༄༅།། སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་ལ་དཔྱད་པ།

པད་མ་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་རིག་པ། སྤེལ་དུས། 09-14


པད་མ་རྒྱལ།
          ནང་དོན་གནད་བསྡུས། སློབ་དཔོན་བཻ་རོ་ཙ་ནས་བོད་ཀྱི་ཆོས་ལུགས་དང་རིག་གནས་འཕེལ་རྒྱས་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད་ཅིང་། སྔ་ཕྱིའི་མཁས་པ་རྣམས་ཀྱིས་ཀྱང་ཁོའི་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་བསྟོད་པ་ཆེན་པོ་བྱས་ཡོད། འོན་ཀྱང་ཁོའི་ཀྱག་ཀྱོག་གི་མི་ཚེའི་ལམ་བུར་ད་དུང་དཔྱད་པ་བྱས་ནས་དཔྱད་ཚུགས་མེད། ཁོ་བོས་གཙོ་བོར་ཆོས་འབྱུང་ལོ་རྒྱུས་དང་རྒྱལ་རབས་ལོ་རྒྱུས། བོན་གྱི་བསྟན་འབྱུང་སོགས་གཞིར་བཟུང་སྟེ་སློབ་དཔོན་བཻ་རོ་ཙ་ན་ཤར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་ལ་དཔྱད་བཏང་ཡོད།
          བརྡ་ཆད་གཅོ་བོ། སློབ་དཔོན་བཻ་རོ་ཙ་ན། རྒྱལ་མོ་ཚ་བ་རོང་། སྤྱུགས་པ། རྒྱུ་རྐྱེན། 
གླེང་གཞི།
          ལོ་ཙཱ་བ་ཆེན་མོའམ་སློབ་དཔོན་བཻ་རོ་ཙ་ན་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་སད་མི་མི་བདུན་གྱི་ཡ་གྱལ་དང་རྗེ་འབངས་ཉེར་ལྔའི་ནང་གསེས། ལོ་ཙཱ་བ་རྒན་རབས་དགུའི་གྲས་སུ་ཚུད་ཅིང་། བོད་ཀྱི་ཆོས་ལུགས་དང་རིག་གནས་དར་སྤེལ་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། འོན་ཀྱང་སྐྱེས་ཆེན་ཁོང་གི་མི་ཚེ་གཅིག་གི་བགྲོད་ལམ་ནི་ཤིན་ཏུ་ཀྱག་ཀྱོག་ཆེ་སྟེ། ཐོག་མར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཕྱོགས་ཡོངས་ནས་ནང་འདྲེན་དང་དར་སྤེལ་བྱ་བའི་ཆེད་དུ་བཻ་རོ་ཙ་ན་བསམ་ཡས་སུ་ཞུས་ཤིང་། བེེ་རོས་མཁན་སློབ་གཉིས་ལས་ལོ་ཙཱ་དང་སངས་རྒྱས་ཆོས་ལུགས་ཀྱི་གཞུང་ལ་སློབ་གཉེར་མཛད། དེའི་རྗེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱ་གར་གྱི་རྒྱུ་འབྲས་ལས་འདས་པའི་ཆོས་ཏེ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་བོད་དུ་ནང་འདྲེན་བྱ་འདོད་དེ་བཻ་རོ་ཙ་ན་སོགས་རྒྱ་གར་དུ་ཆོས་བསླབས་པར་བཏང་། བཻ་རོ་ཙ་ནས་དཀའ་བ་ཡོད་ཚད་ཁྱད་དུ་བསད་དེ་རྒྱ་གར་ནས་ཆོས་ཀུན་མ་ལུས་སྦྱངས་རྗེས་ཕྱིར་བསམ་ཡས་སུ་ལོག་ཅིང་། མདོ་སྔགས་གཉིས་ཀྱི་ཆོས་མང་པོ་བསྒྱུར་ཞིང་རྒྱལ་འབངས་ཀུན་ལ་ཆོས་གསུངས་ཏེ་བོད་ཀྱི་ཆོས་ལུགས་རིག་གནས་དར་སྤེལ་དུ་བཏང་། འོན་ཀྱང་ཡུན་རིང་མ་འགོར་བར་སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས། གནས་དེ་ནས་སློབ་དཔོན་བཻ་རོ་ཙ་ནར་ཤི་གསོན་གཉིས་ཀྱི་སོ་ཁར་ཐོན་པ་ལྟ་བུའི་དཀའ་ངལ་བྱུང་མོད། སྐྱེས་ཆེན་ཁོང་གིས་ཐུགས་རྒྱུད་ཀྱི་ཡོན་ཏན་ལ་བརྟེན་ནས་དཀའ་ངལ་ཡོད་ཚད་ཁྱད་བསད་བྱས་ཤིང་། ཤར་རྒྱལ་མོ་ཚ་བ་རོང་གི་འབངས་རྣམས་ལ་ཆོས་མང་པོ་གསུངས་ཏེ་ཆོས་ཀྱི་བསྟན་པ་རྒྱ་ཆེར་སྤེལ། འདིར་གླེང་གཞིར་གྱུར་པའི་གནད་དོན་ཏེ་སློང་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་ལ་མཁས་པ་སོ་སོར་བཞེད་ཚུལ་མི་འདྲ་བ་འགའ་ཡོད་ཅིང་། དཔྱད་རྩོམ་འདིར་མཁས་པ་སྔ་མ་དག་གི་བཞེད་པ་གཞིར་བྱས་ཏེ་སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་ལ་རང་བློས་ཅི་ལྕོགས་ཀྱིས་དཔྱད་པ་བཏང་ཡོད།
ལོ་རྒྱུས་ཡིག་ཚང་དག་ཏུ་བཀོད་པའི་བཞེད་ཚུལ།
          འདིར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ཆོས་འབྱུང་ལོ་རྒྱུས། བསྟན་འབྱུང་ལོ་རྒྱུས།《བཻ་རོའི་འདྲ་འབག》སོགས་སུ་སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་རྣམས་རགས་ཙམ་བཀོད་ན་འདི་ལྟ་སྟེ། 《བཻ་རོའི་འདྲ་འབག》ཏུ“དེའི་ཚེའི་རྒྱ་གར་གྱི་རྒྱལ་པོ་དང་། བློན་པོ་གདུག་པ་ཅན་རྣམས་བཀའ་བགྲོས་ཏེ། བོད་དུ་ཕྲ་མ་བཏང་ལ་བཻ་རོ་ཙ་ན་གསོད་ཅེས་ཟེར་བར་གྲོས་འཆམ་མོ། དེ་ནས་བོད་དུ་ངན་པ་སྒྲོགས་པའི་ཕྲ་མ་བཏང་སྟེ། ཕྲ་མ་མཁན་རྣམས་ཀྱིས། བོད་ཀྱི་རྗེ་བློན་འབངས་རྣམས་ལ། བོད་ཀྱི་བན་དྷེ་བཻ་རོ་ཙ་ནས་མན་ངག་གི་ཆོས་ནི་མ་རྙེད། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་རྣམས་དང་། ཁྲོ་ཆུ་ཕྲ་མེན་ལ་སོགས་པ་རྣམས་དང་། ཕུང་ཆས་སྣ་ཚོགས་པ་ཁྱེར་ནས་སོང་བས། བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཞིག” ཅེས་དང་། ཡང་“རང་མགོ་རང་བསྐོར་བོད་ཀྱི་རྒྱལ་པོ་ཁྱོད༔ ཆོས་བསྒྱུར་ཟེར་ནས་ངན་སྔགས་སྣ་ཚོགས་བསླབ༔ མནའ་ཟོས་དོན་མེད་སྤྲང་པོ་ཆུ་ལ་བསྐུར༔ ཡུལ་ཁམས་ཕུང་སྲི་བན་དེ་ཕུགས་སུ་སྦས༔ ཕ་མྱེས་བསྟེན་པའི་བོན་སྐྱོང་ཐམས་ཅད་བསྣུབས༔ ཆོས་དང་ཅི་ཆོས་འདི་འདྲའི་ལས་བྱེད་པ༔ ངན་སྔགས་མཁན་པོ་ད་ལྟ་ཉིད་དུ་གསོད༔” ཅེས་གསུངས་ཡོད་ལ། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དང་《པདྨ་བཀའ་ཐང》སོགས་སུ་ཡང་དེ་དང་ཆ་འདྲ་བར་བཀོད་ཡོད། འདིར་གཙོ་བོ་སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་ནས་ཕྱིར་བོད་དུ་ལོག་རྗེས། རྒྱ་གར་གྱི་རྒྱལ་པོ་དང་སློབ་དཔོན་རྣམས་ཕྲག་དོག་སྐྱེས་ཏེ་བོད་དུ་ཕྲ་མ་མཁན་མངགས་ནས་བཻ་རོ་ཙ་ན་སྲོག་ཁྲིམས་ལ་སྦྱོར་དགོས་པའི་གཏམ་བསྒྲགས་ཚུལ་བརྗོད་ཡོད། ཡང《འདྲ་འབག》ཏུ“བན་དྷེ་བཻ་རོ་ཙ་ན་འདི་ཆོས་འཚོལ་དུ་བཏང་བས་ཆོས་ནི་མ་རྙེད། ངན་སྔགས་ལ་སོགས་བོད་ཕུང་བར་བྱེད་པའི་ངན་སྔགས་སྣ་ཚོགས་ཁྱེར་རམ་ཟེར་བས། འདིས་བོད་ཀྱི་རྒྱལ་ཁམས་ཕུང་བར་ངེས་པས་འདི་གསོད་པར་ཞུའོ ཞེས་དང་། “ཡང་བློན་པོ་རྣམས་ཀྱི་བཙད་པོ་ལ་གསོལ་པ། རྗེ་ཉིད་ཀྱང་ཡབ་མེས་ཀྱི་གསེར་དངུལ་འཇིམ་བ་ལ་བསྐུས་ནས་ལྷ་ཁང་མཛད་གསུང་། དར་ཟབ་རྣམས་གཏུབས་ནས་འཕན་འདུགས་མཛད་གསུང་། ཆོས་མཛད་གསུངས་ནས་བན་དྷེ་སྤྲང་པོ་བཟུང་ནས་ཆུ་ལ་བསྐྱུར། རྗེ་ལ་ཐུགས་རྗེ་མི་མངའ་དེ་དོར། ད་ལྟ་ཡང་གདུགས་ཁང་མཛད་གསུངས་ནས། བཻ་རོ་ཙ་ན་སྦས་ནས་ངན་པ་སྤེལ་ཏེ་ནོར། ད་ཡང་རྒྱལ་ཁྲིམས་འཇིགས་པར་གདའོ་ཞེས་ཞུས་ཏེ” ཞེས་བཀོད་ཡོད། ཉང་ཉི་མ་འོད་ཟེར་གྱིས་བརྩམས་པའི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དུ་ཡང་དོན་དེ་དང་མཐུན་པར་བརྗོད་ཡོད་ཅིང་། དེར་གཙོ་བོ་བློན་པོ་ངམ་ཏ་ར་ཀླུ་གོང་སོགས་བློན་ཆེན་པོ་རྣམས་ཀྱིས་བཻ་རོ་ཙ་ནས་ཡང་དག་པའི་ཆོས་མ་རྙེད་པར། ངན་སྔགས་ཀྱི་ཆོས་སྤྱད་པས་བཻ་རོ་ཙ་ན་མ་བསད་ན་བོད་ཕུང་འགྲོ། རྒྱལ་ཁམས་འཇིག་ངེས་པའི་གཏམ་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་ཞུས་ཤིང་། བཻ་རོ་ཙ་ན་སྲོག་ཁྲིམས་ལ་སྦྱོར་རྒྱུའི་ཐབས་ཇུས་བཀོད་པ་བརྗོད་ཡོད། ཡང་《བཀའ་ཐང་སྡེ་ལྔ》ལས་བཙུན་མོ་བཀའ་ཐང་གི་ལེའུ་བདུན་པའི་ནང“བཙུན་མོ་ཚེ་སྤོང་བཟའ་ནི་དམར་རྒྱན་ལས། ། འདོད་ཆགས་ཆེ་བ་འཇིག་རྟེན་ཁམས་ན་མེད། ། དེ་ཉིད་མཁས་པ་བཻ་རོ་ཙ་ན་ལ། ། བསྟན་པའི་ཆོས་དང་བདེན་པའི་ཚིག་མི་ཉན། །སློབ་དཔོན་ལ་ནི་འདོད་ཆགས་སེམས་སྐྱེས་ནས། ། བཙུན་མོ་བསམ་པ་ངན་པ་སེམས་ལ་འགྱུས། །སློབ་དཔོན་གྲོགས་ལ་ལན་ཅིག་འགྲོགས་པར་མནོ། ། ཡིད་ཀྱིས་སྨོན་ལམ་བཏབ་ཅིང་སེམས་ལ་གབ། །སློབ་དཔོན་ནང་པར་དྲོ་ལ་བྱིན་པ་ལ། །རྒྱལ་པོ་གྲོང་ཁྱེར་སྐུ་འཆག་བཏང་ནས་སུ། །བུ་ཚ་མིང་སྲིང་གཉིས་ཀྱང་རྩེད་མོར་བཏང་། །འཁོར་བ་རྣམས་ཀྱང་ཕར་ལ་བསྐྲད་ནས་སུ།།མཁར་འབར་མལ་གོང་སྒང་སྔོན་རྩེ་དགུ་ཡི།།རྒྱལ་ས་ཡང་ཐོག་སློབ་དཔོན་སྤྱན་དྲངས་ནས།།ཞལ་ཟས་རོ་མཆོག་ལྡན་པ་སྣ་ཚོགས་དྲངས།།སློབ་དཔོན་ཞལ་ཟས་དྲངས་རྣམས་གསོལ་ནས་སུ།།བཞེངས་ནས་གཡའ་མ་ལུང་དུ་གཤེགས་པ་ལ།།བཙུན་མོ་བ་ནི་དམར་རྒྱན་གྱིས་གསོལ་པ།།སློབ་དཔོན་སྒང་སྔོན་རྩེ་དགུར་གདན་འདྲེན་པ།།བདག་ནི་ཆགས་པ་སྐྱེས་སོ་སློབ་དཔོན་དགོངས།།སློབ་དཔོན་ཁྱེད་ནི་ཅི་བལྟས་ཅི་རུ་མཛེས།།ཅི་གསུང་ཅི་བདེན་པས་ཆགས་པ་སྐྱེས” ཞེས་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་དེ་བཻ་རོ་ཙ་ནར་ཆགས་སེམས་སྐྱེས་ཤིང་སློབ་དཔོན་དང་གབ་མཐུན་བྱེད་པའི་ལས་སྦྱོར་སྤེལ་རྩིས་བྱས་པ་བརྗོད་ཡོད། གཞན་《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ》ཞེས་པར་“བཻ་རོ་ཙ་ན་ཚ་བའི་རོང་དུ་སྤྱུགས་ཚུལ་ནི༔ སྤྱུགས་པའི་ལས་ནི་རྣམ་པ་གཉིས་ཡིན་ཏེ༔ ལས་ཀྱི་སྤྱུགས་དང་རྐྱེན་གྱི་སྤྱུགས་པ་གཉིས༔ ལས་ཀྱི་སྤྱུགས་པ་བཻ་རོ་སྔོན་ཚེ་འདུས༔ གྲངས་མེད་བསྐལ་པ་མང་པོའི་སྔོན་རོལ་ནས༔ ཚ་བ་རོང་དུ་དག་པའི་སྐྱེ་བ་བཞེས༔ སྐྱེ་འགྲོ་ཡངས་ལ་ཐུགས་བསྐྱེད་སྨོན་ལམ་ཟབ༔ འགྲོ་དོན་ལྷག་མ་མཛད་དགོས་ལས་ཀྱི་སྤྱུགས༔ རྐྱེན་གྱི་སྤྱུགས་པ་རྣམས་པ་དྲུག་ཡོད་པ༔ རྗེ་གཅིག་བསླུ་ཁ་ཅུང་ཟད་ཡང་པའི་རྐྱེན༔ ལོ་ཙྪ་ཐོས་ཆུང་ཕྲག་དོག་ཆེ་བའི་རྐྱེན༔ བཙུན་མོ་དམར་བརྒྱན་ཆགས་པ་ཆེ་བའི་རྐྱེན༔ མཁན་པོ་བྷོ་དྷི་བོན་ལ་གནག་པའི་རྐྱེན༔ རྒྱ་གར་རྒྱལ་པོའི་ཕྲ་མ་བརྫོངས་པའི་རྐྱེན༔ བན་བོན་གྲུབ་མཐའ་རེ་དྭོགས་བཅིངས་པའི་རྐྱེན༔” ཞེས་སློབ་དཔོན་བཻ་རོ་ཙ་ན་སྔོན་བསགས་ཀྱི་ལས་དང་ད་ལྟའི་ཕྱི་ནང་གི་རྐྱེན་དྲུག་གིས་རྒྱལ་རོང་དུ་སྤྱུགས་ཚུལ་བརྗོད་ཡོད། 
          གོང་གི་ལོ་རྒྱུས་ཀྱི་རྒྱུ་ཆ་འདི་དག་དཔྱད་གཞི་བགྱིས་ཏེ་ཞིབ་འཇུག་པ་ཚོས་རྒྱ་གར་གྱི་ཨ་ཙཱ་རས་ཕྲ་མ་བཅུག་པ་དང་བོན་གྱི་ཁ་འཛིན་པས་ངན་ཇུས་བྱས་པ་གཉིས་ནི་སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་དུ་ངོས་འཛིན་གྱིན་ཡོད། འོན་ཀྱང་ཁོ་བོས་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ཀྱི་ལོ་རྒྱུས་རྒྱབ་རྟེན་དུ་བཅོལ་ཏེ་གོང་གི་དཔྱད་ཡིག་རྣམས་ལ་དཔྱད་པ་བགྱིས་མཐར། སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་གསུམ་ཡོད་པར་འདོད།
མདོ་ཕྱོགས་ཆོས་པས་བཀག་རྒྱ་མཛད་པ།
          བོད་ཀྱི་ཆོས་འབྱུང་ལོ་རྒྱུས་དང་རྒྱལ་རབས་ལོ་རྒྱུས་སུ་མདོ་སྔགས་གཉིས་ཀྱི་དབར་ལ་འགལ་བ་བྱུང་ཚུལ་ནི་མངོན་གསལ་དོད་པོ་མིན་མོད། འོན་ཀྱང་སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་པའི་རྒྱུ་རྐྱེན་ལ་དཔྱད་ཚེ་དེ་གཉིས་དབར་གྱི་འགལ་བའང་ཤིན་ཏུ་རྣོ་ངར་ཅན་དུ་གྱུར་ཡོད་དེ། 《འདྲ་འབག》སོགས་སུ་“དེའི་ཚེའི་རྒྱ་གར་གྱི་རྒྱལ་པོ་དང་། བློན་པོ་གདུག་པ་ཅན་རྣམས་བཀའ་བགྲོས་ཏེ། བོད་དུ་ཕྲ་མ་བཏང་ལ་བཻ་རོ་ཙ་ན་གསོད་ཅེས་ཟེར་བར་གྲོས་འཆམ་མོ། དེ་ནས་བོད་དུ་ངན་པ་སྒྲོགས་པའི་ཕྲ་མ་བཏང་སྟེ། ཕྲ་མ་མཁན་རྣམས་ཀྱིས། བོད་ཀྱི་རྗེ་བློན་འབངས་རྣམས་ལ། བོད་ཀྱི་བན་དྷེ་བཻ་རོ་ཙ་ནས་མན་ངག་གི་ཆོས་ནི་མ་རྙེད། བོད་ཕུང་བར་བྱེད་པའི་རྒྱ་གར་གྱི་ངན་སྔགས་རྣམས་དང་། ཁྲོ་ཆུ་ཕྲ་མེན་ལ་སོགས་པ་རྣམས་དང་། ཕུང་ཆས་སྣ་ཚོགས་པ་ཁྱེར་ནས་སོང་བས། བོད་ཀྱི་བཀའ་ཁྲིམས་ཆེན་པོ་དང་སྦྱོར་ཞིག” ཞེས་དང་། ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་ཙཱ་བ་སྐ་ཅོག་གཉིས་དང་། རྨ་རིན་ཆེན་མཆོག་གསུམ་རྒྱ་གར་ལ་མངགས་ཏེ་རྒྱ་གར་གྱི་པནྚི་ཏ་ལྔ་བརྒྱའི་ནང་གི་མཆོག་ཏུ་གྱུར་བའི་སློབ་དཔོན་བི་མ་ལ་མི་ཏྲ་བསམ་ཡས་ལ་འབྱོར་ཞིང་། ཁོང་གིས་སྐབས་དེའི་ཆོས་ལུགས་ཀྱི་འཕེལ་རིམ་དང་སློབ་དཔོན་བཻ་རོ་ཙ་ན་རྒྱལ་རོང་ལ་སྤྱུགས་པའི་གནས་ཚུལ་ལ་གཟིགས་ཏེ་ཁོའི་ཐུགས་དགོངས་ལ་“སྔར་གོང་ཐམས་ཅད་མཁྱེན་པ་ཆེན་པོ་བཻ་རོ་ཙ་ན་འདྲ་བས་ཀྱང་ཐོག་མར་འབྲས་བུའི་ཐེག་པ་གསང་སྔགས་ཀྱི་ཆོས་གསུང་བ་ལ་མ་མོས་པ་ཡིན་པས་སྤྱུགས་ནས་སྣང་། ད་ངས་རྒྱུའི་ཐེག་པ་ཕྱི་ནང་རང་གི་ཆོས་འགའ་འཆད་དགོས་སྙམ་ནས། རྒྱལ་བློན་རྣམས་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་བསྒྱུར་ནས་ཆོས་གསུངས” ཞེས་བཀོད་ཡོད་པ་ལས་མདོ་སྔགས་གཉིས་ཀྱི་འགལ་བ་གསལ་བོར་མངོན་ཡོད། དེས་ན་མདོ་སྔགས་གཉིས་ཀྱི་དབར་ལ་ཅིའི་ཕྱིར་འགལ་བ་བྱུང་ཞེ་ན། 
          བོད་དུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལས་གཙོ་བོ་མཁན་ཆེན་ཞི་བ་འཚོས་དབུ་མའི་གྲུབ་མཐའི་ཕྱོགས་བཟུང་ཞིང་། ཁྱད་པར་དུ་སློབ་དཔོན་ཞི་བ་འཚོས《 དེ་ཁོ་ཉིད་བསྡུས་པ》 དང་《 དབུ་མ་རྒྱན》 ཡེ་ཤེས་སྙིང་བོས《དབུ་མ་བདེན་གཉིས》 དང་ཀཱ་མ་ལ་ཤི་ལས་《 དབུ་མ་སྣང་བ》 སོགས་ཀྱི་གཞུང་མང་དུ་བརྩམས་ཏེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་རང་རྒྱུད་ཀྱི་ལྟ་བའི་རྗེས་སུ་འབྲངས་ཤིས་འཕེལ་རྒྱས་སུ་བཏང་སྟེ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་སྲོལ་བཏོད། ཞི་བ་འཚོ་བོད་དུ་ཡོང་ནས་ཀྱང་གཙོ་བོ་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་དགེ་བ་བཅུ། ཁམས་བཅོ་བརྒྱད་ལ་སོགས་པའི་མདོ་ཕྱོགས་ཀྱི་གཞུང་རྣམས་དར་བར་མཛད། འོན་ཀྱང་ང་ཚོས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་འཕེལ་རྒྱས་ལ་རགས་ཙམ་བལྟས་ན། སྤྱི་ལོ་སྔོན་གྱི་དུས་རབས་ལྔ་བ་ནས་བཞི་བའི་བར་དུ་གནའ་རབས་ཀྱི་སངས་རྒྱས་ཆོས་ལུགས་ཞེས་སྟོན་པ་ཤཱཀྱ་མུ་ནེ་དང་ཁོའི་བུ་སློབ་རྣམས་ཀྱིས་སངས་རྒྱས་ཆོས་རྣམས་དར་བར་བྱས་ཤིང་། དེ་ནས་ཕྱི་ལོ་དང་པོའི་སྔ་གཞུག་ཏུ་སངས་རྒྱས་ཆོས་ལུགས་ནང་ཁུལ་ལ་འདུལ་ཁྲིམས་ཀྱི་ཐད་ནས་འགལ་བ་བྱུང་སྟེ་སོ་སོར་གྱེས་པའི་སོ་སོའི་སྡེ་བ་གྱེས་པའི་དུས་རབས་ཡིན། དུས་རབས་དང་པོ་ནས་བདུན་པའི་དབར་ཐེག་ཆེན་གྱི་ཆོས་རྣམས་དར་བར་མཛད་པ་དང་། དུས་རབས་བདུན་པའི་སྟོད་དུ་གསང་སྔགས་ཀྱི་ཆོས་རྣམས་དར་ཞིང་། ཁྱད་པར་དུ་དུས་རབས་བདུན་པའི་སྨད་ལ་རིག་སྔགས་འཆང་བའི་སྡེ་རྣམས་དར་བར་མཛད། འཕེལ་རིམ་འདི་ལས་ང་ཚོས་གསལ་བོར་རྟོགས་ཐུབ་པ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་དུ་གསང་སྔགས་ཀྱི་ཆོས་རྣམས་དར་མགོ་བརྩམས་ཤིང་། ལྷག་པར་དུ་རྒྱ་གར་གྱི་པཱ་ལའི་རྒྱལ་རབས་ཀྱིས་གསང་སྔགས་ཀྱི་ཆོས་ལ་མོས་པའི་དར་རྒྱས་སུ་བཏང་། དེར་དགེ་རྒན་ཆེན་མོ་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས“རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐོག་མར་ཕ་རྒྱུད་གསང་བ་འདུས་པ་ནི་དུས་རབས་བརྒྱད་པའི་འགོར་ཙམ་འགོ་བཙུགས་ཏེ་དུས་རབས་བརྒྱད་པའི་མཇུག་ཏུ་རྫོགས་པར་བརྩམས་ཟིན། དུས་སྐབས་དེར་རྒྱ་གར་དབུས་དང་ཤར་ཕྱོགས་ལ་དབང་བསྒྱུར་བའི་པཱ་ལ་རྒྱལ་རབས(750ནས1199) ཀྱིས་གསང་སྔགས་ཆོས་ལ་མོས་ཏེ་སྲུང་སྐྱོབ་མཛད་པའི་དབང་གིས་གསང་སྔགས་ཀྱི་ཆོས་རྒྱ་གར་དབུས་དང་ཤར་ཕྱོགས་སུ་གཙོ་བོར་འགྲོ་དོན་འཕྲིན་ལས་རྒྱས་ཡོད” ཅེས་གསུངས་པ་བཞིན་ཡིན། སྤུ་རྒྱལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་དུ་རྒྱ་གར་དབུས་དང་ཤར་ཕྱོགས་སོགས་རྒྱ་གར་གྱི་ཡུལ་གྲུ་ཀུན་ཏུ་གསང་སྔགས་ཀྱི་ཆོས་རྣམས་དར་རྒྱས་སུ་འགྲོ་བཞིན་པའི་དུས་ཡིན། རང་རེའི་སློབ་དཔོན་བཻ་རོ་ཙ་ནས་རྒྱ་གར་དུ་གཙོ་བོ་གསང་སྔགས་ཀྱི་ཆོས་ལ་སྦྱངས་པ་མཛད་ཅིང་། ང་ཚོས་གསང་སྔགས་ཀྱི་ཆོས་ལ་ཅུང་ཙམ་དཔྱད་ན། ཆོས་དེ་ནི་དུས་རབས་བདུན་པའི་སྨད་དང་དུས་རབས་བརྒྱད་པའི་དུས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས་གཉིས་གཞི་གཅིག་ཏུ་བསྲེས་ནས་གསང་སྔགས་ཀྱི་ཆོས་རྣམས་དར་ཞིང་། ཧིན་རྡུ་ཆོས་ལུགས་ནི་གནའ་བོའི་བྲམ་ཟེའི་རིག་གནས་ལ་འཕེལ་འགྱུར་བྱུང་སྟེ་དར་བས་དེའི་ཁྲོད་དུ་དྲག་སྔགས་ཀྱི་མཐུ་དང་སྒྱུ་འཕྲུལ་སོགས་འདུས་ཡོད། སློབ་དཔོན་བཻ་རོ་ཙ་ནས་ཆོས་དེ་རྣམས་སྦྱངས་ཤིང་དར་སྤེལ་མཛད་པར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱབ་སྐྱོར་དང་གོང་དུ་བཀུར། འོན་ཀྱང་མདོ་ཕྱོགས་ཀྱི་ཆོས་པ་དག་ལ་མཚོན་ན་སློབ་དཔོན་བཻ་རོ་ཙ་ནའི་ཆོས་དེ་བོན་གྱི་ཆོས་དང་གཉིས་སུ་མེད་པས་ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བཀག་འགོག་དང་ཚར་གཅོད་བྱས། དེར་མ་ཟད་སློབ་དཔོན་བཻ་རོ་ཙ་ན་རྒྱ་གར་དུ་ཆོས་སློབ་པར་བཏང་བའི་རྒྱུ་རྐྱེན་གཅིག་ཀྱང་མདོ་ཕྱོགས་ཀྱི་ཆོས་པ་ཚོ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དར་སྤེལ་མཛད་པའི་སྔགས་ཀྱི་ཆོས་རྣམས་བོན་གྱི་ཆོས་དང་འདྲ་རྐྱེན་ཡིད་མ་ཆེས་པའི་རྐྱེན་ལ་རག་ལས་པར་འདོད་དེ། 《བཻ་རོ་ཙ་ནའི་རྣམ་ཐར་པདྨའི་དགའ་ཚུལ》དུ“དེ་ནས་གུ་རུ་པདྨས་བཀའ་སྩལ་པ༔ རྗེ་ཡི་གཙོར་བྱས་ཐམས་ཅད་གསོན་མཛོད་དང་༔ རང་འདོད་ལྟ་བུའི་ཆོས་བཤད་གོ་མི་ཆོད༔ མཁན་ཆེན་ཉིད་དང་བདག་གིས་བསྒྱུར་བའི་ཆོས༔ སྒྲོ་འདོགས་གཅོད་ཕྱིར་བཻ་རོ་ཙཱ་ན་དང་༔ གཞན་ཡང་ལོ་ཙཱ་ཤེས་རྣམས་རྒྱ་གར་བཏང༔ ཞེས་པ་ལས་སྐབས་དེར་བོད་འབངས་བྱིངས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཆོས་ལ་ཡིད་མ་ཆེས་པར་བཻ་རོ་ཙ་ན་རྒྱ་གར་དུ་བཏང་བ་གོ་ཐུབ།
          ཡང་སྤུ་རྒྱལ་བཙན་པོའི་སྲིད་དབང་ཐོག་མར་འཛུགས་དུས་ནས་བཟུང་ཆོས་ལུགས་དང་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཅིག་ཆགས་ཡོད་རྐྱེན། ཆོས་ལུགས་ཕན་ཚུན་དང་ཆོས་ལུགས་གྲུབ་མཐའི་ནང་ཁུལ་གྱི་འགལ་བ་དེ་སྲིད་འཛིན་ཕྱོགས་ཁག་ཕན་ཚུན་དབར་གྱི་འགལ་བར་གྱུར་ཡོད། དེ་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་བཻ་རོ་ཙ་ན་བླའི་མཆོད་གནས་སུ་བཀུར་བར་མདོ་ཕྱོགས་ཀྱི་ཆོས་པ་དང་ཆོས་དེར་དད་པའི་སྲིད་འཛིན་མི་སྣ་ཚོའི་ཁེ་ཕན་དང་གོ་གནས་ལ་གནོད་པ་ཐེབས་གྱིན་ཡོད་ཅིང་། མདོ་ཕྱོགས་ཀྱི་ལོ་ཙཱ་བ་དང་མཁས་པ། ཆོས་དེར་དད་པའི་སྲིད་འཛིན་མི་སྣ་ཚོས་བཻ་རོ་ཙ་ནས་སྔགས་ཕྱོགས་ཀྱི་ཆོས་སྤེལ་བར་བཀག་རྒྱ་མཛད་ཅིང་ངན་ཇུས་བཀོད་དེ་གསོད་ཐུབ་དང་སྤྱུགས་ཐུབ་བྱས་སོ།།
བོན་ཕྱོགས་ཀྱིས་ངན་ཇུས་བཀོད་པ།
          རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་དུ་ཐོག་མར་དར་བ་ནས་བཟུང་བོད་རང་ས་རང་ཡུལ་གྱི་བོན་ཆོས་རིག་གནས་གཉིས་དབར་ལ་འགལ་བ་བྱུང་ཞིང་། ཆོས་ལུགས་རིག་གནས་གཉིས་ཀྱི་འགལ་བ་དེ་བཙན་པོའི་སྲིད་དབང་ཁྲོད་ཀྱི་ཆོས་ཕྱོགས་མི་སྣ་ཕན་ཚུན་དང་ཆོས་ལུགས་སོ་སོར་དད་པའི་སྲིད་འཛིན་མི་སྣ་ཕན་ཚུན་དབར་གྱི་འགལ་བར་གྱུར་པས་བོད་བཙན་པོའི་སྐབས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་བགེགས་ཆེན་པོ་བཟོས་ཡོད། ཁྱད་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཕྱོགས་ཡོངས་ནས་བོད་དུ་ནང་འདྲེན་བྱས་ཤིང་། བཙན་པོ་ཁྲི་སྲོང་ལྡེ་བཙན་སངས་རྒྱས་ཆོས་ལུགས་ལ་དད་མོས་ཆེན་པོ་ཡོད་རྐྱེན། བན་བོན་ཆོས་ལུགས་རིག་གནས་ཀྱི་འཐབ་འཛིང་དེ་བཙན་པོའི་སྲིད་དབང་ནང་ཁུལ་གྱི་སྲིད་འཛིན་ཕྱོགས་ཁག་གཉིས་ཀྱི་སྲིད་ཀྱི་གོ་གནས་འཕྲོག་རྩོད་བྱེད་པའི་ཆབ་སྲིད་ཀྱི་འགལ་བར་གྱུར། དེར་མ་ཟད་སློབ་དཔོན་པདྨ་འབྱུང་གནས་བསམ་ཡས་སུ་ཕེབས་དུས་གསང་སྔགས་ཀྱི་དྲག་སྔགས་དང་ཆོ་གའི་མཐུ་ནུས་ཀྱིས་བོད་ཡུལ་གྱི་འདྲེ་སྲིན་མང་པོ་བཏུལ་ཏེ་བན་ཕྱོགས་ཀྱི་ཆོས་སྐྱོང་དུ་བཀུག་ཚུལ་བརྗོད་ཡོད་པ་ནང་བཞིན་ཡིན། 《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད》དུ“སྟོག་མངའ་རིས་ཀྱི་ལྷ་འདྲེ་མཐུ་བོ་ཆེ་རྣམས་འདུས་ཏེ། སློབ་དཔོན་གཡོག་རྣམས་གངས་བར་ཙིར་བར་བྱས་པ་ལ། སློབ་དཔོན་གྱིས་ཕྱག་འཁར་བྲག་ལ་བཙུགས་ཏེ་ལམ་བཏོད་ནས་རིའི་ཁ་ན་ཕར་བྱོན་པས། སྲིད་པའི་ལྷ་སྲིན་རྣམས་སྐྲག་སྟེ་དངངས་ཤིང་བྲེད་པར་གྱུར་རོ། དེར་སྲིད་པའི་རྒྱལ་མོ་མུ་ཙ་མེད་ལ་སོགས་ཀྱིས་སྲོག་གི་སྙིང་པོ་གསོལ་དུ་ཕུལ་ཏེ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། མོའི་གསང་མཚན་ཡང་གངས་ཀྱི་ཡུམ་གཅིག་རྡོ་རྗེ་ཀུན་ཏུ་བཟང་བྱ་བར་བཏགས་སོ།” ཞེས་དང་། ད་དུང་བསྟན་མ་བཅུ་གཉིས་དང་ཡ་མ་བཅུ་གཉིས། ཡར་ལ་ཤམ་པོ་སོགས་དམ་དུ་བཏགས་པའི་གཏམ་རྒྱུད་མང་པོ་ཡོད། ཆོས་ལུགས་སྤྱི་ཚོགས་རིག་པས་ཆོས་ལུགས་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གཟུགས་བརྙན་ཡིན་ཞེས་པ་ནང་བཞིན་སྐབས་དེའི་འདྲེ་སྲིན་དག་གིས་བོན་གྱི་སྟོབས་ཤུགས་མཚོན་ཞིང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསང་སྔགས་ནང་གི་དྲག་སྔགས་ཀྱི་མཐུ་བཀོད་དེ་བོན་རྣམས་ཕམ་པར་བྱས། དེ་བས་སློབ་དཔོན་བཻ་རོ་ཙ་ནས་ཀྱང་གསང་སྔགས་ཀྱི་ཆོས་ལ་སྦྱངས་པ་མཛད་རྗེས་ཕྱིར་བསམ་ཡས་སུ་ལོག་སྟེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དར་སྤེལ་དུ་བཏང་བར་བོན་གྱི་ཁ་འཛིན་པ་རྣམས་ལ་འཇིགས་དངངས་སྐྱེས་སྲིད། 
          གོང་གི་རྐྱེན་འདི་གཉིས་ཀྱི་དབང་གིས་བོན་གྱི་ཁ་འཛིན་པ་རྣམས་ཀྱིས་ངན་ཇུས་དང་སྒྲོ་སྐུར་བྱས་ཏེ་སློབ་དཔོན་བཻ་རོ་ཙ་ན་གསོད་ཅི་ཐབས་དང་སྤྱུགས་ཅི་ཐབས་བྱས། མཁས་དབང་མཁར་རྨེའུ་བསམ་གཏན་གྱིས“བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་ཞེས་ཞུ་བ་དེ་ནི་བོན་ལ་དད་པ་གནང་མཁན་ཞིག་ཡིན་པར་མ་ཟད་བཙུན་མོ་རྣམས་ལས་བུ་བཙས་པའི་མ་གཅིག་པོ་ཡིན” ཞེས་བརྗོད་ཡོད། དེ་བས《བཀའ་ཐང་སྡེ་ལྔ》རུ་བཙུན་མོ་ཚེ་སྤོང་བཟའ་དམར་རྒྱན་གྱིས་སློབ་དཔོན་བཻ་རོ་ཙ་ནར་ཆགས་པ་བསྟན་ཚུལ་བཀོད་ཡོད་མོད། ང་ཚོས་བན་བོན་གཉིས་ཀྱི་འགལ་བར་གཞི་བཅོལ་ནས་དཔྱད་ཚེ་དེ་ཡང་གཙོ་བོ་བཙུན་མོ་ཚེ་སྤོང་གཟའ་དམར་རྒྱན་གཙོ་བྱས་པའི་བོན་གྱི་ཁ་འཛིན་པ་ཚོས་སློབ་དཔོན་བཻ་རོ་ཙ་ན་རབ་བྱུང་གི་སྡོམ་ཁྲིམས་ལས་འགལ་བར་བཅུག་སྟེ་མི་གྲལ་ལས་ཕུད་རྒྱུའི་ཐབས་ངན་དང་གཡོ་ངན་དག་ཡིན།
བློན་ཆེན་པོ་རྣམས་ཀྱིས་ངན་ཇུས།
          མཐའ་འབྲེལ་རྒྱལ་ཁམས་ཀུན་ཏུ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དར་བ་དང་བོན་ཆོས་ཀྱིས་སྤུ་རྒྱལ་བཙན་པོའི་སྲིད་དབང་ལ་ཞབས་འདེགས་ཞུ་མ་ཐུབ་པས་བཙན་པོ་རིམ་བྱོན་གྱིས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱས། ཁྱད་པར་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་ཉིད་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་དད་མོས་བྱུང་བས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཕྱོགས་ཀུན་ནས་དར་སྤེལ་དུ་བཏང་ཞིང་། ཆོས་ལུགས་ཀྱི་མཁན་པོར་བཅོམ་ལྡན་འདས་ཀྱི་རིང་ལུགས་ཞེས་པའི་མིང་བཏགས་མཛད་ཅིང་གསེར་གྱི་ཡི་གེ་བསྩལ་ཏེ་ཞང་བློན་ཆེན་མོ་ལས་ཀྱང་མཐོ་བའི་སྲིད་ཀྱི་གོ་གནས་བསྩལ། དཔལ་འབྱོར་གྱི་ཆ་ནས་ཀྱང་དགེ་འདུན་་པར་རྒྱབ་སྐྱོར་བྱས་ཚུལ་ནི《ཆོས་འབྱུང་མཁས་པའི་དགའ་སྟོན》དུ“སྟོན་རྩེན་གྱི་རྩོད་པ་ཞི་ནས་སླར་བསྟན་པ་ལ་བྱ་བ་མཛད་ཚུལ་ནི་རྦ་བཞེད་ལས། དེ་མ་ཟད་ཆོས་འཁོར་གྱི་རྐྱེན་ཉིས་བརྒྱ་ལྔ་བཅུ་བླ་ནས་གནང་སྟེ་བཅོམ་ལྡན་འདས་ཀྱི་རིང་ལུགས་ལ་ལོ་རེའི་ཟླ་བ་གཅིག་ལ་ནས་ཁལ་བདུན་ཅུ་རྩ་ལྔ། ན་བཟང་ནི་ནང་སྟེ་འཕན་གྱི་བྲུངས་ལ་སྦྱོར། ན་བཟའ་ཕྲུགས་རེ་རེ། སྤོད་མར་སྲང་སྟོང་དང་བརྒྱ། ཆིབས་དངོག་ཐེག་པ་རེ་རེ། ཤོག་བུ་དེབ་བཞི། གནག་ཚ་ཡུག་གསུམ། ལན་ཚྭ་ཟད་ལེན། མཆིམས་ཕུའི་སྒོམ་ཆེན་ཉི་ཤུ་རྩ་ལྔ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ། སྤོད་མར་སྲང་བརྒྱད་བརྒྱ་རེ། ཆིབས་པ་རེ། ན་བཟའ་དྲུག་ཕྲུགས་རེ། ཆོས་གྲའི་སློབ་དཔོན་དུ་བསྐོ་བ་བཅུ་གསུམ་ལ་ནས་ཁལ་ལྔ་བཅུ་རྩ་ལྔ་ལྔ། ན་བཟའ་ཕྲུགས་རེ། ཆབ་མར་སྲང་བརྒྱད་བརྒྱ་རེ། མཚམས་ཀྱི་བནྡྷེ་རང་ག་མ་རྣམས་ལ་གང་ཟག་རེ་རེ་ལ་ནས་ཁལ་བརྒྱད་རེ། ཤོག་བུ་དེབ་གཉིས་རེ། སྣག་ཚ་ཡུག་རེ། སློབ་གཉེར་བ་ཉི་ཤུ་རྩ་ལྔ་ལ་རེ་རེ་ལ་ནས་ཁལ་ཉི་ཤུ་རྩ་ལྔ་རེ། གོས་སུམ་ཕྲུགས་རེ་རྒྱུན་དུ་གནང་ནས། དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ་དཀོན་མཆོག་གི་རྟེན་ལ་འབངས་མི་ཁྱིམ་བརྒྱ་བནྡྷེ་རེ་རེ་ལ་འབངས་མི་ཁྱིམ་གསུམ་གསུམ་དུ་བཅད། འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་ཆད་ནས་དབང་དགེ་འདུན་ལ་བསྐུར” ཞེས་བརྗོད་པ་ལྟར། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་དགེ་འདུན་པར་རྒྱབ་སྐྱོར་བྱས་པས་བློན་ཆེན་པོའི་ཁེ་ཕན་ལ་ཐད་ཀར་དུ་གནོད་སྐྱོན་ཐེབས། དེ་བས་སྐབས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བླར་བཀུར་བའི་སློབ་དཔོན་བཻ་རོ་ཙ་ནར་བློན་ཆེ་ཤོས་རྣམས་ཀྱིས་ཐབས་སྣ་ཚོགས་བཀོད་དེ་ངན་དམོས་བྱས་ཤིང་། བློན་ཆེན་པོ་རྣམས་ཀྱིས་ངན་ཇུས་དང་བྱ་བྱེད་དག་བློན་སྟག་སྒྲ་ཀླུ་གོང གི་སྟེང་ནས་མངོན་པར་མཚོན་ཡོད། འོན་ཀྱང་ད་ལྟ་ཡན་ཆད་དུ་ཞིབ་འཇུག་པ་ཚོས་བློན་སྟག་སྒྲ་ཀླུ་གོང་གིས་བཻ་རོ་ཙ་ནར་ངན་དམོས་བྱས་པའི་རྒྱུ་མཚན་ནི་བློན་སྟག་སྒྲ་བོན་གྱི་ཁ་འཛིན་ཡིན་ཞིང་བོན་གྱི་བསྟན་པ་སྲུང་སྐྱོབ་བྱ་བའི་ཆེད་དུ་ཡིན་པར་འདོད། ཡིན་ཡང་བློན་སྟག་སྒྲའི་མཛད་རྣམ་ལ་ང་ཚོས་དཔྱད་པ་བཏང་ཚེ་ཁྲི་སྲོང་ལྡེ་བཙན་ཐོག་མར་སྲིད་ལ་བཞུགས་དུས། ཁོས་བཙན་པོའི་ཡབ་ཁྲི་ལྡེ་གཙུག་བརྟན་བཀྲོངས་མཁན་གྱི་བློན་པོ་ལང་མྱེས་གཟིགས་དང་འབལ་ལྡོང་ཙབ་གཉིས་ཁྲིམས་སུ་སྦྱར་བ་དང་། དེ་ནས་རིམ་གྱིས་བོད་བཙན་པོའི་སྲིད་དབང་ཁྲོད་དུ་ཞུགས་ནས་ཁམས་དབྱར་མོ་ཐང་དང་ཙོང་ཁའི་ཕྱོགས་སུ་དམག་དྲངས་ཏེ་ཆབ་འོག་ཏུ་བསྡུས། སྤྱི་ལོ་762ལོར་རྒྱའི་ཡུལ་དུ་དམག་དྲངས་ཏེ་རྒྱའི་དམག་རྣམས་ཕམ་པར་བྱས། དེའི་རྐྱེན་དེ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བློན་སྟག་སྒྲ་ཀླུ་གོང་གི་མཛད་རྗེས་རྣམས་ཞོལ་རྡོ་རིང་གི་ངོས་སུ་བྲིས་ཤིང་དམིགས་གསལ་གྱི་དབང་ཆ་བཅུ་གསུམ་སོགས་སྤྲད། ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་དག་ལ་ཞིབ་བསྡུར་བྱས་ཚེ་བློན་སྟག་སྒྲ་ཀླུ་གོང་བན་བོན་གཉིས་ལས་གང་གི་ཁ་འཛིན་ཡིན་པར་ཡང་འགལ་བ་ཡོད་དེ། 《བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ》ལག་བྲིས་མ་ཞིག་ཏུ “འགོས་ནི་ཆོས་བློན་ཆེ་ཤོས་ཡིན་ལ༔ མ་ཞང་ནི་བོན་བློན་ཆེ་ཤས་ཡིས་པས༔ ་་་་་་ གྱད་ཀྱིས་སྐུ་བློན་ལྟ་ར་ཀླུ་གོང་ལ༔ ་་་་་་ ཏ་ར་ཀླུ་གོང་གིས་ཡར་འཐེན་པས༔ མ་ཞང་གིས་འཇུས་པས༔ རྒོད་སྤུ་སྤར་པ་གང་ཐོབས་ནས་ལུས་སོ༔ དེར་མ་ཞང་གྲུམ་པ་སྐྱེ་ཞེ་སྡང་ཆེན་པོ་སྐྱེ་ནས་ཤིའོ༔ ཞེས་བོན་གྱི་བློན་ཆེ་ཤོས་ཞང་མ་ཞང་གྲུམ་པ་སྐྱེ་འགོས་དང་བློན་སྟག་སྒྲ་གཉིས་ཀྱིས་བཀྲོངས་པར་བརྗོད་ཅིང་དེ་ལས་བློན་སྟག་སྒྲ་བན་དེ་ཆོས་ཀྱི་ཁ་འཛིན་ཡིན་པར་སྣང་། འོན་ཀྱང་《རྦ་བཞེད》 དུ“དེ་ནས་ཕག་གི་ལོ་ལ་ཕོ་བྲང་ཟུར་ཕུད་སྐྱང་བུ་ཚལ་ན་བཞུགས་པའི་ཚེ། ཆོས་ཀྱི་ཁ་འཛིན་ཞང་ཉ་བཟང་དང་། གཉེར་རྟག་བཙན་ལྡོང་གཟིགས་དང་། སེང་མགོ་ལྷ་ལུང་གཟིགས་དང་། ཉང་ཤོ་མ་དང་བཞི་པོ་དེ་བོ་དྷི་ས་ཏྭའི་ཁ་འཛིན་དང་བཤགས་འདེབས་སུ། བོན་གྱི་ཁ་འཛིན་ངམ་སྟག་ར་ཀླུ་གོང་དང་རྩིས་པ་ཆེན་པོ་དང་། ཁྱུང་པོ་དུམ་ཚུགས་དང་། ཁྱུང་པོ་རྩེ་བ་དང་། ཚེ་མི་དང་། ལྕོག་ལ་སྨོན་ལམ་འབར་ལ་སོགས་པ་བཀོས་ཏེ་བརྩོད་པ་ལས་བོན་ཁུང་ངན་ལ་གཏན་ཚིགས་ཆུང་” ཞེས་སྟག་སྒྲ་ཀླུ་གོང་བོན་གྱི་ཁ་འཛིན་ཡིན་པ་བརྗོད་ཡོད། ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ཆོས་མི་བསྣུབས་པའི་ཕྱིར་རྗེ་བློན་མནས་བསྒགས་པའི་བཀའ་གཙིགས་དང་པོ་བྲིས་ཏེ་མནའ་གན་འཇོག་དུས་སུ་བློན་སྟག་སྒྲ་ཀླུ་ཁོང་ཡང་དེའི་གྲས་སུ་ཚུད་ཅིང་བནྡེ་ཆོས་ལ་བློ་དཀར་བའི་ངང་ཚུལ་བཟུང་ཡོད། 
          གོང་གི་དཔྱད་གཞི་རྣམས་ལ་གཞི་བཅོལ་ཏེ་དཔྱད་ན་བློན་སྟག་སྒྲ་ཀླུ་གོང་ནི་བན་བོན་གཉིས་ཀའི་ཕྱོགས་སུ་མི་གཏོགས་པར་བོད་བཙན་པོའི་སྲིད་དབང་གི་ཉམས་ཉེས་ལ་ཐུགས་ཁུར་དང་བློན་ཆེན་པོའི་གོ་གནས་ལ་བརྩི་མཐོང་ཆེ་བའི་བློན་ཆེན་ཞིག་ཡིན། དེ་བས་བཻ་རོ་འདྲ་འབག་དང་རྒྱལ་རབས་ལོ་རྒྱུས། ཆོས་འབྱུང་ལོ་རྒྱུས་སུ་སྟག་སྒྲ་ཀླུ་གོང་བོན་གྱི་ཁ་འཛིན་བྱས་ཏེ་སློབ་དཔོན་བཻ་རོ་ཙ་ནར་ངན་དམོས་དང་སྒྲོ་སྐུར་བྱས་ཚུལ་བཀོད་ཡོད་མོད། དོན་དངོས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་ཡིད་ཞེ་གཉིས་མེད་ཀྱིས་དད་ཅིང་སློབ་དཔོན་བཻ་རོ་ཙ་ན་བླར་བཀུར་ཏེ་བན་ཕྱོགས་ཀྱི་ཆོས་ལུགས་པར་གོ་གནས་ཆེན་པོ་སྤྲད་པས། བློན་ཆེན་པོ་དང་སྲིད་འཛིན་མི་སྣ་གང་མང་ཞིག་གི་ཁེ་ཕན་ལ་ཕོག་ཐུག་བཟོས་ཤིང་། བློན་སྟག་སྒྲ་ཀླུ་གོང་སོགས་བློན་ཆེན་པོ་མང་པོས་བཻ་རོ་ཙ་ནར་ཕྲག་དོག་དང་སྡང་སེམས་སྐྱེས་ནས་ངན་ཇུས་བཀོད་དེ་སློབ་དཔོན་བཻ་རོ་ཙ་ན་གསོད་ཐུབ་དང་སྤྱུགས་ཐུབ་བྱས་པ་རེད།
མཇུག་བསྡུ་བ།
          སློབ་དཔོན་བཻ་རོ་ཙ་ན་ནི་མདོ་སྔགས་གཉིས་ཀྱི་འགལ་བ་དང་བན་བོན་གཉིས་ཀྱི་འགལ་བ། བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ཀྱི་ཆོས་ལུགས་དང་ཆབ་སྲིད་དབར་གྱི་འགལ་འབྲེལ་སོགས་རྒྱུ་རྐྱེན་གསུམ་གྱིས་མཐར་རྒྱལ་མོ་ཚ་བ་རོང་དུ་སྤྱུགས་ཤིང་། འགལ་བ་འདི་དག་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་རྣོ་ངར་གྱི་འགལ་བ་དག་ཡིན་ལ། རྒྱ་བོད་ཀྱི་སློབ་དཔོན་དང་ལོ་ཙཱ་བ་ཆེན་མོ་རྣམས་འགལ་བ་དེའི་ཁྲོད་ནས་སྐུ་གཤེགས་ཤིང་དེས་སྤུ་རྒྱལ་བཙན་པོའི་སྤྱི་ཚོགས་གོང་འཕེལ་དུ་འགྲོ་བར་བཀག་ཆེན་པོ་བཟོས་ཡོད། 
          ཡང་རྒྱུ་རྐྱེན་འདི་དག་ལ་དཔྱད་པ་བཏང་ཚེ་བོན་ཕྱོགས་ཀྱིས་སློབ་དཔོན་བཻ་རོ་ཙ་ན་བན་དེ་ཆོས་ཀྱི་ཁ་འཛིན་དུ་བརྩིས་པ་དང་། བན་དེ་ཆོས་ལ་དད་པ་རྣམས་ཀྱིས་བཻ་རོ་ཙ་ན་བོན་ཆོས་དར་སྤེལ་དུ་གཏོང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཏུ་ངོས་བཟུང་ཡོད། དོན་དམ་དུ་སློབ་དཔོན་བཻ་རོ་ཙ་ན་ཆོས་ལུགས་གང་གི་ཕྱོགས་འཛིན་ཡིན་ནམ་ཞེ་ན། སློབ་དཔོན་བཻ་རོ་ཙ་ན་ནི་གྲུབ་མཐའི་འཐེན་འཁྱེར་གྱི་ཉེས་འོག་ཏུ་མ་ཚུད་པར་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མེས་པོ་ཡིན་ཞེས་བརྗོད་པར་སྤོབས་ཏེ། 《གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ》དུ་“བན་བོན་གྲུབ་མཐའ་དྭོགས་པས་བཅིངས་ཚུལ་ནི༔ གཅིག་བསྟན་གཅིག་གིས་སྐྱོང་བ་མི་བགྱི་ན༔ མེ་དང་ཆུ་གཉིས་གཤད་མ་ཕྲད་པ་བཞིན༔ བཻ་རོར་བོན་པོ་རྣམས་ཀྱིས་བན་དྷེ་ཟེར༔ བན་དྷེ་རྣམས་ཀྱིས་བོན་པོ་ཟེར་བ་དང༔ ཀུན་གྱི་གྲུབ་མཐའ་རྣམས་དང་མཐུན་མ་གྱུར༔” ཞེས་དང་། ཡང“བོད་ཡུལ་རྒྱལ་པོ་ཆེན་པོའི་མངའ་འོག་ཏུ༔ རིགས་རུས་ཡོན་ཏན་བཟང་པོའི་ཁྱད་པར་རྣམས༔ བོད་ཀྱི་ལོ་ཙྪ་ཆེ་ཆུང་མ་མཆིས་པ༔ རྒྱ་གར་ཡུལ་ཡུལ་དུ་བགྲོད་པ་འདྲ་འདྲ་ལ༔ དཀའ་བའི་ལས་ལ་ཆེ་ཆུང་ག་ལ་མཆིས༔ བཻ་རོ་མིན་ཀྱང་གླེགས་བམ་གྲངས་སུ་བསྒྲངས༔ བསམ་ཡས་ཆོས་སྒྲ་སྒྲོག་པ་སུ་ཡིས་བགྱི༔ བཻ་རོ་འདི་ལ་རྒྱལ་པོས་འདི་ཙམ་ཞིག༔ ཆེ་བ་མཛད་ཅིང་བླ་ཡི་མཆོད་གནས་བཀུར༔ བདག་ཅག་རྣམས་ནི་ཐ་མའི་གྲལ་ལ་བཞག༔ བཻ་རོ་འདི་ཡང་མཁས་པའི་སྒྲ་བོ་ཆེ༔ དེ་ཡང་མ་ཟད་བཻ་རོ་བོན་ལ་ཕྱོགས༔ བོན་འདི་བསམ་ཡས་མཆོད་གནས་བཞག་གྱུར་ན༔ ཆོས་ནི་ཅིས་ཀྱང་མི་དར་ནུབ་ལ་འགྲོ༔ བོན་ལ་སྨད་ཀྱང་བཻ་རོ་སྟབས་མི་འགྲིག༔ རང་རེས་བོན་ཆོས་ཁྱད་དུ་གསོན་ན་ཡང་༔ བཻ་རོ་བན་བོན་ཁྱད་མེད་ཐ་སྙད་བཏགས༔ སློབ་དཔོན་གཅིག་ལ་སློབ་མ་མི་འདྲ་བ༔ འདི་ཡང་མི་འཐད་འགལ་བའི་རིགས་འདུག་པས༔ བཻ་རོ་འདི་དང་རྩོད་པ་ཞིག་བྱེད་ན༔ ཡང་ན་བཻ་རོ་ཕམ་དང་རྒྱལ་བ་དང་༔ ཡང་ན་རང་རེ་ཕམ་དང་རྒྱལ་བ་བྱུང་༔ གལ་སྲིད་རང་རེ་ཕམ་པའི་གྲལ་བཞག་ན༔ རྒྱལ་པོའི་ཁྲིམས་ཀྱི་རང་རེར་ཆབ་གསོལ་ངེས༔ བཻ་རོ་ས་མཐར་སྤྱུགས་པའི་ཐབས་གཅིག་བརྩམས༔ དེ་སྐད་ལོ་ཙྪ་ཕལ་ཆེར་མཐུན་པར་གྱུར༔ ཀུན་གྱིས་འདི་ལ་བྱ་ཐབས་གཞན་མེད་ཅིང་༔ རྒྱ་གར་ཆོས་དང་མི་འདྲ་ཡིན་ལུགས་ཀྱིས༔ འདི་ན་མུ་སྟེགས་རིགས་ཀྱིས་ཆོས་འདུག་གི༔ བསྒྲོ་བཀུར་བཏགས་ན་འདི་ཡིས་ཐད་དུ་འདུག་གླེང༔” ཞེས་བན་བོན་ཕྱོགས་གཉིས་ཀའི་བཻ་རོ་ཙ་ན་མུ་སྟེགས་པར་ངོས་འཛིན་བྱས་ཤིང་། བན་མིན་བོན་མིན་གྱི་སྣང་བརྙན་ཞིག་ཏུ་གྲུབ་ཡོད། དོན་དམ་པར་སློབ་དཔོན་བཻ་རོ་ཙ་ནས་དུས་རབས་བརྒྱད་པའི་སྐབས་སུ་བོད་ཀྱི་ཆོས་ལུགས་རིག་གནས་འཕེལ་རྒྱས་སུ་གཏོང་བར་དམིགས་ཏེ་བན་བོན་དབྱེར་མེད་དམ་རིས་མེད་རིང་ལུགས་ཀྱི་དགོངས་པ་སྤྱད་དེ་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས་འཕེལ་རྒྱས་ཀྱི་ཐད་ལ་མཛད་རྗེས་ཆེན་པོ་བཞག་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་ནང་ཁྱོད་བོན་དང་ང་བན་ཞེས་ཕན་ཚུན་ལ་སྡང་མིག་གིས་བལྟ་བ་དང་། བོན་གྱིས་བན་གྱི་ཆོས་ལུགས་རིག་གནས་མི་སློབ་ཀྱང་བན་གྱིས་བོན་གྱི་ཆོས་ལུགས་རིག་གནས་ལ་ཞིབ་འཇུག་མི་བྱ་བའི་གནས་ཚུལ་དག་གིས་བོད་བྱིངས་ཀྱི་ཆོས་ལུགས་རིག་གནས་དར་རྒྱས་ཀྱི་ཕྱོགས་ལ་གྱོང་ཆེན་པོ་ཐེབས་ཀྱིན་ཡོད། དེ་བས་ང་ཚོས་རང་རེའི་སློབ་དཔོན་བཻ་རོ་ཙ་ནའི་གྲུབ་མཐའ་རིས་མེད་ཀྱི་དགོངས་པ་དང་ཐུགས་རྒྱུད་ཡོན་ཏན་ལ་སློབ་སྦྱོང་བྱས་ཏེ་བོད་མི་རིགས་སྤྱིའི་ཤེས་རིག་གོང་འཕེལ་དུ་གཏོང་རྒྱུ་ནི་ཤིན་ཏུ་གལ་ལོ།།
ཟུར་ལྟའི་ཡིག་ཆ།
1 མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 1987ལོའི་པར་གཞི།
2ཆོས་འབྱུང་མཁས་པའི་དགའ་སྟོན།དཔའ་བོ་གཙུག་ལག་ཕྲེང་བས་བརྩམས།མི་རིགས་དཔེ་སྐྲུན་ཁང་། 2006ལོའི་པར་གཞི།
3 གུ་རུའི་རྣམ་ཐར་བསྟན་འབྱུང་ཡིད་བཞིན་རིན་པོ་ཆེ་ཀུན་སྣང་གསལ་བའི་སྒྲོན་མེ། དབུ་མེད་བྲིས་མ། གཡུང་དྲུང་བོན་གྱི་བཀའ་རྟེན་འགྱུར་ཁྲོད་དུ་བཞུགས་སོ། 
4 བཻ་རོའི་རྣམ་ཐར་འདྲ་འབག་ཆེན་མོ། གཡུ་སྒྲ་སྙིང་པོ་སོགས་ཀྱིས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1995ལོའི་པར་ཐེངས་དང་པོ།
5 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ཉང་ཉི་མ་འོད་ཟེར་གྱིས་བརྩམས། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་། 2010ལོའི་པར་གཞི།
6 བཀའ་ཐང་སྡེ་ལྔ། གུ་རུ་ཨུ་རྒྱན་གླིང་པས་ཡར་ཀླུངས་ཤེལ་གྱི་བྲག་ཕུག་ནས་བཏོན། མི་རིགས་དཔེ་སྐྲུན་ཁང་། 1986ལོའི་པར་གཞི།
7 མདའ་དང་འཕང་། སྟོད་ཆ། སྨད་ཆ། མཁར་རྨེའུ་བསམ་གཏན་གྱིས་བརྩམས། བདེ་ཁང་བསོད་ནམས་ཆོས་རྒྱལ་གྱིས་བསྒྱུར། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007ལོའི་པར་ཐེངས་དང་པོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1