བོད་ལྗོངས་གསར་པ་སྤྲོ་བས་རོལ། གླིང་སྣེ་གསུམ་པར་སྲུང་སྐྱོབ་བྱེད་ཅེས་བརྗོད་དོན་གཙོ་བོ་བྱེད་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་བཞི་པ་སྤྱི་ཟླ་9པའི་ཚེས་7ཉིན་གྱི་དགོང་མོ་ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་ཚོགས་འགོ་ཚུགས་པ་རེད།
སྐབས་འདིའི་འགྲེམས་ཚོགས་ཐོག འགྲེམས་སྟོན་དང་ཚོང་འགུག་མ་འདྲེན། ཡུལ་སྐོར་འོས་སྦྱོར། གླེང་སྟེགས་བྱེད་སྒོ་སོགས་ནང་དོན་བཀོད་སྒྲིག་བྱས་ཡོད་པ་དང་། གཞན་ཡང་། བོད་ལྗོངས་འགྲེམས་ཚོགས་ཀྱི་ཡུལ་སྐོར་འོས་སྦྱོར་དང་ཤུགས་རྐྱེན་ནུས་པ་སྔར་བས་ཆེ་རུ་གཏོང་ཆེད། ལྗོངས་ཕྱི་ནང་གི་ཡུལ་སྐོར་ཁེ་ལས་དང་ལས་རིགས་མཐུན་ཚོགས་སོགས་ཀྱི་འཐུས་མི་110ལྷག་ཙམ་དང་། ལྗར་མན་དང་འཇའ་པན། སིང་ཀ་ཕོར། ཨའོ་སི་ཁྲུ་ལི་ཡ། ཨུ་རུ་སུ། རྒྱ་གར་བཅས་ཀྱི་རྒྱལ་སྤྱིའི་ཡུལ་སྐོར་ལས་རིགས་ཀྱི་ཚོང་པ་ཡང་གདན་ཞུ་བྱས་ཡོད།
ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་འགྲེམས་སྟོན་ལྟེ་གནས་ཀྱི་ཚོགས་ཁང་དང་པོ་དང་གཉིས་པར་སྤུས་ལེགས་འགྲེམས་སྟེགས་300ཙམ་བཀོད་སྒྲིག་བྱས་ཡོད་པ་དང་། ལྗོངས་ཕྱི་ནང་གི་ཚོང་དུད་145འགྲེམས་སྟོན་ནང་གདན་ཞུ་བྱས་ཡོད།།