བྲག་མགོ་རྫོང་གིས་ལོ་ལེགས་ཐོབ་པར་དགའ་བའི་ཞབས་བྲོ་འཁྲབ།
དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-26
འབྲས་བཟང་སྨིན་པའི་སྟོན་ཟླ་ར་བའི་ནང་བྲག་འགོ་རྫོང་ཉིན་མོ་ཤང་ཤྭ་ར་ཐང་དུ་དགའ་སྤྲོའི་རྣམ་པ་རབ་ཏུ་ཁེངས། ཉེ་ཆར། ཤྭ་ར་ཐང་གི་ཞིང་པ་ཚོས་མཐོ་སྒང་ལ་དམིགས་བསལ་ཡོད་པའི་བྱེད་ཐབས་སྤྱད་ནས་རང་ཉིད་ཀྱི་ལོ་ལེགས་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།
ཤྭ་ར་ཐང་ལ་ཤྭ་ར་ངལ་གསོ་རྒྱག་ས་ཞེས་ཟེར་སྲོལ་ཡོད་ཅིང་། སྟེང་ལྷ་ཡུལ་ནས་བབ་པའི་བཀྲ་ཤིས་པའི་ཤྭ་བའི་གཏམ་རྒྱུད་དང་འབྲེལ་བ་ཟབ་མོ་ཡོད་པའི་མཐོ་སྒང་གི་གྲོང་སྡེ་ཞིག་ཡིན་པ་རེད།《ལོ་ལེགས་ཀྱི་འཁར་རྔ》ཞེས་པའི་ཞབས་བྲོའི་སྐད་སྒྲ་ཡིས་གྲོང་སྡེ་ཀུན་ལ་ཁྱབ་དུས། གསེར་འོད་ཆེམ་ཆེམ་དུ་ཤར་བའི་ཤྭ་ར་ཆ་གཅིག་འཕག་མཆོང་བྱས་ཏེ་ལོ་ལེགས་དུས་ཆེན་གྱི་འགོ་བཙུགས་པ་རེད། རིག་གནས་སྣ་མང་མཉམ་དུ་འབྲེལ་ནས་ཤྭ་ར་ཐང་གི་མི་ཚོས་འཚོ་བར་དགའ་ཞེན་དང་ཧུར་བརྩོན་ཡར་སྐྱེད་ཀྱི་རྣམ་པ་མཚོན་བཞིན་པ་དང་།《གསེར་མདོག་ལྡན་པའི་ཤྭ་རས་དགའ་བའི་ཞབས་བྲོ་འཁྲབ》ཅེས་པའི་ཞབས་བྲོ་དེས་གཟིགས་མོ་བ་དག་གི་མིག་དབང་རབ་ཏུ་འཕྲོག ལང་ཚོ་དར་ལ་བབ་པའི《དུས་རབས་ཀྱི་ཞབས་བྲོ》དང《ལོ་ལེགས་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུ》ཞེས་པའི་ཞབས་བྲོའི་ཐོག་ནས་བདེ་སྐྱིད་ཀྱི་འཚོ་བ་ཉམས་སུ་མྱོང་ཐུབ་པ་དང་། གར་སྟེག་ཐོག《གྲོང་གསར་དུ་འཆམ་འཆམ་འགྲོ》ཞེས་པའི་ཟློས་གར་ཐོག་ནས་ཤྭ་ར་ཐང་གི་ཏང་གི་དྲིན་གཟོ་དང་མེས་རྒྱལ་ལ་དགའ་བའི་བརྩེ་སེམས་མཚོན་པ་རེད།
གླུ་ལེན་བྲོ་འཁྲབ་བྱས་རྗེས། གྲོང་སྡེ་དེས་ཤྭ་ར་ཐང་གི་ལོ་ན་ཆེ་བའི་མི་རྒན་དག་ལ་ཐུན་མོང་དུ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བར་མ་ཟད། ད་དུང་དཔེ་བཟང་ཁྱིམ་ཚང་དང་། སྤྱི་ཕན་བྱ་གཞག་སྒྲུབ་པར་དགའ་མཁན། ལས་ལམ་གསར་གཏོད་བྱེད་པར་སྣེ་ཁྲིད་མཁན། དཔེ་བཟང་གྲོང་མི། ཁྱིམ་མཚེས་གྲོགས་རོགས་གི་རོགས་པ་མི་བཟང་། མནའ་མ་བཟང་པོ། དངོས་པོ་རྙེད་ཀྱང་མི་གསང་མཁན། འབྲིང་རྒྱུགས་འཕྲོད་མཁན་རྩེ་གྲ་སོགས་སྔོན་ཐོན་མི་སྣ་ལ་གཟེངས་བསྟོད་བྱས་པ་རེད།
ཤྭ་ར་ཐང་གི་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཐེངས་འདིའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས། སྲོལ་རྒྱུན་གྱི་ཞིང་པའི་ཡ་རབས་ཚུལ་ལྡན་གྱི་རྨོ་འདེབས་ལས་ཀ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ཡིས་བརྗོད་དོན་གཙོ་བོ་བྱས་ནས། ཤྭ་ར་ཐང་གི་ལས་ལ་བརྩོན་ཞིང་། མཛའ་གྲོགས་དང་འཆམ་མཐུན་ཡོང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་ཐུབ་པའི་ཆེད་དུ། གྲོང་གསེབ་དར་སྤེལ་གཏོང་བའི་འབོད་སྐུལ་དང་ལེན་བྱས་ཏེ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་གང་ཐུབ་བྱས་ཏེ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཤྭ་ར་ཐང་བསྐྲུན་པར་འབད་བརྩོན་ལྷོད་མེད་བྱ་དགོས་ཅེས་བཤད་པ་རེད།།