སི་ཁྲོན་བོད་རིགས་ས་ཁུལ་དུ་ཐུམ་འབུའི་ནད་ཡུལ་དེ་རང་དུ་གཞི་རྩའི་ཆ་ནས་འགོག་བཅོས་བྱེད་ཐུབ་པ་བྱུང་།
རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 09-25
གསར་འགོད་པར་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་ནས་ཤེས་རྟོགས་བྱུང་བར། ཐུམ་འབུའི་ནད་མཆེད་པའི་སི་ཁྲོན་བོད་རིགས་ས་ཁུལ་དུ་ནད་གཞི་དེ་ཡུལ་དེ་རང་དུ་གཞི་རྩའི་ཆར་འགོག་བཅོས་ཐུབ་ཀྱི་ཡོད་པ་རེད། ཧྭ་ཤིས་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པའི་གསོ་སྦྱོང་འོག འདི་ལོའི་ཟླ་6པ་བར། སི་ཁྲོན་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་མངོན་གསལ་དོད་ཤོས་ཀྱི་ས་ཁུལ་ཏེ་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རུ་ཉེ་བའི་ལོ་གཉིས་རིང་ཐུམ་འབུའི་ནད་སྨན་བཅོས་བྱེད་ཚད་ལྡབ་5མཐོ་རུ་ཕྱིན་ནས་ཐུམ་འབུའི་ནད་གཞི་རྩའི་ཆར་ཀྲོའུ་དེ་རང་དུ་བཅོས་ཐུབ་པ་བྱུང་ཡོད།
སི་ཁྲོན་བོད་རིགས་འབྲོག་ཁུལ་ནི་དེ་སྔོན་རང་རྒྱལ་དུ་ཐུམ་འབུའི་ནད་ཁྱབ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཞིང་། དེའི་ནང་དཀར་མཛེས་ཀྲོའུ་མངོན་གསལ་དོད་ཤོས་དང་ཆ་སྙོམས་ནད་གཞི་ཐོན་ཚད་1.86%ཟིན་གྱི་ཡོད། ཀྲོའུ་དེའི་གསེར་ཤུལ་རྫོང་དུ་ནད་གཞི་དེ་ཐོན་ཚད་དུས་སྐབས་ཤིག་རིང་12.09%ཟིན་ནས་ཡུལ་དེ་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་ལོ་མང་རིང་དཀར་མཛེས་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་བརྒྱུད་རིམ་ནང་ཐུམ་འབུའི་ནད་ཀྱི་བརྟག་དཔྱད་སྨན་བཅོས་རོགས་སྐྱོར་གཙོ་གནད་དུ་བཟུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཐུམ་འབུའི་ནད་ཀྱི་ནད་རིགས་གཙོ་བོར་རྣག་ཐོར་དང་ཆུ་ཐོར་གཉིས་ཡོད་པའི་ནང་ཆུ་ཐོར་རང་བཞིན་གྱི་ཐུམ་བུའི་ནད་དེ་འབྲས་སྐྲན་སྐྱེ་ཚུལ་དང་འདྲ་བ་མ་ཟད། འཆི་ཚད་94%ཡན་ཟིན་པས“འབུ་སྐྲན”ཞེས་ཀྱང་བརྗོད་ཅིང་། སི་ཁྲོན་བོད་རིགས་ས་ཁུལ་གྱི་ཐུམ་འབུའི་ནད་ལ་གཙོ་བོ་ཆུ་ཐོར་ཐོན་གྱི་ཡོད། 2015ལོ་ནས་བཟུང་། སི་ཁྲོན་ཞིང་ཆེན་གྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་སོགས་ཀྱི་སྲིད་ཇུས་སྤྱི་འདོམས་བྱས་པ་དང་ཆབས་ཅིག ཐུམ་འབུའི་ནད་གཞི་ཕོག་པའི་ནད་པ་མི་རེར་སྨན་རིན་སྒོར་ཁྲི་2.5ཁ་གསབ་སྤྲད་པས་ནད་གཞི་དེ་རིགས་བཅོས་སྐབས་སྨན་རིན་གང་ཡང་སྤྲོད་མི་དགོས་པ་དང་ནད་གཞི་དེ་རིགས་ཀྱི་ཤེས་རྟོགས་དང་སྨན་བཅོས་ལ་སྐུལ་འདེད་ཀྱང་ཐེབས་ཡོད།
2014ལོར། དཀར་མཛེས་ཀྲོའུ་རང་དུ་ཐུམ་འབུའི་ནད་ཀྱི་གཤགས་བཅོས་དང་ལེན་བྱེད་མཁན་ནད་པ་80ལྷག་ལས་མེད་ཅིང་། 2015ལོའི་ཟླ་11ནས་2018ལོའི་ཟླ་8པ་བར། ཀྲོའུ་དེའི་མི་དམངས་སྨན་ཁང་ལ་ཐོག་མའི་རིག་ཚན་7ནས་རིག་ཚན་30ལྷག་ཙམ་བར་འཕེལ་རྒྱས་ཕྱིན་པ་མ་ཟད། ཐུམ་འབུའི་ནད་ཀྱི་གཤགས་བཅོས་1400ཙམ་ལེགས་གྲུབ་ཟིན་ཡོད་པ་རེད། མིག་སྔར། དཀར་མཛེས་ཀྲོའུ་རུ་ཡུལ་དེ་རང་གི་སྨན་པ་མང་པོ་ཞིག་གིས་ཐུམ་འབུའི་ནད་ཀྱི་གཤགས་བཅོས་ཆེ་རིགས་རང་རྐྱ་འཕེར་བའི་ངང་བྱེད་ཐུབ་པས་ཐུམ་འབུའི་ནད་གཞི་རྩའི་ཆར་ཀྲོའུ་དེ་རང་དུ་བཅོས་ཐུབ་ཀྱི་ཡོད་པ་རེད།