དང་པོ། རྒྱལ་ཁབ་ཁྲོད་ཀྱི་རྒྱལ་ཁབ་སྟེ་ཝ་ཐི་ཁན།
ཝ་ཐི་ཁན་ཞེས་པ་ནི་ཆོས་ཀྱི་གོང་མའི་བཞུགས་གནས་ཞེས་པའི་དོན་ཡིན་ལ། སྤྱི་ལོ་དུས་རབས་བཞི་པར། གནམ་བདག་ཆོས་ལུགས་ཀྱི་ཆོས་ཀྱི་གོང་མས་བསྟན་པའི་དོན་དུ་རང་སྲོག་ཕུལ་བའི་ཡེ་ཤུ་མ་ཤུ་ཀའི་ཉེ་གནས་ཧྲིན་པེ་ཏི་ལ་དྲན་གསོ་ཞུ་ཆེད། རོ་མ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་ཁང་སི་ཐན་ཏིན་ཆོས་ཁང་ཆེན་མོ་བཞེངས་སྐྲུན་བྱས། དུས་རབས་བཅོ་ལྔ་ནས་བཅུ་དྲུག་པའི་དུས་སྐབས་སུ། སྔོན་གྱི་མིང་དེ་ཧྲིན་པེ་ཏི་ཆོས་ཁང་ཆེན་མོར་བསྒྱུར་ཅིང་། གནམ་བདག་ཆོས་ཚོགས་ཀྱིས་ཆོས་ལུགས་ཀྱི་མཛད་སྒོ་ཆེས་གཟབ་རྒྱས་འཚོགས་སའི་བསྟི་གནས་སུ་གྱུར། སྤྱི་ལོ1756ལོར་ཧྥ་ལན་ཁེ་རྒྱལ་ཁབ་ཀྱི་རྒྱལ་བོས་རོ་མ་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་ཡུལ་སྡེ་ཐམས་ཅད་ཆོས་ཀྱི་གོང་མར་ཕུལ་བས། རྗེས་སུ་དབྱི་ཐ་ལིའི་དཀྱིལ་དབུས་སུ་ཆོས་ཀྱི་གོང་མའི་རྒྱལ་ཁབ་ཚུགས། 1870ལོར་དབྱི་ཐ་ལི་གཅིག་གྱུར་བྱུང་རྗེས། ཆོས་ཀྱི་གོང་མ་ཡུལ་གཞན་ནས་བཞུགས་སྟབས་མ་བདེ་བར་ཝ་ཐི་ཁན་ཕོ་བྲང་དུ་གནས་མི་སྤོར་ཀ་མེད་དུ་གྱུར་ཅིང་། 1929ལོར་དབྱི་ཐ་ལི་དང་ཆོས་ཀྱི་གོང་མའི་བར་དུ་《ལཱ་ཐི་ལན་ཆིངས་ཡིག》ཅེས་པ་བཞག་ཅིང་།
སྐབས་དེ་ནས་བཟུང་ཝ་ཐི་ཁན་ནི་ཆོས་སྲིད་ཟུང་འབྲེལ་གྱི་རང་བདག་རྒྱལ་ཁབ་ཏུ་ཁས་བླངས་པར་མ་ཟད། ཝ་ཐི་ཁན་ནི་བར་གནས་རྒྱལ་ཁབ་ཡིན་པས་དེའི་མངའ་ཁོངས་ལ་སུས་ཀྱང་བཙན་འཛུལ་བྱས་མི་ཆོག་པ་ཡོངས་སུ་བསྒྲགས།
ཝ་ཐི་ཁན་གྲོང་ཁྱེར་རྒྱལ་ཁབ་ནི་དབྱི་ཐ་ལིའི་རྒྱལ་ས་རོ་མའི་ནུབ་བྱང་མཚམས་ཀྱི་སྐམ་སའི་དབུས་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན་ལ། འཛམ་གླིང་སྟེང་མངའ་ཁོངས་ཀྱི་རྒྱ་ཁྱོན་ཆེས་ཆུང་ལ་མི་གྲངས་ཆེས་ཉུང་བའི་རྒྱལ་ཁབ་ཅིག་ཡིན། རྒྱལ་ཁབ་ཧྲིལ་པོའི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ0.44ཡོད། ཕྱོགས་བཞིའི་ས་ཁོངས་ཀྱི་མཐའ་མཚམས་ཡོངས་སུ་དབྱི་ཐ་ལི་རྒྱལ་ཁབ་དང་འདབས་འབྲེལ་དུ་གནས་པས། མི་རྣམས་ཀྱིས་ས་ཆ་འདི་ལ་“རྒྱལ་ཁབ་ཁྲོད་ཀྱི་རྒྱལ་ཁབ”ཅེས་འབོད། ཝ་ཐི་ཁན་ནི་འཛམ་གླིང་ཧྲིལ་བོའི་གནམ་བདག་ཆོས་ལུགས་ཀྱི་ཆོས་ཀྱི་གོང་མ་གཙོར་བྱས་པའི་ཆོས་སྐྱོང་སྲིད་གཞུང་གི་གནས་གཞི་ཡིན་ལ། འཛམ་གླིང་གི་མི་གྲངས་དྲུག་ཆའི་གཅིག་ཙམ་གྱི་ཆོས་དད་མི་དམངས་ཀྱི་ཆོས་ལུགས་དད་མོས་ཀྱི་ལྟེ་གནས་ཤིག་ཀྱང་ཡིན། འཛམ་གླིང་ཡོངས་ལས་གནམ་བདག་ཆོས་ལུགས་ལ་ཆོས་དད་མི་གྲངས་འབོར་ཆེན་ཡོད་པའི་སྟབས་ཀྱིས། ཝ་ཐི་ཁན་ལའང་ཆབ་སྲིད་དང་། རིག་གནས་བཅས་ཀྱི་ཁྱབ་ཁོངས་སུ་ཨ་མེ་རི་ཁ་དང་། ཀྲུང་གོ ཨུ་རུ་སུ་ནང་བཞིན་ཤུགས་རྐྱེན་ཆེན་པོ་ལྡན།
གཉིས་པ། རིག་གནས་སྒྱུ་རྩལ་གྱི་བང་མཛོད་དེ་ཝ་ཐི་ཁན།
གལ་ཏེ་ཁྱེད་རང་དབྱི་ཐ་ལིར་ལྗོངས་རྒྱུར་ཕེབས་པ་ཡིན་ན། ངེས་པར་དུ་རོ་མ་གྲོང་ཁྱེར་ལ་ལྟ་སྐོར་དུ་ཕེབས་དགོས་ལ། གལ་ཏེ་ཁྱེད་རང་རོ་མ་གྲོང་ཁྱེར་དུ་སླེབས་པ་ཡིན་ན། ཝ་ཐི་ཁན་ནི་ངེས་པར་དུ་མ་མཇལ་ཐབས་མེད་ཀྱི་གནས་མཆོག་ཤིག་ཡིན། རྒྱུ་མཚན་ནི་རྒྱལ་ཁབ་ཆུང་ངུ་འདིའི་ག་ས་གང་དུ་ཆོས་ལུགས་ཀྱིས་མཚོན་པའི་དྲན་གསོའི་དངོས་རྫས་ཀྱིས་བཀང་ཡོད་དེ། རིག་རྩལ་བསྐྱར་དར་དང་པ་ལོ་ཁི་སྒྱུ་རྩལ་གྱི་ཤུལ་བཞག་བརྩམས་ཆོས་མང་དུ་བཞུགས་ཤིང་། དེ་ལས་ཀྱང་ལོ་རྒྱུས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་ཝ་ཐི་ཁན་ཕོ་བྲང་དང་། ཧྲིན་པེ་ཏི་ཆོས་ཁང་ཆེན་མོ། ཞི་སི་ཐིན་ཆོས་ཁང་སོགས་ནི་འཛམ་གླིང་ན་སྙན་གྲགས་འབར་ཞིང་རིན་ཐང་གཞལ་དུ་མེད་པའི་བཟོ་བཀོད་ཀྱི་བརྩམས་ཆོས་ཡིན། ཧྥོ་ལའང་ཀི་ལེ་ཁི་དང་། ལ་ཧྥེར། པོ་ཏེ་ཆེ་ལི། སྨི་ཁེ་ལང་ཆི་ལོ་སོགས་སྒྱུ་རྩལ་གྱི་ཤེས་རབ་མངའ་ལ་རྣམ་དཔྱོད་ཕུལ་དུ་བྱུང་བའི་མཁས་དབང་མང་པོས་བརྩམས་ཆོས་མཐའ་དག་ཀྱང་གནས་འདིར་མཆིས། དུས་རབས་ཀྱི་རླབས་རྒྱུན་ཁྲོད་དར་རྒུད་དང་འཕེལ་རྒྱས་ཕྱིན་པའི་སྒྱུ་རྩལ་ཤུལ་བཞག་འདི་དག་ནི། མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་འོད་སྟོང་འབར་བའི་རིག་གནས་ཀྱི་ཤོག་ལྷེ་གལ་ཆེན་ཞིག་ཏུ་གྲུབ།
གཅིག ཧྲིན་པེ་ཏི་ཆོས་ཁང་ཆེན་མོ།
ཧྲིན་པེ་ཏི་ཐང་ཆེན་མཐའ་འཁོར་གྱི་ཟླུམ་གཟུགས་ཀྱི་འཁྱོག་ཁྱམས་ཆེན་པོ་དེར། ཀ་བ་རིང་ཐུང་མི་འདྲ་བ་370ལྷག་ཙམ་གྱེན་དུ་བསླངས་ཡོད་ལ། དཀྱིལ་དབུས་ཀྱི་གྲུ་བཞི་ནར་མོའི་དབྱིབས་ཀྱི་རྡོ་རིང་དེའི་མཐོ་ཚད་ལ་སྤྱི་ཁྲེ་26དང་། ཕྱོགས་གཉིས་སུ་པ་ལོ་ཁེའི་ལུགས་ཀྱི་གྱེན་འཕྱུར་ཆུ་མིག་ཡོད། དེ་ནི་འཛམ་གླིང་གི་ཆེས་དོ་མཉམ་ཆ་འགྲིག་ལྡན་པ་དང་། ཆེས་བརྗིད་ཆགས་ཡིད་དུ་འོང་བའི་ཐང་ཆེན་དུ་བསྔགས། གནས་འདིར་དུས་རབས་སོ་སོའི་ཐང་ཆེན་གྱི་ཉིང་བཅུད་འདུས་ཡོད་དེ། དེ་ནི་འཛམ་གླིང་སྟེང་ཆེས་མིང་དུ་གྲགས་པའི་ཇུས་འགོད་པ་པེར་ནེ་ནེ་ཡིས་སྤྱི་ལོ་1667ལོར་ཇུས་འགོད་བྱས་པ་ནས་བཟུང་། ལོ་ངོ་བཅུ་གཅིག་གི་རིང་ལ་དཀའ་སྤྱད་ཀྱིས་བཟོ་སྐྲུན་བྱས་པ་ཡིན། ཐང་ཆེན་ཧྲིལ་པོ་འཇོང་དབྱིབས་སུ་མངོན་ཞིང་། སྲིད་ལ་སྨི་340དང་། ཞེང་ལ་སྨི་240ཡོད། ས་ངོས་སུ་རྡོ་གཅལ་ལེབ་མོ་བཏིང་ཡོད་པ་དང་། ཕྱོགས་གཉིས་སུ་སྒོར་ཕྱེད་གཟུགས་ཀྱི་རྡོ་ཀ་མ་རུའི་ཀ་བས་བསྐོར་ཡོད་པས་བཟོ་དབྱིབས་གྲ་འགྲིག་ཤིང་ལྟ་ན་སྡུག་ལ་བརྗིད་ཉམས་ལྡན། ཐང་ཆེན་ལ་ཁ་གཏད་པའི་ཀ་བ་རེ་རེའི་རྩེ་ཡི་སྟེགས་བུའི་སྟེང་། སོ་སོར་མཐོ་ལ་སྨི་3.2ཡོད་པའི་རྡོ་ཀ་མ་རུའི་བརྐོས་བརྙན་རེ་རེ་ཡོད། བརྐོས་བརྙན་དེ་དག་ནི་རོ་མའི་གནམ་བདག་ཆོས་ཚོགས་ཀྱི་འདས་ཟིན་པའི་ལོ་རྒྱུས་ཁྲོད། བསྟན་པའི་དོན་དུ་རང་སྲོག་ཕུལ་བའི་སྔོན་རབས་པ་དག་ཡིན་ལ། བརྐོས་བརྙན་དེ་དག་གི་ཉམས་འགྱུར་སྣ་ཚོགས་ཤིང་གཟུགས་བརྙན་གསོན་ཉམས་ལྡན། ཐང་ཆེན་གྱི་དཀྱིལ་དུ་རྩེ་མོ་དགུང་དུ་སྙེག་པའི་རྡོ་རིང་ཆེན་པོ་ཞིག་ཡོད་ལ། རྡོ་རིང་སྟེང་དུ་ཡེ་ཤུ་མ་ཤུ་ཀ་རྒྱ་གྲམ་ཐོག་ཏུ་འཛེར་བའི་དབྱིབས་གཟུགས་མངོན།
ཧྲིན་པེ་ཏི་ཆོས་ཁང་ཆེན་མོ་ནི་ཝ་ཐི་ཁན་གྱི་ཚོམས་ཆེན་གཙོ་བོ་ཡིན། དེ་སྔོན་གྱི་ཧྲིན་པེ་ཏི་ཆོས་ཁང་ཆེན་མོ་ནི་གོང་མ་ཅུན་ཧྲི་ཐན་ཏིན་གྱིས་རོགས་དངུལ་གནང་འོག་ཧྲིན་པེ་ཏི་བང་སོའི་སྟེང་དུ་བཞེངས་སྐྲུན་བྱས་ལ། སྤྱི་ལོ་326ནས་333ལོ་བར་ལ་བཞེངས་སྐྲུན་བྱེད་མགོ་བརྩམས་ཏེ། དུས་ཡུན་ལོ་སུམ་ཅུ་ཙམ་འགོར་རྗེས་བཞེངས་བསྐྲུན་ལེགས་འགྲུབ་བྱུང་། བཟོ་སྐྲུན་གྱི་རྣམ་པ་ནི་པ་ཞི་ལི་ཁའི་ལུགས་སུ་བྱས་ཡོད། སྤྱི་ལོ་800ལོའི་ཡེ་ཤུའི་འཁྲུངས་སྐར་གྱི་དུས་སུ། གོང་མ་ཆེན་མོ་ཁྲ་ལི་མན་གྱིས་གནས་འདིར་ཕྱག་འབུལ་སྐབས། གློ་བུར་དུ་ཆོས་ཀྱི་གོང་མས་ཁོ་རང་གནས་འདིར་གསེར་ཁྲིར་མངའ་གསོལ་བར་མ་ཟད་“རོ་མ་ཡི་གོང་མ”ཞེས་པའི་ཆོ་ལོ་བསྩལ། ཆོས་ཀྱི་གོང་མ་ཡུག་ལེ་སྐུ་ཕྲེང་གཉིས་པས་ཧྲིན་པེ་ཏི་ཆོས་ཁང་བསྐྱར་བསྐྲུན་བྱ་རྒྱུར་ཐག་བཅད་ཅིང་། སྤྱི་ལོ་1506ལོའི་ཟླ་4པའི་ཚེས་18ནས་ལས་འགོ་ཚུགས་ཏེ་སྤྱི་ལོ་1626ལོར་བཟོ་སྐྲུན་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་བྱས། ད་ལྟ་མཐོང་ཆོས་སུ་ཡོད་པའི་ཧྲིན་པེ་ཏི་ཆོས་ཁང་ཆེན་མོ་ནི། མིག་སྔར་འཛམ་གླིང་གི་ཆེས་ཆེ་བའི་ཆོས་ཁང་ཡིན་པ་མ་ཟད། གནམ་བདག་ཆོས་ལུགས་ཀྱི་ཆེས་བླ་མེད་ཁྱད་འཕགས་ཀྱི་གནས་མཆོག་གི་གྲས་ཤིག་ཀྱང་རེད། དེའི་ས་ཁྱོན་ལ་སྨི་གྲུ་བཞི་མ་ཉིས་ཁྲི་སུམ་སྟོང་ཙམ་དང་། བོངས་ཚད་ལ་དུས་གཅིག་ཏུ་མི་གྲངས་ཁྲི་དྲུག་ལྷག་ཤོང་ཐུབ། ཆོས་ཁང་གི་དཀྱིལ་དབུས་སུ་ཚངས་ཐིག་ལ་སྨི་42ཅན་གྱི་གདུགས་སྔོན་གྱིས་བརྒྱན་ལ། མཐོ་ཚད་ལ་སྨི་138ཡོད། གནས་འདིའི་བཞེངས་སྐྲུན་ཐད་ལ་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་བཟོ་སྐྲུན་པ་དང་སྒྱུ་རྩལ་པ་པོ་ར་མང་ཐི་དང་ལ་ཧྥེར། སྨི་ཁེ་ལང་ཆི་ལོ། ཧྲ་ཀྱཱ་ལོ་ཆུང་བ་སོགས་ཇུས་འགོད་ལ་ཞུགས་མྱོང་། ཆོས་ཁང་ནང་དུ་ཡོ་རོབ་གླིང་གི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་པ་མང་པོ་སྟེ། དཔེར་ན། སྨི་ཁེ་ལང་ཆི་ལོ་དང་ལ་ཧྥེར་སོགས་ཀྱིས་བྲིས་པའི་ལྡེབས་རིས་དང་བརྐོས་རིས་ཡོད། ཆོས་ཁང་གི་གཡས་ལོགས་ཀྱི་ལྷ་ཁང་ཆུང་ཆུང་ཞིག་ཏུ་ཆོས་ཁང་ཡོངས་ལས་ཆེས་བཀོད་མཛེས་ཡིད་འོང་གི་འཇིམ་བརྐོས་ཏེ《ཡེ་ཤུ་ལ་མྱ་ངན་ཞུ་བ》ཞེས་པ་འདུག་ལ། བརྐོས་རིས་འདི་གསར་བཞེངས་བྱེད་དུས་སྨི་ཁེ་ལང་ཆི་ལོ་དགུང་ལོ་ཉེར་བཞི་ཙམ་ཡིན། ཕོ་བྲང་བར་མའི་མཐའ་རུ། པེར་ནེ་ནེ་ཡི་བརྩམས་ཆོས་གཉིས་ཀྱིས་མི་རྣམས་ཀྱི་མིག་དབང་འཕྲོག་པར་བྱེད་དེ། གཅིག་ནི་ལི་ཡིས་བཟོས་པའི་ཧྲིན་པེ་ཏི་བཞུགས་ཁྲི་ཡིན་ཞིང་། བཞུགས་ཁྲི་དེ་ཆོས་ཚོགས་ཀྱི་ཆེས་ཐོག་མའི་འཕགས་པ་བཞི་ཡི་འཇིམ་བརྙན་གྱིས་སྐྱོར་མ་བྱས་ཡོད་ལ། མདུན་གྱི་འཇིམ་བརྙན་ནི་འཕགས་པ་ཨན་པོ་ལོ་ཅོ་དང་འཕགས་པ་ཨ་ཏི་སི་ཏེ་ནོ་གཉིས་ཡིན། ཁོ་གཉིས་ནི་ཀེ་རི་སི་ཆོས་ཚོགས་ཀྱི་མཚོན་བྱེད་དུ་ངོས་འཛིན། རྒྱབ་ཀྱི་འཇིམ་བརྙན་ནི་འཕགས་པ་ཨ་ན་སི་ཏ་སི་ཨོ་དང་འཕགས་པ་སྒྲོན་ཁི་ལེ་སི་ཐོ་མོ་གཉིས་ཡིན། ཁོ་གཉིས་ནི་ལ་ཏིན་ཆོས་ཚོགས་ཀྱི་མཚོན་བྱེད་དུ་ངོས་འཛིན། འཇིམ་བརྙན་དང་བརྐོས་རིས་འདི་དག་ལས་ཆོས་ཚོགས་ཀྱི་གཅིག་གྱུར་དང་དེའི་བླ་ན་མེད་པའི་དབང་ཐང་གང་ལེགས་མཚོན་ཡོད། ལྷ་ཁང་གཡོན་ཕྱོགས་གཞི་མདོ་བརྒྱུད་ནས་ཕོ་བྲང་གི་ཁ་གཏད་དུ་སླེབས་ཚེ། པེར་ནེ་ནེ་ཡིས་ཆོས་ཀྱི་གོང་མ་ཨ་ལི་སན་རྡིར་སྐུ་ཕྲེང་བདུན་པར་ཇུས་འགོད་གནང་བའི་རྗེས་དྲན་རྡོ་རིང་ཡང་མཐོང་ཐུབ་ལ། རྡོ་རིང་འདི་ནི་རླབས་ཆེ་བའི་སྒྱུ་རྩལ་པ་ཁོང་དགུང་ལོ་བརྒྱད་ཅུར་སོན་དུས་བརྩམས་གྲུབ་གནང་བའི་ཁོང་གི་སྐུ་ཚེའི་ཁྲོད་ཀྱི་ཆེས་མཐའ་མའི་བརྩམས་ཆོས་དེ་ལགས།
གཉིས། ཞེ་སི་ཐིན་ཆོས་ཁང་།
ཞེ་སི་ཐིན་ཆོས་ཁང་གི་མིང་གཞན་ལ་ཞེ་སི་ཐིན་ཕྱག་ཁང་ཡང་ཟེར། ཆོས་ཀྱི་གོང་མ་ཞེ་སི་ཏུའུ་སྐུ་ཕྲེང་བཞི་བས་གསར་བསྐྲུན་གནང་བ་ཡིན། དེ་ནི་ཆོས་ཀྱི་གོང་མས་འདེམས་བསྐོའི་མཛད་སྒོ་འཚོགས་ས་ཡིན། ཆོས་ཁང་དེ་སྤྱི་ལོ་1445ལོ་བཞེངས་མགོ་ཚུགས་ལ། 1481ལོར་ལེགས་གྲུབ་བྱུང་། དེར་སྨི་ཁེ་ལང་ཆི་ལོ་ཡིས་ཕྱག་བྲིས་གནང་བའི་གནམ་རྒྱན་རི་མོ་སྟེ《གསར་གཏོད་ཀྱི་དུས་རབས》དང་། ལྡེབས་རིས་ཏེ《མཐའ་མའི་འདྲི་གཅོད》གཉིས་མཆིས་པས་འཛམ་གླིང་དུ་སྐད་གྲགས་ཆེ། གནམ་རྒྱན་གྱི་ལྟེ་གནས་སུ《ལྷ་ཆེམས་རྙིང་མའི》ཁྲོད་དུ་དུས་རབས་གསར་གཏོད་ཀྱི་རྣམ་པ་དགུ་མཚོན་ཡོད། དེའི་རྣམ་པ་རྒྱ་ཆེ་ལ་བརྗིད་ཉམས་ལྡན་པ་དང་། མི་སྣ་འབོར་ཆེན་ཡོད་ཅིང་། སྨི་ཁེ་ལང་ཆི་ལོ་ཡི་མཚོན་བྱེད་བརྩམས་ཆོས་ཡིན། སྨི་ཁེ་ལང་ཆི་ལོ་ཡི་གསར་རྩོམ་བྱེད་དུས་སུ་ལ་ཧྥེར་ལྟ་ཞིབ་ལ་ཕེབས་མྱོང་བས། ལ་ཧྥེར་གྱི་བརྩམས་ཆོས་ལ་རི་མོ་འདིས་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཞེ་སི་ཐིན་ཆོས་ཁང་གི་མཆོད་ཁྲིའི་རི་མོ་ནི་ལོ་ཉི་ཤུའི་རྗེས་སུ་ཁི་ལེ་མོན་སྐུ་ཕྲེང་བདུན་པས་སྨི་ཁེ་ལིང་ཆི་ལོ་གདན་དྲངས་ནས་མཆོད་ཁྲིའི་ལྟག་རྒྱབ་ཀྱི་ལྡེབས་རིས་ཇུས་འགོད་དང་གསར་རྩོམ་བྱས་པ་ཡིན། གསར་རྩོམ་བྱེད་པའི་དུས་ཡུན་ནི་སྤྱི་ལོ་1535ནས་སྤྱི་ལོ་1541བར་ཡིན། དེ་ནི་《མ་ཐཱེ་འཕྲིན་བཟང》ནང་དུ་བརྗོད་པའི་“མཐའ་མའི་འདྲི་གཅོད་”ཅེས་པ་བརྗོད་བྱ་རུ་བཟུང་བའི་བརྩམས་ཆོས་ཤིག་ཡིན་ལ། སྤྱི་ཕྱོགས་ནས་རིམ་གྲས་བཞི་རུ་བགར་ཡོད་དེ། སྟེང་རིམ་ནས་བཟུང་ཏེ་སོ་སོར་ལྷའི་ཕོ་ཉའི་གཟུགས་བརྙན་ཚོམ་བུ་དང་། ཡེ་ཤུ་ལྟེ་བར་བྱས་པའི་ལྷ་ཡུལ། དམྱལ་བར་ལྷུང་བའི་མི་ཚོགས། དམྱལ་བ་བཅས་རིམ་པ་བཞི་རུ་བགར་ཡོད། སྨི་ཁེ་ལང་ཆི་ལོ་ཡི《དམྱལ་བ》ཞེས་པའི་བརྩམས་ཆོས་ཀྱི་ཆ་ཤས་ཁག་ཅིག་ནི། ཏན་ཏིན་གྱི་《ལྷའི་རོལ་དབྱངས》ལས་ངོས་ཟིན་ཐོབ་པ་ཡིན། སྨི་ཁེ་ལང་ཆི་ལོ་ཡི་བརྩམས་ཆོས་ཡིས་གཟིགས་མོ་བའི་སྙིང་ཁོང་ལ་གཡོ་འགུལ་གཏོང་བའི་རྐྱེན་འབྲས་ཐོན་ཐུབ་ལ། ཆབས་ཅིག་ཁོང་གི་གཅེར་བུའི་སྐུ་འདྲ་མང་པོར་སྐབས་དེའི་མི་མང་པོས་བཀག་འགོག་བྱས་མྱོང་། པོ་ལོ་སྐུ་ཕྲེང་གསུམ་པ་སྐུ་གཤེགས་རྗེས། ཁོང་གི་གཅེར་བུའི་སྐུ་འདྲ་མང་པོའི་མཚན་མའི་སྟེང་ལ་འདོམས་རས་ཀྱིས་གཅུད་པར་བྱས་པ་ད་ལྟའང་ད་དུང་མ་ཉམས་པར་ཡོད།
གསུམ། ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་།
ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་ནི་ཧྲིན་པེ་ཏི་ཆོས་ཁང་གི་བྱང་རྒྱུད་དུ་ཆགས་ཡོད་ལ། ས་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་5.5ཡོད། དེ་ནི་དུས་རབས་ལྔ་པའི་མཇུག་ཏུ་བཞེངས་སྐྲུན་བྱས་ལ། ཕལ་ཆེར་འཛམ་གླིང་སྟེང་ཆེས་སྔ་བའི་དངོས་མང་བཤམས་སྟོན་ཁང་ཡིན། དེའི་མ་གཞི་ནི་ཆོས་ཀྱི་གོང་མའི་ཕོ་བྲང་ཧྲིན་ཏ་མ་གྲོ་ཕོ་བྲང་གི་ཆ་ཤས་ཤིག་ཡིན་ལ། ནེ་ཀོ་ལ་སི་སྐུ་ཕྲེང་ལྔ་བ་ནས་བཟུང་རྒྱས་སྐྲུན་བྱས་ཤིང་། མི་རབས་འགའི་རིང་གི་ཆོས་ཀྱི་གོང་མའི་འབད་འབུངས་ལ་བརྟེན་ནས། ད་ལྟའི་གཏོས་ཆེ་བའི་བཟོ་བཀོད་ཀྱི་ཚོགས་པ་འདི་གྲུབ་པ་ཡིན། ད་ལྟ། ཆོས་ཀྱི་གོང་མའི་གཞུང་སྒྲུབ་ལས་ཁུངས་དང་རྒྱུན་གཏན་གྱི་སྡོད་ཁང་ཕུད། དེ་བྱིངས་ནི་དངོས་མང་བཤམས་སྟོན་ཁང་ཡིན། ཉིན་རེར་ལྗོངས་རྒྱུ་བ་དང་། སྒྱུ་རྩལ་ལ་དགའ་མོས་ཡོད་པའི་མི་གྲངས་ཁྲི་སྟོང་མང་པོས་སྟར་ཕྲེང་བསྒྲིགས་ནས་ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་ལ་མཇལ་བར་རེ་སྒུག་བྱས་ཡོད་ཅིང་། ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་དུ་གནའ་བོ་རིང་ནས་རིག་རྩལ་བསྐྱར་དར་བར་གྱི་གནའ་རྫས་འབོར་ཆེན་གསོག་ཉར་བྱས་ཡོད་དེ། གནའ་བོའི་ཀེ་རི་སི་དང་། གནའ་བོའི་རོ་མ། གནའ་བོའི་ཨེ་ཇིབ། དུས་རབས་བར་མ་ནས་རིག་རྩལ་བསྐྱར་དར་སོགས་ཀྱི་དུས་རབས་མི་འདྲ་བའི་ནང་གསར་བསྐྲུན་བྱས་པའི་རིན་ཐང་གཞལ་དུ་མེད་པའི་སྒྱུ་རྩལ་ཐོན་རྫས་ཁྲི་གཅིག་ལྷག་ཉར་ཡོད། བཤམས་སྟོན་ཁང་དུ་ཞེ་སི་ཐིན་ཕྱག་ཁང་དང་། ལ་ཧྥེར་མཛེས་རིས་ཁང། ཟུར་བརྒྱད་ཅན་གྱི་སྒོ་ར་དང་། སྲོག་ཆགས་ཀྱི་འཇིམ་བརྙན་འགྲེམ་སྟོན་ཁང་། ཀྲོའུ་སིའི་ཚོམས་ཁང་། སྒོར་དབྱིབས་ཅན་གྱི་ཚོམས་ཆེན། ཤིང་རྟ་འཁོར་ལོའི་ཚོམས་ཆེན། སྒྲོན་མེའི་སྟེགས་བུའི་འགྲེམ་སྟོན་ཁང། རུམ་གྱི་རྩིག་ཡོལ་འགྲེམ་སྟོན་ཁང་། ས་ཁྲའི་འགྲེམ་སྟོན་ཁང་། པོ་ཀིའར་འགྲེམ་སྟོན་ཁང་། ཝ་ཐི་ཁན་དཔེ་མཛོད་ཁང་། རིས་ཁྱམས་བཅས་འགྲེམ་སྟོན་ཁང་བཅུ་གཉིས་དང་། སྒྱུ་རྩལ་ཁྱམས་རིང་ལྔ། མཛེས་རྩལ་ཁང་འགའ་བཅས་ཀྱིས་གྲུབ་ཡོད།
མདོར་ན། ཝ་ཐི་ཁན་གྱི་བཟོ་བཀོད་དང། མཛེས་རིས། འཇིམ་བརྐོས་སོགས་ཀྱིས་མཚོན་པའི་དངོས་མང་བཤམས་སྟོན་ཁང་གི་གནའ་རྫས་དེ་དག་གིས། དུས་རབས་བཅུ་དྲུག་པའི་ཚུན་གྱི་སྒྱུ་རྩལ་གསར་གཏོད་དང་འཕེལ་རྒྱས་ཐད་ལ་གསུབ་ཏུ་མེད་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ཝ་ཐི་ཁན་གྱི་རིག་རྩལ་བསྐྱར་དར་དང་པ་ལོ་ཁེ་སྒྱུ་རྩལ་གྱི་ཕུགས་བསམ་མཚོན་ནུས་པ་དང་། མིག་དཔེ་རང་བཞིན་ལྡན་པའི་ཁྱད་འཕགས་ཀྱི་སྒྱུ་རྩལ་གསར་གཏོད་ཅིག་ཡིན་ནོ། །
གསུམ་པ། འཛམ་གླིང་ཤུལ་བཞག་དངོས་རྫས་ཨུ་ཡོན་ཚོགས་པའི་གདེང་འཇོག་ཁྲོད་ཀྱི་ཝ་ཐི་ཁན།
ཝ་ཐི་ཁན་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ས་ཁྱོན་ཧྲིལ་པོའི་ཆེས་ཁྱད་འཕགས་བླ་ན་མེད་པའི་གནས་མཆོག་གྲས་ཀྱི་གཅིག་ཡིན་ལ། གནས་འདི་ཡིས་ཡེ་ཤུའི་ཆོས་ལུགས་ཀྱི་བླ་མེད་ཀྱི་བསམ་བློའི་འཕེལ་འགྱུར་དང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་གཟི་དཔལ་ར་སྤྲོད་བྱེད་ཐུབ། རྒྱལ་ཁབ་ཆུང་ཆུང་འདིར་ཕུལ་དུ་བྱུང་བའི་སྒྱུ་རྩལ་དང་བཟོ་བཀོད་ཀྱི་བརྩམས་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་དེ། གྲོང་ཁྱེར་གྱི་དཀྱིལ་དབུས་སུ་བརྗིད་ཆགས་པའི་ཧྲིན་པེ་ཏི་ཆོས་ཁང་ཆེན་མོ་ཆགས་ཡོད་ལ། ཆོས་ཁང་གི་མདུན་ཐད་ནི་ཕོན་ཆེ་བའི་ཀ་བ་གཉིས་དང་ཟླུམ་གཟུགས་ཀྱི་ཐང་ཆེན་ཡིན། དེའི་མཐའ་འཁོར་དུ་ཕོ་བྲང་དང་མེ་ཏོག་ལྡུམ་རས་བསྐོར་ཡོད་དེ། ཧྲིན་པེ་ཏི་བང་སོའི་སྟེང་དུ་བརྗིད་ཆགས་པར་གནས་པའི་གྲུ་བཞི་ནར་མོའི་དབྱིབས་ཀྱི་ཡེ་ཤུའི་ཆོས་ཁང་འདི་རུ། པུ་ལ་མན་ཐུ་དང་། ལ་ཧྥེར། སྨི་ཁེ་ལང་ཆེ་ལོ། པེར་ནེ་ནེ། མ་ཏིར་སོགས་རྣམ་དཔྱོད་དང་ཤེས་རབ་བླ་རུ་འཕགས་པའི་མཁས་དབང་ཚོས་བློ་གྲོས་ཀྱི་ཉིང་བཅུད་འདུས་ཡོད་པས། འཛམ་གླིང་ཧྲིལ་པོའི་སྟེང་གི་ཆེས་ཆེ་བའི་ཆོས་ལུགས་བཟོ་བཀོད་འབའ་ཞིག་ཏུ་འཁུམས་སོ། །