རྔ་བ་ཁུལ་གྱི་རྒྱ་ཆེའི་ཞིང་ལས་པའི་བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ཞིང་ལས་པའི་བསམ་པའི་ཉམས་འགྱུར་དང་སྒྱུ་རྩལ་གྱི་འཇོན་ཐང་མངོན་པའི་ཆེད། ཟླ་9པའི་ཚེས་18ཉིན། རྔ་བ་ཁུལ་གྱི་ངལ་ལས་གསར་སྤེལ་ཁང་དང་ཞིང་ལས་པའི་ལས་ཀའི་འགོ་ཁྲིད་ཚན་ཆུང་གིས་གཙོ་སྒྲུབ་མཛད་ཅིང་། རྔ་བ་ཁུལ་རིག་གནས་རླུང་འཕྲིན་གསར་འགྱུར་ཅུས་དང་རྔ་བ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་མཉམ་སྒྲུབ་བྱས་པའི་རྔ་བ་ཁུལ་གྱི་ཞིང་ལས་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་འགྲན་སྡུར་སྐབས་དང་པོའི་ཕུལ་བྱུང་བརྩམས་ཆོས་འགྲེམ་སྟོན་དང་བྱ་དགའ་གནང་བའི་དགོང་ཚོགས་འབར་ཁམས་གྲོང་ཁྱེར་དུ་སྤེལ།
ཐེངས་འདིའི་ཞིང་ལས་པའི་རིག་རྩལ་བརྩམས་ཆོས་གསར་རྩོམ་འགྲན་སྡུར་གྱི་རྩོམ་རིག་གི་རིགས་ལ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། བྱིས་ཀློག་རྩོམ་རིག ཡིག་གཟུགས་དང་པར་རིས་ཀྱི་རིགས་ལ་མཛེས་རྩལ་དང་ཡིག་གཟུགས། པར་རིས་བཅས་འདུས་ལ། གླུ་དབྱངས་ཀྱི་རིགས་ལ་ཚིག་དང་དབྱངས་བཅས་རིགས་ཆེན་པོ་གསུམ་དང་ནང་དོན་ཕྱོགས་དགུའི་ཐད་ནས་བཀོད་སྒྲིག་བྱས་ཡོད། འགྲན་ཞུགས་བརྩམས་ཆོས་ལས་རྔ་བ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཟབ་མོ་མངོན་པར་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་རང་ཁུལ་གྱི་རྒྱ་ཆེའི་ཞིང་ལས་པ་རྣམས་ཀྱིས་དཀའ་སྤྱད་དང་འབད་བརྩོན། རྒྱལ་གཅེས་ཏང་གཅེས། ལས་བརྩོན་དྲིན་གཟོ། གསར་གཏོད་གསར་སྐྲུན་སོགས་ཀྱི་སྙིང་སྟོབས་ཀྱང་མཚོན་ཡོད།
འབར་ཁམས་གྲོང་ཁྱེར་གྱི་འགྲན་ཞུགས་པ་བསོད་ནམས་རྒྱ་མཚོས་བྱ་འགུལ་འདི་འདྲ་སྤེལ་བ་ནི་ང་ཚོ་ཞིང་ལས་པ་ལ་རྒྱབ་སྐྱོར་དང་ང་ཚོའི་སྒྱུ་རྩལ་བརྩམས་ཆོས་ལ་གདེང་འཇོག་བཟང་བོ་ཞིག་ཡིན་པས། ང་རང་སྙིང་ནས་དགའ་བོ་བྱུང་ཡོད། ངས་སྔར་བཞིན་རང་གི་པར་མིག་བརྒྱུད་དེ་རྔ་བའི་མཛེས་པ་མང་པོ་ཡུལ་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་ཟེར།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་དུ་ཁུལ་ཡོངས་ཀྱིས་བརྩམས་ཆོས1012འཚོལ་སྡུད་བྱས་ཡོད་ཅིང་། དེའི་ནང་དུ་རྩོམ་རིག་གི་རིགས་ལ་བརྩམས་ཆོས122ཡོད་པ་དང་། ཡིག་རིས་པར་ལེན་གྱི་རིགས་ལ་བརྩམས་ཆོས815ཡོད། གླུ་དབྱངས་ཀྱི་རིགས་ལ་བརྩམས་ཆོས75ཡོད། སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་། བྱིས་ཀློག་རྩོམ་རིག མཛེས་རྩལ། ཡིག་གཟུགས། པར་ལེན། གླུ་ཚིག གཞས་གདངས་བཅས་ཀྱི་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ་སོགས་བརྩམས་ཆོས81ལ་བྱ་དགའ་གནང་།