—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་གསུམ་པ།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཏིང་ཟབ་པའི་སྒོ་ནས་བསྟན་དོན། རང་རྒྱལ་གྱི་དཔལ་འབྱོར་དེ་འཕེལ་འགྲོས་མྱུར་བའི་དུས་རིམ་ནས་སྤུས་ཚད་ལེགས་པའི་དུས་རིམ་དུ་བརྒལ་ཞིང་། ངེས་པར་དུ་བརྟན་བརླིང་ངང་འཕེལ་རྒྱས་འདི་ཉིད་ཏང་གིས་རྒྱལ་སྲིད་སྐྱོང་བའི་འགན་འཁྲི་དང་པོར་རྩིས་ཏེ། འཕེལ་རྒྱས་ཀྱི་རྐང་ཚུགས་ཡུལ་དེ་སྤུས་ཀ་དང་ཁེ་ཕན་ལེགས་པོའི་ཕྱོགས་ལ་སྐུལ་འདེད་བྱ་དགོས། མཐའ་དཔྱད་གལ་ཆེན་འདི་དག་གིས། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ལ་འགྱུར་ལྡོག་བྱུང་བའི་དུས་རབས་ཀྱི་ཁྱད་ཆོས་དང་འཕེལ་རྒྱས་ཀྱི་ལྟ་བ་གསར་པར་རྒྱུན་འཁྱོངས་བྱེད་པའི་སྤྱི་ཁྱབ་ཀྱི་བླང་བྱ་གསལ་པོར་མཚོན་ཞིང་། དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་བྱེད་པའི་འགན་འཁྲི་དང་པོའི་ལམ་བུ་གཙོ་བོ་དང་། འབད་ཡུལ་གཙོ་གནད་དམ་དུ་བཟུང་དགོས་པ་བསྟན་པས། སི་ཁྲོན་དུ་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་ལ་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས།
ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམིགས་ནས་འགན་འཁྲི་དང་པོར་བལྟ་བ་ལ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ནི་གནས་ལུགས་འགྱུར་མེད་ཡིན་པའི་འཐབ་ཇུས་བསམ་བློ་རྒྱུན་འཁྱོངས་དང་། དཔལ་འབྱོར་འཛུགས་སྐྲུན་འདི་ཉིད་དམ་འཛིན་བྱ་དགོས། རྒྱལ་ཡོངས་ནས་བལྟས་ན། བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་40ཡི་རིང་ལ། ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་ངོ་མཚར་ཆེ་བའི་ཀྲུང་གོའི་འཕེལ་རྒྱས་བསྐྲུན་ཞིང་།“དུས་རབས་ཀྱི་རྗེས་ཟིན་པ་”ནས་“དུས་རབས་ཀྱི་སྣེ་ཁྲིད་པའི་”རླབས་ཆེན་གྱི་མཆོང་བརྒལ་མངོན་འགྱུར་བྱུང་། དུས་མཚུངས་སུ། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཐོག་མའི་དུས་རིམ་དུ་གནས་པར་མ་ཟད། ད་དུང་དུས་ཡུན་རིང་པོར་གནས་པའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་བ་བྱུང་མེད་པ་དང་། རང་རྒྱལ་ནི་འཛམ་གླིང་ཐོག་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་གོ་གནས་ལ་འགྱུར་བ་བྱུང་མེད་པར་མངོན། སི་ཁྲོན་ཡང་རྒྱལ་ཡོངས་དང་འདྲ་ཞིང་། ཕྱོགས་གཅིག་ནས་འཕེལ་རྒྱས་དང་ཡར་ཐོན་མངོན་གསལ་དོད་ཀྱང་། ཕྱོགས་གཞན་ཞིག་ནས་བསྡུར་ན། ནང་སྒོས་སུ་རྒྱལ་ནང་གི་དར་རྒྱས་ཆེ་བའི་ས་ཁུལ་དང་བར་ཐག་རིང་ཞིང་། སྔར་བཞིན་ཁྱད་པར་ཆེན་པོ་ཡོད་པ་རེད། མི་གྲངས་མང་བ་དང་རྨང་གཞི་ཞན་པ། དོ་སྙོམས་མིན་པ། འཕེལ་རྒྱས་དལ་བ་ནི་སྔར་བཞིན་སི་ཁྲོན་གྱི་གནས་ཚུལ་ཆེ་ཤོས་དང་། འཕེལ་རྒྱས་འགྲོས་ཚད་མི་འདང་བ་ནི་སྔར་བཞིན་སི་ཁྲོན་གྱི་ཆེས་མངོན་གསལ་དོད་པའི་གནད་དོན་ཡིན་པ་རེད། དེར་བརྟེན། ང་ཚོས་ངེས་པར་དུ་རྣམ་རིག་གསལ་པོོས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་བསམ་བློ་དག་སེལ། འཐབ་ཇུས་ཀྱི་བརྟན་ཤུགས་རྒྱུན་འཁྱོངས་དང་མཛེར་མ་རྡིབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་འཕེལ་རྒྱས་ཀྱི་འགན་འཁྲི་དང་པོ་འདི་བརྟན་བརླིང་ངང་དམ་འཛིན་བྱ་དགོས།
འགལ་བའི་འགྱུར་ལྡོག་ལ་བརྟེན་ནས་འགན་འཁྲི་དང་པོར་བལྟ་བར། ངེས་པར་དུ་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་ལྡོག་དེ་སི་ཁྲོན་གྱི་ཞིབ་ཕྲའི་མངོན་ཚུལ་ལ་ངོས་འཛིན་དང་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རྒོལ་ཡུལ་གཙོ་བོར་ངོས་ཟིན་ཡང་དག་དང་། དམིགས་བསལ་རང་བཞིན་གྱི་ཐབས་ཤེས་ཀྱིས་འབུར་དུ་ཐོན་པའི་གནད་དོན་ཐག་གཅོད་བྱ་དགོས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕར་བའི་བདེ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་སྙོམས་ཤིང་འཐུས་ཚང་མིན་པའི་བར་གྱི་འགལ་བ་རུ་འགྱུར་ཟིན། སི་ཁྲོན་ནི་རྒྱལ་ཡོངས་ཀྱི་བསྡུས་གཟུགས་ཤིག་ཡིན་ཏེ། ཐོན་ལས་གྲུབ་ཚུལ་དང་ས་ཁུལ་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་དོ་མི་སྙོམས་པ་སོགས་ཀྱི་གནས་ཚུལ་དང་འཕྲད་པ་མ་ཟད། མི་རེའི་ཆ་སྙོམས་ཀྱི་ཆུ་ཚད་གྲལ་མཐར་ལྷུང་བ་དང་གསར་གཏོད་ནུས་པ་ཞན་པ། དཔལ་འབྱོར་གྱི་གསོན་ཤུགས་མི་འདང་བ། མཁོ་སྤྲོད་ཀྱི་ནུས་པ་མི་ལྡན་པ་སོགས་ཀྱི་ཞན་ཆ་ལྡན། འགལ་བ་སེལ་ཞིང་གནད་དོན་ཐག་གཅོད་བྱ་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་གྱི་དགོངས་པ་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སི་ཁྲོན་གྱི་བསྒྱུར་འགོད་འཕེལ་རྒྱས་དང་། གསར་གཏོད་འཕེལ་རྒྱས། མཆོང་བརྒལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དམིགས་ནས། གོམ་གང་མདུན་སྤོས་ཀྱིས་དཔལ་འབྱོར་གྲུབ་སྟངས་དང་འཕེལ་རྒྱས་ཀྱི་འགུལ་ནུས་བརྗེ་འགྱུར། སྤུས་ཚད་ཀྱི་གཞི་ཁྱོན་ཇེ་མཐོར་གཏོང་བ་སོགས་ལེགས་བསྒྱུར་བྱེད་པ། ཐོན་ལས་མ་ལག་མི་ལེགས་པ་དང་ཚོང་རའི་ལམ་ལུགས་འཁྲུག་པོ་མིན་པ། མཐུན་སྦྱོར་འཕེལ་རྒྱས་ཀྱིས་མི་འདང་བ། སྒོ་འབྱེད་བྱེད་ཚད་གཏིང་ཟབ་མིན་པ་སོགས་ཀྱི་གནད་དོན་ནན་གྱིས་ཐག་གཅོད་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བསྒྱུར་བཅོས་དང་ལས་ཕྱོད་བསྒྱུར་བཅོས། འགུལ་ནུས་བསྒྱུར་བཅོས་སོགས་ཇེ་མགྱོགས་གཏང་རྒྱུ་དང་། ཐོན་ལས་གྲུབ་སྟངས་ལེགས་བསྒྱུར་དང་གསར་གཏོད་ནུས་པ་ཇེ་རྒྱས། ས་ཁོངས་བཀོད་པ་མཐུན་སྦྱོར། གྲོང་ཁྱེར་དང་གྲོང་རྡལ་གྱི་འཕེལ་རྒྱས་མཉམ་འདྲེས། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གྱིས་འགྲུབ་པར་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་ས་ཁོངས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གཅིག་གྱུར་དང་། ས་ཁོངས་རམ་འདེགས་ཀྱི་ལམ་ལུགས་དང་སྲིད་ཇུས་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས། ས་ཁོངས་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་མཉམ་དུ་མངོན་འགྱུར་ཡོང་བར་སྐུལ་འདེད་གཏང་དགོས།
ལྷུ་ཚིགས་གལ་ཆེན་དམ་འཛིན་བྱས་ནས་འགན་འཁྲི་དང་པོ་ལ་བལྟ་བར། ངེས་པར་དུ་གོམ་གང་མདུན་སྤོས་ཀྱིས་བསམ་བློའི་གོ་རྟོགས་ཇེ་ཟབ་དང་། སྲོལ་རྒྱུན་དང་དེང་རབས། སྤུས་ཀ་དང་འགྲོས་ཚད་སོགས་ཀྱི་རྩོད་སྒྲུབ་འབྲེལ་བ་གཅིག་གྱུར་གྱིས་ཐག་གཅོད་གང་ལེགས་བྱ་དགོས། དོན་དངོས་དང་བསྟུན་ནས་འཕེལ་རྒྱས་ཀྱི་རྣམ་པར་འགྱུར་ལྡོག་དང་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱས་ནས། དངོས་གཞིའི་དཔལ་འབྱོར་ཇེ་བརྟན་དང་སྲོལ་རྒྱུན་གྱི་ཐོན་ལས་བསྒྱུར་བཅོས་རིམ་སྤར་ལ་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་དེང་རབས་རྩེར་སོན་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་བྱེད་པ། སི་ཁྲོན་གྱི་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་དེང་རབས་ཐོན་ལས་གྱི་མ་ལག་གྲུབ་པ་དང་། འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པའི་སྒུལ་ཤུགས་གཙོ་བོ་དེ་གཙོ་སྒྲུབ་སྒུལ་ཤུགས་གཙོ་བོ་ལས་གསར་གཏོད་སྒུལ་ཤུགས་གཙོ་བོ་རུ་འགྱུར་སྲིད། འཕེལ་རྒྱས་ལ་སྣེ་ཁྲིད་པའི་རང་འགུལ་དབང་ཆ་ངོས་ཟིན་པར་བྱ་དགོས། དུས་མཚུངས་སུ། སྤུས་ཀ་མཐོ་བའི་འཕེལ་རྒྱས་དེ་མཇུག་མཐར་ལུགས་དང་མཐུན་ཞིང་བརྟན་བརླིང་རྒྱུན་འཁྱོངས་བྱེད་པའི་འཕར་རྣམ་དུ་མངོན་ཐུབ་པར་ངོས་ཟིན་དགོས། ཆོས་ཉིད་དང་འགལ་ཞིང་དམིགས་ཡུལ་མེད་པའི་སྒོ་ནས་འགྲོས་ཚད་མཐོ་བར་སྙེག་མི་རུང་། འགྲོས་ཚད་མི་དགོས་པ་མིན་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་འཕར་ཆག་ཆེན་པོ་དེ་བས་འབྱུང་མི་རུང་། གལ་ཏེ་ང་ཚོས་རྒྱལ་ཡོངས་དང་ནུབ་རྒྱུད་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བའི་འཕེལ་རྒྱས་ཀྱི་འགྲོས་ཚད་ཅིག་རྒྱུན་འཁྱོངས་བྱེད་མ་ཐུབ་ན། བསྒྱུར་འགོད་འཕེལ་རྒྱས་ལ་བར་ཁོངས་མེད་པས། རྒྱལ་ཡོངས་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྱུར་ཞིང་། ཁྱོན་ཡོངས་ནས་འབྱོར་འབྲིང་ལས་རྒྱལ་བ་དང་དཔལ་འབྱོར་སྟོབས་ལྡན་ཡིན་པའི་ཞིང་ཆེན་འཛུགས་སྐྲུན་བྱེད་ཐབས་བྲལ།
བདེ་སྐྱིད་ནི་འབད་པར་བརྟེན་ནས་ཐོབ་པ་ཡིན། ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་སི་ཁྲོན་བཅོས་སྐྱོང་བྱེད་པའི་འགན་འཁྲི་དང་པོ་རུ་རྒྱུན་འཁྱོངས་བྱས་ཏེ། དམིགས་འབེན་དམ་དུ་བཟུང་ནས་མི་ལྷོད་པ་དང་ཕུ་ཐུང་གཟེས་ནས་ལས་ལ་བརྩོན་ན། སི་ཁྲོན་དེ་དཔལ་འབྱོར་འཕེལ་རྒྱས་ཆེ་བའི་ཞིང་ཆེན་ལས་དཔལ་འབྱོར་སྟོབས་ལྡན་ཡིན་པའི་ཞིང་ཆེན་དུ་མཆོང་བརྒལ་ཐུབ་པར་ངེས་ཤིང་། མུ་མཐུད་དུ་དུས་རབས་གསར་པའི་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབྲི་ཐུབ་བོ།།