དཔལ་རང་གྲོལ་ལམ་ཀུན་ཁྱབ་ནས།
བསླབ་གསུམ་ནོར་བུའི་མཛོད་འཆང་བ། །
རྗེ་དབོན་ནོར་བུ་བསམ་འཕེལ་ཞབས། །
དབོན་པོ་ནོར་བུ་བསམ་འཕེལ་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་སྦྲུལ་སྤྱི་ལོ་༡༧༠༡ལོར་ཨ་ལོ་གྲོང་དུ་ཡབ་ཨ་ལོ་ངག་དབང་ཚེ་རིང་དང་ཡུམ་གད་ཐོག་བཟའ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སི་ཏུ་པཎ་ཆེན་ལས་ལོ་གཉིས་ཀྱིས་གཞོན། སྔོན་སྤྲུལ་པའི་གཏེར་ཆེན་ཀློང་གསལ་སྙིང་པོ་སྡེ་དགེ་ཕེབས་ལམ་ཨ་ལོ་ཞེ་དགའ་ནས་བླ་མ་ཀུན་མཁྱེན་གྱིས་ཞབས་ནས་འཇུས་ཏེ་ཀར་བསྟན་ཉམས་ཆགས་འདི་ལ་ཐུགས་རྗེས་གཟིགས་དགོས་ཞེས་སྨྲེ་སྔགས་ཀྱིས་ནན་དུ་ཞུས་པས། སྐྱེ་བ་འདི་ལ་ཅི་བྱ་ཆེར་མེད། རྗེས་སོར་སྐྱེ་བ་གསུམ་ལ་ཕན་ངེས་པར་བྱེད་གསུངས་པའི་ཞལ་བཞེས་གནང་བ་ལྟར་གཏེར་ཆེན་ཀློང་གསལ་སྙིང་པོའི་སྐུ་སྐྱེ་ཡིན་ཞེས་གསུངས། ཆུང་དུས་ནས་ཁུ་བོ་བླ་མ་ཀུན་མཁྱེན་དང་སྐུ་ཡི་གཅེན་པོ་འཇམ་མགོན་སི་ཏུ་པཎ་ཆེན་སོགས་བསྟེན་ཏེ་སློབ་མའི་ཐུ་བོར་གྱུར། རབ་བྱུང་བཅུ་གཉིས་པའི་ལྕགས་གླང་༡༧༢༡ལོ་སྟེ་འཇམ་མགོན་བླ་མ་སི་ཏུ་པཎ་ཆེན་དབུས་ཕེབས་གཉིས་པའི་སྐབས་མཛོད་པའི་ཁུར་བཞེས་ཏེ་དབུས་སུ་ཕེབས། ཀུན་གཟིགས་ཞྭ་དམར་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་དང་ཀརྨ་པ་བྱང་ཆུབ་རྡོ་རྗེ་སོགས་རིས་སུ་མ་ཆད་པའི་བླ་མ་དུ་མའི་ཞབས་ལ་བསྟེན། རབ་བྱུང་བཅུ་གཉིས་པའི་ཆུ་སྟག་༡༧༢༢ལོའི་གནམ་ལོ་གསར་ཚེས་ནང་དུ་འཇམ་མགོན་བླ་མ་སི་ཏུ་པཎ་ཆེན་གྱིས་རྗེ་ཉིད་ལ་ཐུགས་དམ་གྱི་རྟེན་འཇམ་དབྱངས་དཀར་པོའི་ཞལ་ཐང་སྟོད་དུ་བཀའ་བརྒྱུད་གསེར་ཕྲེང་གི་སྐུ་ཕྲ་མོ་སོགས་ཡོད་པ་ཞིག་མཚོན་མདངས་བཅས་བྲིས་ཤིང་གནང་། ནག་པ་ཟླ་བའི་ཚེས་བཅོ་ལྔ་ནས་སི་ཏུ་པཎ་ཆེན་དང་། མ་ཡུམ་དྲུང་། དབོན་པོ་བསམ་གཏན་བཅས་ཀྱི་ལྷན་དུ་ལྷོ་ཁ་གཙོས་དབུས་གཙང་གི་ཡུལ་གྲུ་ཁག་ལ་ཞབས་ཐང་གིས་གནས་བསྐོར་ཕེབས། ལོ་དེའི་ཧོར་ཟླ་བཅུ་གཅིག་པའི་ནང་དུ་མཚུར་མདོ་བོ་ལུང་གི་གདན་ས་རུ་ཀུན་གཟིགས་འོད་མཚན་འཆང་བ་ཞྭ་དམར་ཅོད་པཎ་འཛིན་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱི་མདུན་ནས་བསྙེན་པར་རྫོགས། རབ་བྱུང་བཅུ་གཉིས་པའི་ཆུ་ཡོས་༡༧༢༣ལོར་འཇམ་མགོན་སི་ཏུ་པཎ་ཆེན་གྱིས་ཁམས་ཕྱོགས་སུ་དཔེ་རྒྱུན་དཀོན་པས་བསྟན་བཅོས་འགྱུར་རོ་འཚལ་བཞེངས་དགོས་པའི་བཀའ་ཕེབས་ལྟར་དངུལ་སྲང་བརྒྱད་ཅུའི་ཤོག་བུ་ཉོས་ཏེ་རྗེ་ཉིད་དང་གནས་སྒོ་ཆོས་རྒྱལ་ཟུང་གིས་གཞུ་སྙེའི་ཡིག་མཁན་ཐམས་ཅད་བསྡུས་ནས། འཕྱིང་པ་སྟག་རྩེའི་བསྟན་འགྱུར་གྱི་བུ་དཔེ་གནས་ནང་དུ་བཞུགས་པ་དེ་མ་ཕྱིར་ཞུས་ནས་བྲི་བཅུག་པས་ཟླ་བ་གཉིས་ཀྱི་ཁོངས་སུ་པོ་ཏི་ཉིས་བརྒྱ་དང་བཅུ་ལེགས་པར་གྲུབ། དེ་ནས་མ་ཡུམ་དང་ལྷན་དུ་བལ་ཡུལ་ཁོ་ཁོམ་དུ་གནས་གཟིགས་ཕེབས། རབ་བྱུང་བཅུ་གཉིས་པའི་ཤིང་སྦྲུལ༡༧༢༥ལོར་སྐུ་ཡི་གཅེན་པོ་འཇམ་མགོན་བླ་མ་སི་ཏུ་སྐུ་འཁོར་དང་ལྷན་ཁམས་སུ་ཕེབས། རབ་བྱུང་བཅུ་གཉིས་པའི་ཤིང་ཡོས་༡༧༣༥ལོར་དཔལ་རིག་འཛིན་ཆེན་མོ་ཀཿཐོག་ཚེ་དབང་ནོར་བུའི་ཞལ་དཀྱིལ་མཇལ་ཏེ་ཟབ་རྒྱས་སྨིན་གྲོལ་གྱི་ཆོས་སྐོར་དུ་མ་ཞུས་ནས་ཞབས་བརྟན་ཕུལ། སྨུག་པོ་འཇང་གི་ཡུལ་དུ་གདུལ་བྱར་ཕེབས། ས་ལུག་༡༧༣༩ལོར་འཇམ་མགོན་བླ་མ་འཇང་དུ་ཕེབས་ཏེ་བཅའ་ཡིག་དང་ཚོགས་སུ་བཅའ་བསྒྲིག་གི་བཀོད་པ་བྱས་པ་རྗེ་ཉིད་ཀྱིས་ལོ་ཙཱ་བསྒྱུར་བ་མཛད་ཅིང་འཇམ་མགོན་བླ་མའི་ལྷན་དུ་གདན་ས་དཔལ་སྤུངས་སུ་ཕྱིར་ཕེབས།
ཤིང་གླང་༡༧༤༥ལོར་དཔལ་རིག་འཛིན་ཆེན་མོའི་དྲུང་ནས་འཇམ་མགོན་བླ་མ་སི་ཏུ་པཎ་ཆེན་དང་ལྷན་དུ་རྡོ་རྗེ་རབ་བརྟན་མའི་བཀའ་བཏད་སོགས་ཞུས་ཤིང་། སི་ཏུ་དབུས་ཕེབས་གསུམ་པའི་སྐུ་འཁོར་དུ་ཕེབས་ཏེ་ཞྭ་དམར་བཅུ་པའི་སྤྲུལ་སྐུ་ངོས་འཛིན་དང་ཁྲི་འདོན་གྱི་སྐོར་ནས་ཞབས་ཞུའི་རོགས་དན་རྒྱ་ཆེན་མཛད། དེ་ནས་འཇམ་མགོན་བླ་མ་དང་ཀཿཐོག་རིག་འཛིན་ཆེན་པོ་ལྷན་རྒྱས་བལ་ཡུལ་དུ་ཕེབས། རབ་བྱུང་བཅུ་གསུམ་པའི་ས་སྦྲུལ་སྤྱི་ལོ་༡༧༤༩ལོར་འཇམ་མགོན་བླ་མ་དང་ཞྭ་དམར་མཆོག་སྤྲུལ་མི་ཕམ་ཆོས་གྲུབ་རྒྱ་མཚོ་སྐུ་འཁོར་གྱི་ལྷན་དུ་རང་དགོན་དུ་ཕྱིར་ཕེབས། ལྕགས་ལུག་༡༧༥༡ལོའི་མགོ་ཟླའི་ཚེས་གཅིག་ཉིན་འཇམ་མགོན་བླ་མའི་མདུན་ནཱ་ག་རཀྴ་དང་སྒྲོལ་དཀར་གྱི་དབང་སོགས་ཞུས་ཏེ་འཁོར་སློབ་ཚན་པ་དང་བཅས་འཇང་ཡུལ་དུ་གདུལ་བྱར་ཕེབས། ཆུ་སྤྲེལ་༡༧༥༢ལོའི་ཟླ་བ་བདུན་པའི་ནང་གདན་ས་རུ་ཕྱིར་ཕེབས།
མེ་བྱི་༡༧༥༦ལོར་དཔལ་ཡུལ་ལྷུ་འབི་བླ་མ་དཔལ་སྤུངས་གདན་སར་ཕེབས་ཏེ་སྐུ་ཞབས་ཞྭ་དམར་མཆོག་སྤྲུལ་དང་། འཇམ་མགོན་བླ་མ། རྗེ་ཉིད། དབོན་ཀརྨ། དབོན་བསམ་གཏན་བཅས་ཀྱིས་རཏ་གླིང་ཚེ་སྒྲུབ་སོགས་ཀྱི་དབང་དང་ཆོས་སྐོར་དུ་མ་ཞུས། མེ་གླང་༡༧༥༧ལོར་བསྙུན་ཚུལ་ཅུང་བསྟན་པས་ག་གུར་དང་ཆོས་དར་གཉིས་འཇམ་མགོན་བླ་མའི་མདུན་སྙན་ཞུ་ཕུལ་བར་བཏང་བས་ཞེ་འུ་མདོར་བཞུགས་པ་དང་མཇལ། སྐུ་རིམ་ཞབས་བརྟན་གང་ཟབ་བྱས་ཀྱང་སྐུ་ཚེའི་གདུལ་བྱ་རེ་ཞིག་རྫོགས་ཏེ་ཧོར་ཟླ་བཅུ་པའི་ཡར་ཚེས་ནང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། འཇམ་མགོན་བླ་མའང་དགོན་དུ་ཕེབས་གྲུབ་ནས་སྤུར་ལ་ལྷན་རྒྱས་ཀྱིས་ཕག་མོའི་ལྷོ་སྒོ་མཛད། བསོད་ནམས་རྒྱལ་ནས་སྤམ་གཏའ་སྒམ་ཆིངས་སོགས་བྱས་ཏེ། ཚེས་བཅུ་བཞི་ཉིན་སྤུར་ཁང་དུ་བཞུགས་སུ་གསོལ། སྐུ་ཞབས་ཞྭ་དམར་མཆོག་སྤྲུལ་དང་འཇམ་མགོན་བླ་མ་སོགས་ནས་ཕག་མོ་དང་། ཞུ་དག་མཁན་པོས་དགྱེས་རྡོར། ཀརྨ་བཀྲ་ཤིས་ནས་ཞི་ཁྲོ། མངའ་རི་བླ་མས་ཀུན་རིག་སྦྱིན་སྲེག་དང་། རྟ་མགྲིན་མགོན་པོས་ཆགས་མེད་གཅོད་ཀྱི་མེ་མཆོད་བཅས་ཀྱིས་སྤུར་འོད་བཞུ་མཛད། ཀརྨ་པའི་མདུན་དུ་གསེར་སྲང་གང་། དཔའ་བོ་དང་ཏྲེ་ཧོ། བཀྲ་ཤིས་ལྷུན་པོ། འབྲི་ཁུང་། འབྲུག་པ། བདེ་ཆོས་རྣམ་གཉིས། ཁམས་སྤྲུལ་བཅས་ལ་གསེར་ཞོ་ལྔ་རེ་དང་ཁ་བཏགས་སོགས་མགྱོགས་ཞུས་བསྔོ་རྟེན་དང་། ཇོ་ཤཱཀ་རྣམ་གཉིས་དང་མཚུར་ཕུ་ལྷ་ཆེན་སོགས་ལ་གསེར་ཞོ་ལྔ་རེ་དང་བལ་ཊཾ་རྡོ་ཚད། ངོར་མཁན་པོ་དང་ས་སྐྱའི་བདག་པོ་སོགས་ལའང་དེ་མཚུངས་ཕུལ། དེ་བཞིན་ཞྭ་དམར་མཆོག་སྤྲུལ་དང་འཇམ་མགོན་བླ་མ་དབུ་བཞུགས་ཀྱིས་རྗེ་དབོན་ཀརྨ་ངེས་ལེགས་དང་། ལོ་ཆེན་ཚེ་དབང་ཀུན་ཁྱབ།གཏེར་སྲས་ཆོས་སྐྱོང་དཔལ་ལྡན་སོགས་དགེ་འདུན་འདུས་པའི་སྡེས་ཀུན་རིག་གི་སྒོ་ནས་རུས་ཆོག་བཅས་དགོངས་རྫོགས་རྒྱ་ཆེན་བསྒྲུབས། སློབ་མའི་གཙོ་བོར་ལོ་ཆེན་ཚེ་དབང་ཀུན་ཁྱབ་སོགས་བྱོན་པ་དང་། གསུང་རྩོམ་ལ་རྒྱུད་བཞིའི་འགྲེལ་པ་ཞིག་ཡོད་སྐད་འདུག་ཀྱང་མཐོང་ཆོས་སུ་མ་གྱུར། །