༄༅།། སེམས་དང་སེམས་བྱུང་གི་རྣམ་གཞག་ལ་དཔྱད་པ།

རྩོམ་སྒྲིག་པ།ཞི་འོད་ཆོས་ཀྱི་རྒྱལ་མཚན།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-12


ཞི་འོད་ཆོས་ཀྱི་རྒྱལ་མཚན།
          ཚད་མ་རྣམ་འགྲེལ་གྱི་ལེའུ་དང་པོར་གཏན་ཚིགས་ཀྱི་རྣམ་གཞག་རྒྱས་པར་གཏན་ལ་ཕབ་ནས་རྟགས་ལ་བརྟེན་ནས་ཡུལ་ལ་ངེས་ཤེས་དྲང་ལུགས་དང་། ལེའུ་གསུམ་པར། སྔར་གྱི་ངེས་ཤེས་དེ་རྣམས་མཐར་མངོན་སུམ་ལ་གཏུགས་དགོས་པ་དང་། མངོན་སུམ་གྱིས་ཡུལ་ཇི་ལྟར་འཛིན་པའི་ཚུལ་རྒྱས་པར་གསུངས་ལ། དེ་ལ་ཡང་ཕྱི་གཟུང་བ་ཡུལ་གྱི་རྣམ་གཞག ནང་འཛིན་པ་སེམས་ཀྱི་རྣམ་གཞག དེས་ཇི་ལྟར་འཛིན་པའི་ཚུལ་རྣམས་རིགས་པའི་ལམ་ནས་ལེགས་པར་དཔྱད་དེ་གཏན་ལ་ཕབ་པས་ཚད་མའི་གཞུང་ལ་སྦྱང་བ་བྱ་རྒྱུ་དེ་ནི་དངོས་གཙོ་རྩོད་སྒྲུབ་ཀྱི་རིག་པར་སྦྱང་བརྩོན་བྱེད་པ་ཞིག་རང་ཡིན། རང་རེས་གནས་ལུགས་ལ་ལྟ་སྐབས་རང་ཉིད་ཀྱིས་རིགས་པས་ལེགས་པར་བརྟག་སྟེ་ཡུལ་ལ་ངེས་ཤེས་སྐྱེ་བ་བ་རྒྱུ་ནི་གནད་ཀྱི་དམ་པ་ཡིན་པས་དེ་ལ་རིགས་པ་ཡང་དག་གི་སྒོ་ནས་བརྟག་ལུགས་ལེགས་པར་ཤེས་དགོས་ཤིང་། རིགས་པ་ཡང་དག་ལ་བརྟེན་ནས་རྗེས་དཔག་གིས་ངེས་ཤེས་སྐྱེས་པ་དེ་ཡང་མཐར་མངོན་སུམ་ལ་གཏུགས་པའི་ངེས་ཤེས་ཐོབ་ན་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ངོས་འཛིན་ཆེས་ཤིན་ཏུ་བརྟན་པོ་ཞིག་རྙེད་ཅིང་། དེ་ལྟར་མིན་པར་ཡིད་ཆེས་ཀྱི་དད་པའི་རྗེས་སུ་འབྲང་བ་ཙམ་ལ་གཏད་སོ་ཅི་ཡང་མེད་པ་བླུན་པོ་ཆུ་སྣ་གར་ཁྲིད་དུ་འགྲོ་བ་ཡིན་པས་གནས་ལུགས་མཐའ་དག་འདིར་བསྟན་རིགས་པའི་ལམ་ནས་གཏན་ལ་ཕབ་པ་ནི་དབང་པོ་རྣོན་པོ་ཆོས་ཀྱི་རྗེས་སུ་འབྲང་བ་ཞེས་མཁས་པ་རྣམས་ཀྱིས་བསྔགས་པའི་གནས་སུ་རིག་པར་བྱའོ།  
          དེས་ན་སྐབས་འདིར་ལེའུ་གསུམ་པའི་སྐབས་ནས་བསྟན་པའི་ནང་འཛིན་པ་སེམས་དང་། སེམས་ལས་བྱུང་བའི་རྣམ་གཞག་ལ་ཅུང་ཟད་དཔྱད་ན་འདིར་སེམས་དང་། སེམས་ལས་བྱུང་བ་ཞེས་པ་ནི། རྒྱལ་ཚབ་བྱམས་པ་མགོན་པོས་དབུས་མཐའ་རྣམ་འབྱེད་དུ། དེ་ལ་དོན་མཐོང་རྣམ་པར་ཤེས། དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པ་ལྟར། ཡུལ་དེའི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་ལ་སེམས་དང་། ཡུལ་དེའི་ཁྱད་པར་རང་སྟོབས་ཀྱི་མཐོང་ཞིང་དེ་ལ་སེམས་གཡོ་བར་བྱེད་པ་སོགས་ཀྱི་བྱེད་ལས་མི་འདྲ་བ་རེ་རེའི་སྒོ་ནས་སེམས་བྱུང་མི་འདྲ་སོ་སོས་ཤེས་པར་བྱ་དགོས་ཤིང་། དེའང་སེམས་གཙོ་བོ་དང་། སེམས་བྱུང་རྣམས་དེའི་འཁོར་ཡིན་ནོ། སེམས་གང་ཞིག་ཡིན་རུང་རང་གི་འཁོར་སེམས་བྱུང་ལྔ་ཡན་དང་།མཚུངས་ལྡན་རྣམ་པ་ལྔས་མཚུངས་པར་ལྡན་དགོས། རྣམ་པ་ལྔ་ནི། རྟེན་མཚུངས་པ། དམིགས་པ་མཚུངས་པ། རྣམ་པ་མཚུངས་པ། དུས་མཚུངས་པ། རྫས་མཚུངས་པའོ། དེ་ལ་རྟེན་མཚུངས་པ་ནི། གཙོ་འཁོར་དེ་རྣམས་བདག་རྐྱེན་དབང་པོ་གཅིག་ལས་སྐྱེས་པར་མཚུངས་པ་དང་། དམིགས་པ་མཚུངས་པ་ནི་དེ་རྣམས་ཡུལ་གྱི་ངོ་བོ་གཅིག་ལ་དམིགས་པར་མཚུངས་པ་དང་། རྣམ་པ་མཚུངས་པ་ནི་དེ་རྣམས་ཡུལ་དེའི་ཁྱད་པར་གཅིག་རྣམ་པར་འབྱེད་པ་མཚུངས་པ་དང་། དུས་མཚུངས་པ་ནི་དེ་རྣམས་གྲུབ་པ་དུས་མཉམ། གནས་པ་དུས་མཉམ། འཇིག་པ་དུས་མཉམ་པ་དང་། རྫས་མཚུངས་པ་ནི་རྫས་རེ་རེ་བར་མཚུངས་པ་སྟེ། གཙོ་སེམས་གཅིག་གི་འཁོར་དུ་ཚོར་བ་གཉིས་མི་འབྱུང་བ་ལྟ་བུ། གཙོ་སེམས་རྫས་གཅིག་ལས་མེད་པ་དེ་བཞིན་དུ་སེམས་བྱུང་རྣམས་ཀྱང་རྫས་རེ་རེ་བ་ཡིན་དགོས་པའོ། དེ་ལྟར་ཡིན་རུང་མཁས་པ་ཁ་ཅིག སེམས་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་ངོ་བོ་གཅིག་ཡིན་ཏེ་ཕན་ཚུན་གཅིག་གི་རང་བཞིན་ལས་གྲུབ་པ་སྟེ། བློ་གཅིག་གི་ཁྱད་པར་མི་འདྲ་བའི་ལྡོག་པ་དུ་མ་ལ་བཞག་པ་ཡིན་གྱིས་དེ་གཉིས་ངོ་བོ་ལོགས་སུ་གྲུབ་པ་རེ་རེ་མེད་པའི་ཕྱིར་ཞེས་སོགས་གསུངས་པ་ནི་ཤིན་ཏུ་མི་འཐད་དེ། བུམ་པ་འཛིན་པའི་རྣམ་ཤེས་སྐྱེད་པ་ན་བློ་རྫས་གཅིག་ཉིད་ལ་ལྡོག་པ་དུ་མས་རྣམ་ཤེས་དང་ཚོར་བ། འདུ་ཤེས། སེམས་པ། ཡིད་ལ་བྱེད་པ། རེག་པ་ཞེས་པ་སོགས་སུ་བཏགས་པ་ལས། ངོ་བོ་གཅིག་ཡིན་ན་དེ་དག་ལྡོག་པ་ཐ་དད་པ་ཙམ་ལས་ཤེས་པའི་རྫས་གཅིག་ཡིན་པར་གྱུར་ལ། དེ་ལྟ་ན་བུམ་པ་འཛིན་པའི་བློ་དེས་རང་ཡུལ་གྱི་ངོ་བོ་རིག་པའི་ཆ་ཤས་དེ་ལ་རྣམ་པར་ཤེས་པ་ཞེས་བརྗོད་པ་དང་། དེ་འདྲའི་བློ་དེས་རང་ཡུལ་གྱི་ཁྱད་པར་རིག་པའི་ཆ་ནས་དེ་ལ་སེམས་བྱུང་ཞེས་བརྗོད་དགོས་པར་འགྱུར་བས་སེམས་ལས་ལོགས་སུ་སེམས་བྱུང་མེད་པ་དང་། སེམས་བྱུང་ལས་ལོགས་སུ་སེམས་ཀྱང་མེད་པར་ཐལ་བས། དེ་ནི་མི་རིགས་ཏེ་དེ་གཉིས་མཚུངས་ལྡན་ཡིན་པས་དོན་གཅིག་ཉིད་ལ་མཚུངས་པའི་ཐ་སྙད་མི་འཐད་པའི་ཕྱིར་དང་། སེམས་དང་སེམས་བྱུང་འགལ་བ་ཡིན་པར་གསུངས་པའི་ཡང་ཕྱིར་རོ།  གཞན་ཡང་དྲན་པ་ཉེར་གཞག་གི་མདོ་ལས། ཇི་ལྟར་ཉི་མའི་འོད་ཟེར་གཅིག་ཏུ་འདུ་ཡང་། འོན་ཀྱང་ངོ་བོ་ཉིད་གཞན་ཡིན་པ་དེ་བཞིན་དུ་རྣམ་པར་ཤེས་པའི་ངོ་བོ་ཉིད་གཞན་ཡིན་པ་ནས། སེམས་པའི་བར་དུ་གཞན་ཡིན་ནོ་ཞེས་གསུངས་པ་དང་ཡང་འགལ་བའི་ཕྱིར་ན་འདི་འདྲ་ནམ་ཡང་མི་གསུངས་པར་ཞུའོ། དེར་མ་ཟད། སེམས་དང་སེམས་ལས་བྱུང་བ་དག་མཚུངས་པར་ལྡན་པ་དང་། མཚུངས་པར་ལྡན་ན་རྣམ་པ་ལྔས་མཚུངས་པར་ལྡན་དགོས་པ་སོགས་ཁས་ལེན་མཛད་བཞིན་དུ་འདོད་ཆགས་ཀྱི་མཚན་ཉིད་འཇོག་སྐབས་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ནས་ཡུལ་དེ་ལ་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ་འདོད་ཆགས་ཀྱི་མཚན་ཉིད་ཅེས་གསུངས་པ་འདི་ནི་རིགས་པ་མ་ཡིན་ཏེ། སྤྱིར་ན་འདོད་ཆགས་ལ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པ་མ་ཁྱབ་པས་མཚོན་བྱ་དེ་ཡིན་ན་མཚན་ཉིད་དེ་ཡིན་མི་དགོས་ཤིང་དེ་བཞིན་དུ་མཚན་ཉིད་དེ་ཡིན་ན་ཡང་མཚོན་བྱ་དེ་ཡིན་མ་དགོས་པའི་ཕྱིར་རོ། འདི་ལྟར་དང་པོའི་མཚན་གཞི། ཡུལ་ཡིད་དུ་མི་འོང་བ་ཞིག་ལ་དམིགས་ནས་ཡིད་འོང་དུ་བལྟ་བའི་འདོད་ཆགས་ལྟ་བུ་དང་། གཉིས་པའི་མཚན་གཞི། ཡུལ་ཡིད་དུ་འོང་བའི་དངོས་པོ་ཞིག་ལ་དམིགས་པའི་འདོད་ཆགས་དང་མཚུངས་པར་ལྡན་པའི་མ་རིག་པ་ལྟ་བུ་ཡོད་པའི་ཕྱིར་དང་། ཡིད་དུ་མི་འོང་བའི་དངོས་པོ་ཞིག་ལ་དམིགས་ནས་ཡིད་འོང་དུ་ལྟ་བའི་འདོད་ཆགས་མེད་པའང་མི་འཐད་དེ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་ཡིད་དུ་མི་འོང་བ་ཡང་ཡིད་དུ་འོང་བར་སྣང་རིགས་པའི་ཕྱིར། ཡིད་དུ་མི་འོང་བ་ཞིག་ལས་དམིགས་ནས་ཡིད་འོང་དུ་ལྟ་བའི་འདོད་ཆགས་དེ་ཡུལ་ཡིད་དུ་འོང་བ་ལ་དམིགས་པ་ཡང་མི་འཐད་དེ། དེའི་དམིགས་ཡུལ་ཡིད་དུ་མི་འོང་བ་ཡིན་པའི་ཕྱིར། ཡིད་དུ་མི་འོང་བ་ཞིག་ལ་དམིགས་པའི་འདོད་ཆགས་མེད་པའང་མི་རིགས་ཏེ། ཁྱི་རོ་རུལ་པ་ཤིན་ཏུ་དྲི་ང་བར་དམིགས་ནས་དེའི་དྲི་རོ་མཆོག་ཏུ་སྣང་ཞིང་དེ་ལ་སྲེད་པའི་འདོད་ཆགས་ཡོད་པ་ནི་འདི་ལྟར་སྦྲང་བུ་ཁྲི་སྟོང་མང་པོས་དེ་ལ་སྲེད་པ་མངོན་སུམ་གྱི་གྲུབ་པའི་ཕྱིར་རོ། འོན་ཏེ་དེ་འདྲའི་ཁྱི་རོ་རུལ་པ་ཤིན་ཏུ་དྲི་ང་བ་དེ་ཡང་ཡིད་དུ་འོང་བ་ཡིན་ཏེ་སྦྲང་བུ་དེ་དག་གི་བློ་ངོར་ཡིད་དུ་འོང་བ་ཡིན་པའི་ཕྱིར་ཞེ་ན། འོ་ན་དེ་ཡིད་དུ་མི་འོང་བ་དང་། ཡིད་དུ་འོང་བ་གཉིས་ཀ་མིན་པར་འགྱུར་ཏེ། རང་རེའི་ངོར་ཡིད་དུ་མི་འོང་བ་དང་། སྦྲང་བུའི་ངོར་ཡིད་དུ་འོང་བ་ཡིན་པའི་ཕྱིར། གཞན་ཡང་། ཤེས་བྱ་ཡིན་ན་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་གཉིས་ཀ་མཐོང་བའི་གང་ཟག་དང་། ཡིད་དུ་མི་འོང་བ་གཉིས་ཀ་ཡིན་པས་ཁྱབ་པར་ཐལ་ཏེ། དེ་ཡིན་ན་ཁྱོད་ཡིད་དུ་འོང་བར་མཐོང་བའི་གང་ཟག་དང་། ཁྱོད་ཡིད་དུ་མི་འོང་བར་མཐོང་བའི་གང་ཟག་གཉིས་ཀ་ཡོད་པས་ཁྱབ་པའི་ཕྱིར་རོ། གཞན་ཡང་ཡིད་དུ་འོང་བའི་དངོས་པོ་ཞིག་ལ་དམིགས་པའི་འདོད་ཆགས་དང་། མཚུངས་ལྡན་གྱིས་མ་རིག་པ་དེ་འདོད་ཆགས་ཡིན་པར་ཡང་འགྱུར་ཏེ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ནས་ཡུལ་དེ་ལ་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་པའི་ཕྱིར་ཏེ་དེ་འདྲ་བའི་མ་རིག་པ་དེ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་པ་གང་ཞིག   ཡུལ་དེ་ལ་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་པའི་ཕྱིར། དང་པོ་དེ་ཡིན་ཏེ། དེ་འདྲའི་འདོད་ཆགས་དེས་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ཤིང་། དེ་འདྲའི་མ་རིག་པ་དེ་འདོད་ཆགས་དེ་དང་དམིགས་པ་མཚུངས་པས་དེ་འདྲའི་འདོད་ཆགས་ཀྱིས་གང་ལ་དམིགས་པ་དེ་འདྲའི་མ་རིག་པས་ཀྱང་དམིགས་པར་འདོད་དགོས་སོ། གཉིས་པ་དེ་ཡིན་ཏེ། དེ་འདྲའི་འདོད་ཆགས་ཡུལ་གང་གི་རྣམ་པ་ཅན་ཡིན་ཀྱང་དེ་དང་མཚུངས་པར་ལྡན་པའི་མ་རིག་པ་དེ་ཡང་ཡུལ་དེའི་རྣམ་ཅན་ཡིན་དགོས་ཏེ། དེ་ཉིད་མཚུངས་ལྡན་རྣམ་པ་ལྔས་མཚུངས་པར་ལྡན་པས་རྣམ་པ་མཚུངས་དགོས་ཤིང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་དེ་འདྲའི་མ་རིག་པ་དེ་ཡིད་དུ་འོང་བའི་དངོས་པོ་ལ་དམིགས་ནས་ཡུལ་དེ་ལ་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་པར་འདོད་དགོས་སོ། དེ་འདྲའི་མ་རིག་པ་དེ་འདོད་ཆགས་ཡིན་པར་སྨྲ་མི་རུང་སྟེ། འདོད་ཆགས་ལ་འདོད་ཆགས་གཉིས་པ་མཚུངས་པར་ལྡན་ན་རྫས་མཚུངས་ཉམས་པར་འགྱུར་རོ། གཞན་ཡང་དེ་འདྲའི་མ་རིག་པ་དེ་སེམས་བྱུང་བཏགས་ཡོད་ཡིན་པར་ཡང་འགྱུར་དེ་ལྟ་ན་འགྲེལ་པ་མངོན་པའི་རྒྱན་དུ། མངོན་པ་གོང་མའི་ལུགས་སྐྱར་སྐབས་སུ་འདི་ལྟར་གསུངས་ཏེ། སྡེ་ཚན་དྲུག་ཏུ་བཤད་པ་ལས། སྡེ་ཚན་དང་པོ་གཉིས་དང་། གསུམ་པའི་གཏི་མུག་མེད་པ་དང་། བག་ཡོད་དང་། བཏང་སྙོམས་དང་། རྣམ་པར་མི་འཚེ་བ་སྟེ་བཞི་མ་གཏོགས་པ་ལྷག་མ་བདུན་དང་ལྟ་བ་ལས་གཞན་པའི་རྩ་ཉོན་ལྔ་སྟེ་ཉི་ཤུ་རྩ་གཉིས་ནི་བརྗོད་པ་སྒྲ་དང་། རྒྱུ་མཚན་གཞན་ལ་མ་ལྟོས་པར་བློ་ཡུལ་གྱུར་པའི་རྫས་ཡོད་དང་། ལྷག་མ་ཉི་ཤུ་རྩ་དགུ་ནི་རྒྱུ་མཚན་དེ་ལས་ལྡོག་པས་བཏགས་ཡོད་ཡིན་ཏེ་ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། འདོད་ཆགས་དང་མཚུངས་ལྡན་གྱི་མ་རིག་པ་མེད་པར་ཡང་མི་འཐད་དེ། མངོན་པ་འོག་མ་ལྟར་ན་མ་རིག་པ་དེ་འདོད་ཆགས་ལ་སོགས་པའི་རྩ་ཉོན་གཞན་ལྔ་དང་མཚུངས་ལྡན་དུ་འགྲོ་ཞིང་། མ་རིག་པ་ལས་གཞན་པའི་རྩ་ཉོན་རྣམས་ཕན་ཚུན་མཚུངས་ལྡན་དུ་འགྲོ་བ་མེད་པར་འདོད་དེ། འགྲེལ་པ་མངོན་པའི་རྒྱན་ལས། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་མ་རིག་པ་མ་གཏོགས་རྩ་བའི་ཉོན་མོངས་པ་ཁོང་ཁྲོ་ལ་སོགས་པ་གཞན་དང་མཚུངས་པར་མི་ལྡན་པའི་ཕྱིར་དང་། ཁོང་ཁྲོ་དང་མཚུངས་པར་ལྡན་པའང་མ་རིག་པ་མ་གཏོགས་རྩ་བའི་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པ་ཞེས་སོགས་གསུངས་པའི་ཕྱིར་དང་མངོན་པ་གོང་མ་ལྟར་ན། འདོད་ཆགས་དང་མཚུངས་ལྡན་གྱི་མ་རིག་པ་ཡོད་པར་མ་ཟད། འདོད་ཆགས་དང་མཚུངས་ལྡན་གྱི་ང་རྒྱལ་དང་ལྟ་བ་རྣམས་ཡོད་པར་བཤད་པ་སྟེ། འགྲེལ་པ་མངོན་པའི་རྒྱན་ལས། ཀུན་ལས་བཏུས་ལས་ནི། འདོད་ཆགས་དང་། ང་རྒྱལ་དང་། ལྟ་བ་རྣམས་ཀྱང་མཚུངས་པར་ལྡན་ཞིང་། ཁོང་ཁྲོ་དང་། ཐེ་ཚོམ་ཡང་ཕན་ཚུན་མཚུངས་པར་ལྡན་པར་བཤད་མོད་ཀྱི་འདིར་ནི་མ་རིག་པ་མ་གཏོགས་རྩ་ཉོན་རྣམས་ཕན་ཚུན་མཚུངས་ལྡན་དུ་མི་འདོད་དེ། གལ་ཏེ་དེ་དག་མཚུངས་པར་ལྡན་ན་འདོད་ཆགས་ལ་སོགས་པ་བཞི་དང་། མཚུངས་ལྡན་གྱི་སེམས་ལ་སེམས་བྱུང་ཉི་ཤུ་རྩ་གཉིས་འབྱུང་བར་ཐལ་བ་ལས་ཉི་ཤུ་རྩ་གཅིག་ལས་མི་འབྱུང་བ་བཤད་པ་གནོད་དེ་ཞེས་གསུངས་པའི་ཕྱིར་ན། འདོད་ཆགས་དང་མཚུངས་པརྡོ་ལྡན་པའི་མ་རིག་པ་ཡོད་པར་མངོན་པ་གོང་འོག་གཉིས་ཀ་དགོངས་པ་གཅིག་ཏུ་མཐུན་པས། འདོད་ཆགས་དང་མཚུངས་ལྡན་གྱི་མ་རིག་པ་མེད་པར་སྨྲ་ན་མངོན་པ་གཉིས་དང་འགལ་བར་སྨྲ་བ་ཡིན་ནོ། དེ་བཞིན་དུ་སྡུག་བསྔལ་གྱི་གནས་ཀྱི་ཆོས་ལ་དམིགས་ནས་ཀུན་ནས་མནར་སེམས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ་ཁོང་ཁྲོའི་མཚན་ཉིད་ཅེས་གསུངས་པའང་འཐད་པ་མ་ཡིན་ཏེ་དེ་འདྲའི་མཚན་ཉིད་དེ་ཡིན་ན་ཁོང་ཁྲོ་ཡིན་མི་དགོས་པའི་ཕྱིར་ཏེ། གནོད་བྱེད་ཀྱི་དགྲ་བོར་དམིགས་ནས་ཀུན་ནས་མནར་སེམས་པའི་ཁོང་ཁྲོ་དང་མཚུངས་ལྡན་གྱི་སེམས་བྱུང་སེམས་པ་དེ་སྡུག་བསྔལ་གྱི་གནས་ལ་དམིགས་ནས་ཀུན་ནས་མནར་སེམས་པའི་སེམས་བྱུང་ཡིན་ཀྱང་ཁོང་ཁྲོ་མ་ཡིན་པའི་ཁྱད་པར་འབྱེད་རིགས་པའི་ཕྱིར།  དེ་སྡུག་བསྔལ་གྱི་གནས་ལ་དམིགས་པ་ཡིན་ཏེ་དེ་གནོད་བྱེད་ཀྱི་དགྲ་བོར་དམིགས་པའི་ཕྱིར་དང་། ཀུན་ནས་མནར་སེམས་པའི་རྣམ་པ་ཅན་ཡང་ཡིན་པའི་ཕྱིར། དང་པོ་དེ་ཡིན་ཏེ། རང་དང་མཚུངས་ལྡན་གྱི་ཁོང་ཁྲོ་དེས་གནོད་བྱེད་ཀྱི་དགྲ་བོར་དམིགས་པ་གང་ཞིག རང་ཉིད་དེ་དང་དམིགས་པ་མཚུངས་པ་ཡིན་པས་གནོད་བྱེད་ཀྱི་དགྲ་བོར་དམིགས་དགོས་པའི་ཕྱིར། གཉིས་པ་དེ་ཡིན་ཏེ། རང་དང་མཚུངས་ལྡན་གྱི་ཁོང་ཁྲོ་དེ་ཀུན་ནས་མནར་སེམས་པའི་རྣམ་པ་ཅན་ཡིན་པ་གང་ཞིག་རང་ཉིད་དེ་དང་རྣམ་པ་མཚུངས་པ་ཡིན་པའི་ཕྱིར།  རྟགས་དེ་རྣམས་གྲུབ་སྟེ་ཆོས་ཅན་དེའི་ཕྱིར། དེ་འདྲའི་སེམས་པ་དེ་ཁོང་ཁྲོ་མ་ཡིན་ཏེ། ཁོང་ཁྲོ་ལ་ཁོང་ཁྲོ་གཉིས་པ་མཚུངས་པར་མི་ལྡན་པའི་ཕྱིར་དང་གལ་ཏེ་ལྡན་ན་རྫས་མཚུངས་ཉམས་པར་འགྱུར་ཏེ། ཀུན་ལས་བཏུས་ཀྱི་འགྲེལ་པར་རྫས་མཚུངས་པའི་དོན་ནི། གཙོ་སེམས་གཅིག་གི་འཁོར་དུ་འཚོ་བ་ལྟ་བུ་ཡང་གཅིག་ཁོ་ན་འབྱུང་གི་རིགས་མཐུན་གཉིས་མི་འབྱུང་བའི་དོན་ནོ་ཞེས་གསུངས་པའི་ཕྱིར། དེ་འདྲའི་སེམས་པ་མེད་པ་ཡང་མི་འཐད་དོ། ཁོང་ཁྲོ་དང་མཚུངས་ལྡན་གྱི་སེམས་པ་མེད་ན་དེ་དང་མཚུངས་ལྡན་གྱི་རྣམ་ཤེས་ཀྱང་མེད་པར་འགྱུར་ཏེ། མདོ་ལས་ཡིད་ལ་བྱེད་པ་དང་། སེམས་པས་མངོན་པར་མ་སྒྲུབས་ཤིང་། མངོན་པར་འདུས་མ་བྱས་པར་རྣམ་པར་ཤེས་པ་ཇི་ལྟར་འབྱུང་བར་གྱུར་ཞེས་གསུངས་པའི་ཕྱིར་རོ། དེ་བཞིན་དུ་ཕྱི་ནང་གི་ཆོས་གང་རུང་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ།  ང་རྒྱལ་གྱི་མཚན་ཉིད་ཅེས་གསུངས་པའང་མི་འཐད་དེ། མཚན་ཉིད་དེ་ཡིན་ན་ང་རྒྱལ་ཡིན་མི་དགོས་པའི་ཕྱིར། གལ་ཏེ་དགོས་ན་ང་རྒྱལ་དང་མཚུངས་ལྡན་གྱི་སེམས་བྱུང་ཀུན་འགྲོ་ལྔ་པོ་རེ་རེ་ནས་ང་རྒྱལ་ཡིན་དགོས་པར་འགྱུར་ཏེ། དེ་རྣམས་རེ་རེ་ནས་ཕྱི་ནང་གི་ཆོས་གང་རུང་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་ཡིན་པའི་ཕྱིར་རོ། དེ་ལྟར་ཡིན་ཏེ། དེ་རྣམས་རེ་རེ་ནས་ང་རྒྱལ་དང་མཚུངས་ལྡན་ཡིན་པས་ང་རྒྱལ་གྱིས་གང་ལ་དམིགས་པ་དེར་དེ་རྣམས་ཀྱི་དམིགས་ཤིང་། ང་རྒྱལ་ཡུལ་གང་གི་རྣམ་པ་ཅན་ཡིན་ཡང་དེ་རྣམས་ཀྱང་དེའི་རྣམ་པ་ཅན་ཡིན་དགོས་པའི་ཕྱིར་ཏེ། དེ་དག་མཚུངས་ལྡན་རྣམ་པ་ལྔའི་སྒོ་ནས་མཚུངས་པར་ལྡན་པའི་ཕྱིར། ཡང་དེ་བཞིན་ཆོས་གང་རུང་ལ་དམིགས་ནས་མ་རྟོགས་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། མ་རིག་པའི་མཚན་ཉིད་ཅེས་གསུངས་པ་མི་འཐད་དེ། དེ་མ་རིག་པའི་མཚན་ཉིད་ཡིན་ན་མ་རིག་པ་དང་མཚུངས་ལྡན་གྱི་སེམས་བྱུང་མཐའ་དག་མ་རིག་པ་ཡིན་དགོས་པར་འགྱུར་བས། དེ་ལྟ་ན་ཁོང་ཁྲོ་ཡང་ཡིན། མ་རིག་པ་ཡང་ཡིན་པའི་གཞི་མཐུན་པ་གཅིག་དང་། འདོད་ཆགས་ཀྱང་ཡིན། མ་རིག་པའང་ཡིན་པའི་གཞི་མཐུན་པ་གཅིག ང་རྒྱལ་ཡང་ཡིན། མ་རིག་པ་ཡང་ཡིན་པའི་གཞི་མཐུན་པ་གཅིག ཐེ་ཚོམ་ཡང་ཡིན། མ་རིག་པ་ཡང་ཡིན་པའི་གཞི་མཐུན་པ་གཅིག རྩ་ཉོན་གྱི་ལྟ་བའང་ཡིན། མ་རིག་པ་ཡང་ཡིན་པའི་གཞི་མཐུན་པ་སོགས་མངོན་པ་གོང་འོག་གི་གཞུང་དུ་གཏན་ནས་མ་གྲགས་པའི་མ་རིག་པ་དུ་མ་ཞིག་ཡོད་དགོས་པར་འགྱུར་རོ། དེ་བཞིན་དུ་ཆོས་གང་རུང་ལ་དམིགས་ནས་ལོག་པར་རྟོག་པའི་རྣམ་པ་ཅན་གྱི་སེམས་བྱུང་དེ། རྩ་ཉོན་དུ་གྱུར་པའི་ལྟ་བའི་མཚན་ཉིད་ཅེས་གསུངས་པའང་མི་འཐད་དོ། དེ་ལྟ་ན་འཇིག་ལྟ་དང་མཚུངས་ལྡན་གྱི་མ་རིག་པ་ཡང་རྩ་ཉོན་དུ་གྱུར་པའི་ལྟ་བ་ཡིན་དགོས་པར་འགྱུར་རོ། དེ་བཞིན་དུ་བདེན་དོན་ཞིག་ལ་དམིགས་ནས་ཡིད་གཉིས་ཟ་བའི་རྣམ་པ་ཅན་གྱི་སེམས་བྱུང་དེ་ཐེ་ཚོམ་གྱི་མཚན་ཉིད་ཅེས་གསུངས་པའང་མི་འཐད་དེ། མཚན་ཉིད་དེ་ཡིན་ན་མཚོན་བྱ་དེ་ཡིན་མི་དགོས་པའི་ཕྱིར་ཏེ། ཐེ་ཚོམ་དང་མཚུངས་པར་ལྡན་པའི་ཚོར་བ་ལྟ་བུ་བདེན་དོན་ཞིག་ལ་དམིགས་ནས་ཡིད་གཉིས་ཟ་བའི་རྣམ་པ་ཅན་ཡིན་ཀྱང་ཐེ་ཚོམ་ཡིན་པ་མི་འཐད་པའི་ཕྱིར་ཏེ། དེ་དག་གི་གནོད་བྱེད་གོང་དུ་བཤད་པ་ལས་ཤེས་ནུས་པར་འགྱུར་རོ། རྒྱུ་མཚན་དེ་དག་ལ་བརྟེན་ནས་སེམས་ལས་རྫས་ཐ་དད་པའི་སེམས་བྱུང་དང་། སེམས་བྱུང་ལས་རྫས་ཐ་དད་པའི་སེམས་ཡོད་པ་དང་། འདོད་ཆགས་ལྟ་བུ་ལ་མཚོན་ན། རང་དང་མཚུངས་པར་ལྡན་པའི་སེམས་བྱུང་རྣམས་རང་ལས་རྫས་ལོགས་སུ་ཡོད་པ་དང་། དེ་དག་རང་དང་དམིགས་རྣམ་མཚུངས་ཤིང་བྱེད་ལས་སོ་སོས་ངེས་པ་སོགས་རྟོགས་ནུས་པས། བློ་གསར་རྣམས་དེ་འདྲའི་རྣམ་གཞག་ལ་མཁས་པའི་དོན་དུ་དགག་སྒྲུབ་ཀྱི་དཔྱད་པ་ཅུང་ཟད་བགྱིས་ཁུལ་ཡང་མ་རྟོགས་པ་དང་། ལོག་པར་རྟོག་པའི་དབང་གིས་འཁྲུལ་པའི་ཆ་མཆིས་ངེས་ལ་འདིར་བཞུགས་མཁས་དབང་རྣམས་པས་ཡོ་བསྲང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1