དགེ་རྒན་རྣམས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་གསར་པ།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས སྤེལ་དུས། 09-12
དེ་རིང་ནི་ཀྲུང་གོའི་དགེ་རྒན་དུས་ཆེན་ཐེངས་34པ་དེ་ཡིན། 2018ལོའི་ལོ་འགོ་ནས་བཟུང་དགེ་རྒན་གྱི་བཅའ་ཁྲིམས་བཟོ་བཅོས་དང་དགེ་རྒན་གྱི་གླ་ཕོགས་གནད་དོན་ཐག་གཅོད། གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་ཐག་གཅོད་སོགས་དགེ་རྒན་རྣམས་དང་འབྲེལ་བའི་སྲིད་ཇུས་བཟང་པོ་མཉམ་གཅིག་ཏུ་ཐོན་ཡོད།
གཅིག དགེ་རྒན་གྱི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་བཞིན་པ།
ད་ལོའི་ཟླ་དང་པོར་《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་》ཞེས་པ་དངོས་སུ་འགྲེམ་བསྒྲགས་བྱས། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ཚུན་ཐེངས་དང་པོར་ཏང་ཀྲུང་དབྱང་གི་མིང་ཐོག་ནས་ཆེད་དུ་དཔར་བའི་དགེ་རྒན་དཔུང་ཁག་འཛུགས་སྐྲུན་ཤུགས་ཆེར་གཏོང་བའི་སྐོར་གྱི་ཡིག་ཆ་དེ་ཡིན་པ་དང་། དེ་ལས་དགེ་རྒན་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུ་དེ་དོ་སྣང་ཆེ་ཤོས་སུ་གྱུར་ཡོད།
ཟླ་༨པའི་ཚེས་༣༡ཉིན་སློབ་གསོ་པུའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུའི་དགེ་རྒན་བྱ་དོན་ཁང་གི་འགོ་འཛིན་ཝང་ཏིང་ཧྭ་ཡིས། སློབ་གསོ་པུའུ་ཡིས་དགེ་རྒན་བཅའ་ཁྲིམས་ཀྱི་བཟོ་བཅོས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། མི་འགྱངས་བར་ལེགས་འགྲུབ་བྱུང་ཐུབ་པ་བསྟན་འདུག
གཉིས། ཅི་ནུས་ཀྱིས་ལོ་གསུམ་ནང་འོས་འགན་སློབ་གསོ་རིམ་པའི་དགེ་རྒན་གྱི་གླ་ཕོགས་གནད་དོན་ཐག་གཅོད་བྱེད་པ།
དགེ་རྒན་གྱི་གླ་ཕོགས་ཐོང་ཐང་གི་གནད་དོན་ནི་སྤྱི་ཚོགས་ཡོངས་ཀྱི་དོ་སྣང་ཆེ་ཤོས་དང་གླེང་མང་ཤོས་ཀྱི་བརྗོད་གཞི་ཞིག་ཡིན། ཉེ་སྔོན་སློབ་གསོ་པུས་《 ༢༠༡༨ལོའི་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》 ཞེས་པ་འགྲེམ་སྤེལ་བྱས་ཏེ། ས་གནས་ཁག་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་དགེ་རྒན་གྱི་གོ་གནས་ཐོབ་ཐང་དང་འབྲེལ་བའི་དགེ་རྒན་ལ་ཕན་པ་ཡོད་པའི་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དོན་འཁྱོལ་ཡག་པོ་བྱ་དགོས་པ་དང་། གཞུང་བཙུགས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ནི་རྒྱལ་ཁབ་ཀྱི་གཞུང་ཞབས་མི་སྣ་ཡིན་པའི་དམིགས་བསལ་གྱི་བཅའ་ཁྲིམས་གོ་བབ་དོན་འཁྱོལ་བྱ་དགོས་པ། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་གླ་ཕོགས་ནུས་པ་རྒྱུན་ཐོན་གྱི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ། འགྲོ་གྲོན་གཏོང་འཇོག་གྲུབ་ཚུལ་ལེགས་བསྒྱུར་དང་། སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་ནི་ས་གནས་དེ་གའི་གཞུང་ཞབས་པའི་གླ་ཕོགས་ཀྱི་ཆ་སྙོམས་ཡོང་འབབ་ཆུ་ཚད་ལས་མི་དམའ་བའམ་ཡང་ན་མཐོ་བ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
གསུམ། གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་ཐག་གཅོད་བྱེད་པ།
གྲོང་གསེབ་དགེ་རྒན་ནི་ཀྲུང་གོའི་སློབ་གསོའི་ལས་དོན་གྱི་རྨང་གཞི་དང་གནད་འགག་གི་སྟོབས་ཤུགས་དེ་ཡིན་པའི་ཆ་ནས་གྲོང་གསེབ་དགེ་རྒན་གྱི་འགན་སྲུང་ཡང་དོ་སྣང་བྱེད་འོས་པ་ཞིག་ཡིན།
གྲོང་གསེབ་དགེ་རྒན་གྱི་གོ་གནས་ཐོབ་ཐང་འགན་སྲུང་ཐད་ལ་《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་འཆར་》ཞེས་པའི་ནང་དུ། གྲོང་གསེབ་ཀྱི་དགེ་རྒན་ལ་རྒྱབ་སྐྱོར་བྱེད་པའི་འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ་དང་། གྲོང་གསེབ་དགེ་རྒན་གྱི་འཚོ་བར་སེམས་ཁུར་བྱེད་དགོས་པ་བཏོན་ཡོད། དཀའ་ཚེགས་ཆེ་བའི་བས་མཐའི་ཁུལ་གྱི་ཕོགས་སྣོན་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ནན་ཏན་དང་། ཁྱོན་ཡོངས་ནས་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་གྲོང་གསེབ་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱེད་དགོས་པ། སློབ་གྲྭའི་དཀའ་ཚེགས་ཆེ་བའི་བར་ཁྱད་ལ་གཞིགས་ནས་ཁ་གསབ་ལག་བསྟར་བྱེད་པ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་ལ་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། འབད་བརྩོན་ཆེན་པོས་གྲོང་གསེབ་ཀྱི་དགེ་རྒན་དེ་བས་མང་བར་ཕན་པ་ཐོབ་པ་བྱ་དགོས་པ་བཏོན་ཡོད།
གཞན་ཡང་། བསམ་འཆར་ནང་ད་དུང་གྲོང་གསེབ་དགེ་རྒན་གྱི་ལས་ཤག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཏན་འབེབས་ལྟར་ཆ་རྐྱེན་དང་མཐུན་པའི་དགེ་རྒན་ས་གནས་དེ་གའི་སྡོད་ཁང་འགན་སྲུང་ཁྱབ་ཁོངས་སུ་བཞག་སྟེ། གྲོང་གསེབ་ཀྱི་དགེ་རྒན་ལ་སྡོད་སའི་ཁང་པ་ཡོད་དུ་འཇུག་དགོས་ཞེས་བཏོན་ཡོད། གསོ་སྦྱོང་དང་མཚན་གནས་དཔྱད་སྤྲོད་གདན་ཞུ། གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་ཀྱི་ཐད་ཞིང་གྲོང་གི་ན་གཞོན་དགེ་རྒན་ལ་ཕྱོགས་དགོས་པ་དང་། ཞིང་གྲོང་གི་ན་གཞོན་དགེ་རྒན་འཕེལ་རྒྱས་གཏོང་བའི་ཁོར་ཡུག་ལེགས་སུ་གཏོང་དགོས་པ། གྲོང་གསེབ་ཀྱི་ན་གཞོན་དགེ་རྒན་འཚར་ལོངས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་བསྟན་ཡོད།
བཞི། སློབ་ཡོན་མི་དགོས་པའི་དགེ་འོས་སློབ་མ་དེ་གཞུང་དངུལ་དགེ་འོས་སློབ་མར་བསྒྱུར་བ།
ད་ལོའི་ཟླ་༢པར། སློབ་གསོ་པུའུ་སོགས་སྡེ་ཚན་ལྔ་ཡིས་མཉམ་འབྲེལ་ཐོག་《དགེ་རྒན་གྱི་སློབ་གསོ་དར་སྤེལ་གཏོང་བའི་བྱེད་སྒོའི་འཆར་གཞི་( ༢༠༡༨ལོ་ནང་༢༠༢༢ལོའི་བར་)》 ཞེས་པ་པར་འགྲེམས་བྱས་ཏེ། སློབ་ཡོན་མི་དགོས་པའི་དགེ་འོས་སློབ་མ་དེ་གཞུང་དངུལ་དགེ་འོས་སློབ་མར་བསྒྱུར་བ་དང་། ཞབས་ཞུའི་དུས་མཚམས་ཀྱི་ལོ་༦ཏུ་ལེགས་སྒྲིག་བྱས་པ། མ་ཟད་དགེ་རྒན་གྱི་སློབ་གསོའི་འཕེལ་རྒྱས་དང་རྒྱུ་ཤུགས་ཀྱི་གནས་ཚུལ་ལ་གཞིགས་ནས། དགེ་འོས་སློབ་མའི་ཆ་སྙོམས་དངུལ་གཏོང་ཚད་གཞི་འོས་འཚམ་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།
ཟླ་༨པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་སློབ་གསོ་པུའུ་སོགས་སྡེ་ཚན་གྱི་《སློབ་གསོ་པུའུ་ཡི་ཐད་གཏོགས་དགེ་འོས་སློབ་གྲྭའི་དགེ་འོས་སློབ་མར་གཞུང་དངུལ་སློབ་གསོ་ལག་ལེན་བྱེད་ཐབས་》ཞེས་པ་བརྒྱུད་སྤེལ་བྱས་ཏེ། སྔར་ལས་ཁ་གསལ་གྱིས་རྒྱལ་ཁབ་ཀྱི་གཞུང་དངུལ་སྤྱད་པའི་དགེ་འོས་སློབ་མས་སློབ་ཡོན་དང་ཉལ་ཁང་རིན་པ་སྤྲོད་མི་དགོས་པ་དང་། འཚོ་བའི་འགྲོ་གྲོན་ཁ་གསབ་སྲིད་ཇུས་མྱོང་ཐུབ་པ། གཉིས་མོས་གདམ་ག་སོགས་བརྒྱུད་ནས་ཏན་ཏིག་གིས་སློབ་གྲྭ་ནས་ཐོན་པའི་གཞུང་དངུལ་དགེ་འོས་སློབ་མ་མི་རེ་ངོ་རེར་སློབ་གྲྭ་དང་ལས་གནས་ཐག་གཅོད་དགོས་པ་བཏོན་ཡོད།