གསེར་ཐར་རྫོང་གིས་ནག་ཚོགས་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་ལ་ཆེས་མཐོའི་བྱ་དགའ་སྒོར་ཁྲི5སྤྲད་རྒྱུའི་ནང་རྐྱེན་བཙུགས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-19


        གསར་འགོད་པས་གསེར་ཐར་རྫོང་དུ་བཅའ་འདྲི་བྱེད་སྐབས། བརྡར་ཚང་ཤང་སྒར་རུ་མ་གྲོང་སྡེ་དང་པོའི་སྡེ་དམངས་ཤིག་གིས་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆིག་སྒྲིལ་ཀྱི་ནུས་པར་བརྟེན་ནས། མ་འོངས་པར་རྒྱལ་ཁབ་དང་ཐུན་མོང་།མང་ཚོགས་བཅས་ཀྱི་ཁེ་ཕན་ལ་གནོད་འཚེ་བ་གཏོང་   མཁན་དང་ཧམ་ཤེད་ཀྱིས་སྡེ་དབང་འཕྲོག་མཁན་གྱི་ནག་ཚོགས་སྦྱོར་ངན་ཡོངས་རྩ་བ་ནས་མེད་པར་གཏོང་རྒྱུ་ཡིན་པས།མི་དམངས་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་འཇགས་དང་འཆམ་མཐུན་བརྟན་བརླིང་ཡོང་ངེས་ཡིན་རེད་ཅེས་ཧ་ཅང་སྤྲོ་བའི་ཉམས་ཀྱི་གསར་འགོད་པར་དེ་ལྟར་བཤད་བྱས་པ་རེད།
        གསེར་ཐར་རྫོང་ཨུའི་རྒྱུན་ཨུ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི། རྫོང་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྫོང་ནག་སེལ་གཤེད་འཇོམས་གཞུང་ལས་ཁང་གི་འགོ་འཛིན་བློ་བཟང་ནམ་མཁའ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། གསེར་ཐར་རྫོང་ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་ལག་བསྟར་དོན་འཁྱོལ་ཡོང་ཆེད། རྫོང་ཡོངས་ཀྱི་མང་ཚོགས་ཡོངས་ལ་སྐུལ་སློང་དང་བྱེད་སྒོར་འདིར་ཞུགས་ནས་ནག་ཚོགས་སྦྱོར་ངན་གྱི་ཁུངས་སྣེ་ཞུ་གཏུག་བྱེད་པ། ནག་ཚོགས་ཁྲམ་སྦྱོར་གྱི་ཁྲིམས་འགལ་རིགས་བཅའ་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏང་དགོས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་སྒྲིག་སྲོལ་གྱི་གཏན་འབེབས་དང་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་དགོས་མཁོ་ལྟར།《གསེར་ཐར་རྫོང་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ཀྱི་ཞུ་གཏུག་གི་བྱ་དགའི་བྱེད་ཐབས》གཏན་འབེབས་བྱས་པ་རེད།
        བྱ་དགའི་བྱེད་ཐབས་འདིར་ནག་ཚོགས་ཁྲམ་སྦྱོར་གྱི་ཁུངས་སྣེ་འདོན་སྤྲོད་བྱ་ཡུལ་གྱི་བྱེ་བྲག་གི་ཁྱབ་ཁོངས་གཏན་འཁེལ་བྱས་ཤིང་། མཚོན་ཆ་ཐོགས་ནས་རུབ་འཛིང་དང་རྙོག་དྲ་སློང་བ། དོན་མེད་ཀླད་འཚོལ་མཁན་གྱི་ནག་ཚོགས་སྟོབས་ཤུགས་རྩ་འཛུགས་དང་། ཞིང་འབྲོག་མང་ཚོགས་འདེམས་བསྐོས་ལས་དོན་ལ་བཙན་ཤེད་དང་ལྐོག་རྔན་སྤྲོད་པ། ཁེ་ཕན་སྟེར་བ་སོགས་བརྒྱུད་དེ་འདེམས་བསྐོས་ལམ་ལུགས་ལ་གཏོར་བཤིག་གཏོང་བ། རྒྱལ་ཁབ་དང་ཐུན་མོང་། མང་ཚོགས་ཀྱི་ཁེ་ཕན་ལྡོག་ཕྱོགས་ཀྱི་གནོད་འཚེ་བ་གཏོང་བ་དང་དབང་ཆ་སྒེར་གཅོད་མཁན་གྱི་ནག་ཚོགས་སྟོབས་ཤུགས། ལས་ཆོད་མེད་པ་དང་སྤྱོད་ངན་ཅན། ཐབས་ཤེས་མི་ལེགས་པ་བཀོལ་ནས་མང་ཚོགས་ལ་གཉའ་གནོན་བྱེད་པ། དམངས་ཕན་རོགས་དངུལ་སྤྲོད་པའི་གོ་རིམ་ཁྲོད་གཉེན་དང་གྲོགས་ཀྱི་གཙོ་བོ་བྱེད་པའི་སྒེར་སེམས་དང་ལྐོག་ཟ་བྱེད་པའི་རིམ་པ་ཁག་གི་ལས་བྱེད་པ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་ལ་གཏོར་བཤིག་གཏོང་བ། ཁྱིམ་རྒྱུད་དང་ཆོས་ལུགས་ཀྱི་སྟོབས་ཤུགས་བེད་སྤྱད་དེ་སྡེ་དབང་སྒེར་གཅོད་བྱེད་མཁན། ཚོང་ར་ཁག་དང་ལས་གྲྭ་ཁག་ཏུ་བཙན་ཤེད་ཀྱི་ཧམ་འཕྲོག་གཡོ་སྦྱོར་བྱེད་པ་དང་། ལྷག་པར་དུ་ནོར་ལུག་དང་ཉ། བྱ་སོགས་སྲོག་ཆགས་རྣམས་བཙན་འཕྲོག་བྱེད་པ། དེ་བཞིན་བཙན་ཤེད་ཀྱི་ལས་གྲྭ་འཕྲོག་རྩོད་དང་སྲུང་སྐྱོང་བྱེད་རིན་བསྡུ་བ་སོགས་རྒྱུན་ལྡན་གྱི་ཐོན་སྐྱེད་ཚོང་གཉེར་གྱི་སྒྲིག་སྲོལ་ལ་གཏོར་བཤིག་བྱེད་པའི་སྤྱོད་ངན་ཐ་ཤལ་རིགས། ལག་ཁྱེར་གང་ཡང་མེད་པའི་འཕྲུལ་འཁོར་རིགས་ཚོང་གཉེར་དང་སྐྱེལ་འདྲེན། རྐུ་འཕྲོག་བྱེད་པའི་ཚོགས་ཁག མཚོན་ཆ་དང་ཉལ་དུད་སོགས“འཕྲོག་སྦྱོར་གཉིས་དང་ཁྲམ་ལས་གསུམ”གྱི་མཚོན་པའི་སྨད་ཚོང་དང་རྒྱན་འཇོག་ཁང་ཚོང་གཉེར་དང་སྐྱེལ་འདྲེན་བྱེད་མཁན་གྱི་ཚོགས་ཁག དབང་ཆ་བེད་སྤྱད་དེ་ནག་ཚོགས་ཀྱི་སྦྱོར་ངན་ལ་འགེབ་སྲུང་བྱེད་པ། རྩད་གཅོད་ཀྱི་གནས་ཚུལ་སོགས་འདོན་སྤྲོད་བྱེད་མཁན། ལྐོག་རྔན་སྤྲད་པའི་རྒྱབ་རྟེན་བྱེད་མཁན་དང་འབྲེལ་བའི་དྲྭ་རྒྱ་སོགས་ཐད་བརྒྱུད་གང་རུང་ནས་ནག་ཚོགས་སྦྱོར་ངན་ལ་རྒྱབ་སྐྱོར་བྱེད་པའི་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པ། ཁྲིམས་དང་འགལ་ནས་དངུལ་བུན་གཏོང་བ་དང་གཞུང་དངུལ་བདག་འཛིན། སྐྱེད་ཀ་མཐོན་པོ་གཏོང་བ། བཙན་ཤེད་ཀྱིས་བུན་ལོན་བསྡུ་བའི་ནག་ཚོགས་སྟོབས་ཤུགས། དམངས་ཁྲོད་གྱོད་དོན་ཐད་ལག་བསྲིང་བ། ཁྲིམས་འགལ་གོང་ཞུ་བྱེད་པ་དང་མཉམ་རུབ་ཀྱིས་གོང་ཞུ་བྱེད་པ་སོགས་ནག་ཚོགས་སྦྱོར་ངན། རྩད་གཅོད་མ་ཐུབ་པའི་ཁྲིམས་འགལ་གྱི་མེ་མདའ་དང་གྱོད་དོན་དང་འབྲེལ་བའི་དོགས་ཡོད་ཉེས་ཅན། ཞིང་འབྲོག་ས་ཁུལ་གྱི་སྤྱི་ཚོགས་ཀྱི་ནག་ཚོགས་སྦྱོར་ངན་གྱི་སྟོགས་ཤུགས་ཡོང་ཁུངས་སྣེ་འདོན་བྱ་ཡུལ་གྱི་ཁྱབ་ཁོངས་སུ་འདུས་ཡོད་པ་རེད།
        ཤེས་རྟོགས་བྱུང་བ་ལྟར་ན།སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས་དོན་དངོས་ར་སྤྲོད་གནང་རྗེས། ནག་ཚོགས་རྩ་འཛུགས་ཀྱི་ཉེས་མིང་བཏགས་ནས་ཞུ་སྦྱོར་བྱེད་པ་དེ་བདེན་པ་ཡིན་ཕྱིར་ཞུ་གཏུག་བྱེད་མཁན་ལ་ཆེས་མཐོའི་བྱ་དགའ་སྒོར50000སྟེར་རྒྱུ་ཡིན་པ་རེད།
        རྫོང་དེས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་། སྐྱིད་སྣང་བཅས་ཇེ་དྲག་ཏུ་གཏང་ཕྱིར། ནག་སེལ་ཤེད་འཇོམས་དང་ཁྲམ་སྦྱོར་རྩ་མེད་གཏང་རྒྱུའི་ཐད་བཀོད་སྒྲིག་གང་ལེགས་བྱས་ནས་ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་དང་བརྟན་བརླིང་སྲུང་སྐྱོང། དབུལ་ཐར་འགག་སྒྲོལ་དང་བདེ་འཇགས་ཀྱི་ཁྱབ་ཁོངས་ནང་གི་སྤྱོད་ངན་སོགས་བསྡུས་ཀྱིས་དག་ཐེར་དང་བཅོས་སྐྱོང་བྱས་ཏེ། བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་འཛུགས་སྐྱོང་བྱས་པ་རེད། ཡུལ་གྲོང་གི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཐབས་ཇུས་ཞིབ་གསལ་གཏན་འབེབས་བྱེད་པ་དང་། རིམ་པ་རེ་རེ་བཞིན་ལས་འགན་དོན་འཁྱོལ་བྱ་རྒྱུའི་ནང་རྐྱེན་བཙུགས་མཐར། སྒྲུབ་མཁན་སུ་དང་གྲུབ་འབྲས་ཅི་ཞིག་ཐོན་ཡོད་པ་ཁ་གསལ་གཏིང་གསལ་བྱས་པ་རེད། མཚན་མོའི་སློབ་གྲྭ་དང་མང་ཚོགས་ཚོགས་ཆེན། ཏང་ཡོན་གྱི “ཚོགས་གསུམ་ཁྲིད་གཅིག”སོགས་བརྒྱུད་དེ་དྲིལ་བསྒྲགས་དང་སྐུལ་སློང་བྱས་ཏེ། ཁྲམ་ལས་གཡོ་སྦྱོར་གྱི་རིགས་ཡོངས་ཚར་གཅོད་བྱེད། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ། གྲྭ་ཤག་རེ་རེ་བཞིན་སོང་ནས་ཚར་གཅོད་པའི་དགོས་པའི་དོན་སྙིང་ཡོངས་གོ་བརྡ་སྤྲད་དེ། ངོས་ཟིན་དང་ངེས་ཤེས་འདྲོངས་བར་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ལ་སྐུལ་སློང་བྱས་ཏེ་སྲིད་ཇུས་སྒྲོག་འགྲེལ་དང་བྱ་དགའ་གཏན་འཁེལ་བྱས་ཤིང་།ཁྱོན་ཡོངས་ནས་འཐེན་བཤེར་དང་རྩ་གཅོད་བྱས་ཏེ་ཚར་གཅོད་ཡུལ་གནད་ལ་འཁེལ་བར་བྱ་རྒྱུ་རེད། ཉེ་ལམ། རྫོང་ཡོངས་ཀྱི་ནོར་ལུག་བཤའ་བའི་དུས་སྐབས་དང་འཁེལ་ཡོད་ཅིང་། ཡུལ་གྲོང་སོ་སོ་དང་སྲིད་ཁྲིམས་ལས་ཁུངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ནོར་ལུག་བཤས་ནས་ཐོན་སྐྱེད་བྱེད་པར་བཀག་འགོག་དང་། བཙན་འཕྲོག་བྱེད་པའི་གྱོད་དོན་རྩ་གཅོད་ནན་མོ་བྱ་རྒྱུ་ཡིན་ལ།གནད་དོན་དེའི་རིགས་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ཐག་གཅོད་ནན་མོ་བྱེད་པ་དང་། མང་ཚོགས་ཀྱི་འབྲོག་ལས་ཐོན་སྐྱེད་གོང་འཕེལ་དུ་གཏོང་བའི་བརྩོན་སེམས་ལ་སྣེ་ཁྲིད་དང་སྲུང་སྐྱོང་བྱ་དགོས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1