལག་རྩལ་སྔར་ལས་སྔོན་ཐོན་ཡིན་པ། བསྐྱར་དར་རྟགས་ཅན་གྱི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ལ་རིག་ནུས་ཅན་གྱི་ཚོར་ཤེས་མ་ལག་དང་ཤུགས་ཆེ་བའི་བདེ་འཇགས་ལྟ་ཞིབ་ཚད་ལེན་མ་ལག་ལྡན་པ། གཉིས་ནས་མེ་འཁོར་དུ་སྡོད་པའི་ཉམས་ཞིབ་དེ་ལས་ལེགས་པ། གློག་གསོག་ཐུབ་པར་མ་ཟད་ད་དུང་བསྐྱར་དར་རྟགས་མའི་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒྲོམ་ནང་སྐུད་མེད་དྲ་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་བ། གསུམ་ནས་བསྐྱར་དར་རྟགས་མའི་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་ལ་ད་དུང་རྒྱང་རིང་གཞི་གྲངས་བརྒྱུད་གཏོང་བེད་སྤྱོད་བྱས་ཏེ་ས་ངོས་ནས་དུས་ལྟར་མེ་འཁོར་གནས་ཚུལ་གྱི་ཆ་འཕྲིན་བསྡུ་ལེན་བྱེད་པ་དང་། ས་ངོས་ནས་གོམ་མཐུན་ལྟ་ཞིབ་ཚད་ལེན་དང་རྒྱང་རིང་སྲུང་སྐྱོང་ནུས་པ་མཐོར་འདེགས་བྱེད་ཐུབ། བཞི་ནས་འཁོར་ཁོག་གི་ཚད་དམའ་འགོག་ཤུགས་ཀྱི་ཟགས་ཐིག་གཟུགས་དང་འཇམ་ཤ་ཅན་གྱི་ཇུས་འགོད་ཀྱིས་ཚད་ཆེན་པོའི་སྒོ་ནས་ནུས་གྲོན་མར་ཆག་ཐུབ་པར་མ་ཟད་མེ་འཁོར་ནང་གི་འཛེར་སྒྲ་ཡང་མར་ཆག་ཐུབ།

དེ་ལས་གཞན། ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་གྱིས་ད་དུང་ལྷུ་ལག་ཆེ་ཆུང་གི་ཚད་གཞི་གཅིག་གྱུར་བྱས་ཏེ་ལྷུ་ལག་ཆེ་ཆུང་ཕན་ཚུན་བརྗེ་རེས་མངོན་འགྱུར་བྱུང་སྟེ། འགྲོ་གྲོན་མི་ཉུང་བ་ཞིག་གྲོན་ཆུང་བྱས་པས་རྒྱལ་སྤྱིའི་ཐོག་ཏུ་སྔར་བྱུང་མ་མྱོང་བ་ཞིག་རེད།

དེ་ཡང་ཀྲུང་གོའི་ཚད་ལྡན་ཤུགས་འགྲེམས་མེ་འཁོར་གྱིས་ཀྲུང་གོའི་མྱུར་བགྲོད་ལྕགས་ལམ་གྱི་སྤྱིའི་ལག་རྩལ་ཆུ་ཚད་དེ་འཛམ་གླིང་སྔོན་ཐོན་གྱི་གྲས་སུ་ཚུད་པར་མ་ཟད་ལག་རྩལ་ཆ་ཤས་ཐ་ན་འཛམ་གླིང་གི་སྣེ་འདྲེན་ཆུ་ཚད་དུ་ཐོན། ཀྲུང་གོས་བཟོ་སྐྲུན་དང་ཀྲུང་གོའི་ཚད་གཞི་ཡང་གོམ་པ་རེ་རེ་བཞིན་འཛམ་གླིང་དུ་བསྐྱོད་བཞིན་མཆིས།

བསྐྱར་དར་རྟགས་ཅན་དེ་2017ལོའི་ཟླ་6པའི་ཚེས་26ཉིན་གྱི་ཆུ་ཚོད་11དང་སྐར་མ་5ཡི་ཐོག ཅིན་ཧུའུ་མྱུར་བགྲོད་ལྕགས་ལམ་གྱི་སྣེ་གཉིས་ཀྱི་པེ་ཅིན་ལྷོའི་འབབ་ཚུགས་དང་ཧྲང་ཧའེ་ཧུང་ཆའོ་འབབ་ཚུགས་ནས་ཕྱོགས་གཉིས་སུ་ཐོག་མར་ཤར་གཏོང་བྱས་ཤིང་། གཅིག་ནི་འབྲུག་དང་འདྲ་ཞིང་གཅིག་ནི་རྒྱ་བྱ་དང་འདྲ་བར། སོ་སོ་གཏོང་ཐེངས་G123དང་གཏོང་ཐེངས་G124མྱུར་བགྲོད་མེ་འཁོར་རེད། དེ་གཉིས་ཀྱིས་མཉམ་དུ་དུས་རབས་ཤིག་བསུས་ཤིང་དེ་ནི་ཀྲུང་གོའི་ཚད་ལྡན་གྱི་ཤུགས་འགྲེམས་མེ་འཁོར་གྱི་དུས་རབས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1