བོད་ཀྱི་ས་གནས་ལོ་རྒྱུས་ཐོག་གི་རྒྱལ་ཚབ་འོས་མི།

གཡང་སྒྲོན་གྱིས་བརྩམས། འཇམ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28


[གནད་བཏུས] བོད་ཀྱི་ས་གནས་རྒྱལ་ཚབ་དང་རྒྱལ་ཚབ་ལམ་ལུགས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་རྒྱལ་ཚབ་ལོ་རྒྱུས་ཐོག་ཏུ་དཔེ་མཚོན་རང་བཞིན་དང་དམིགས་བསལ་རང་བཞིན་གྱི་ནུས་པ་ཞིག་ཐོན་ཡོད་པའི་ཁར། ལོ200ཙམ་ལ་ཉེ་བའི་རིང་བོད་ཀྱི་ས་གནས་ལོ་རྒྱུས་འཕེལ་རིམ་ནང་ཤུགས་རྐྱེན་གལ་ཆེན་ཐོན་ཡོད། དཔྱད་རྩོམ་འདིའི་ནང་དུ་བོད་ཀྱི་ས་གནས་ལོ་རྒྱུས་ཐོག་གི་རྒྱལ་ཚབ་ཀྱི་སྣང་ཚུལ་དང་། རྒྱལ་ཚབ་འོས་མིའི་གོམས་སྲོལ། དེ་བཞིན་རྒྱལ་ཚབ་འོས་མིའི་དཔེ་ཁྱད་པར་ཅན་བཅས་ལ་དམིགས་ཏེ། བོད་ས་གནས་ཀྱི་རྒྱལ་ཚབ་འོས་མིའི་ཁྱད་ཆོས་ལ་ཞིབ་འཇུག་བྱས་པ་དང་འབྲེལ་པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་དང་རྒྱལ་ཚབ་བར་གྱི་འབྲེལ་བར་དབྱེ་ཞིབ་གང་ལེགས་བྱས་ཡོད།


[གནད་ཚིག] བོད། རྒྱལ་ཚབ། འོས་མི། གོམས་སྲོལ། དཔེ་ཁྱད་པར་ཅན།


        “རྒྱལ་ཚབ”ཀྱིས་བོད་ཀྱི་ལོ་རྒྱུས་ཐོག་ནུས་པ་གལ་ཆེན་ཐོན་ཡོད།“རྒྱལ་ཚབ”ལ་ཞིབ་འཇུག་དང་དབྱེ་ཞིབ་བྱེད་པ་ནི་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དང་། མིག་སྔར་རིག་གཞུང་ལས་རིགས་ཁྲོད་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་མི་ཉུང་བ་ཞིག་ཡོད་ཅིང་། དེའི་གཙོ་གནད་ལྟར་རིགས་འདི་དག་ལ་དབྱེ་ཆོག་པ་སྟེ། རྒྱལ་ཚབ་ལམ་ལུགས་དང་། རྒྱལ་ཚབ་དཔོན་གནས། རྒྱལ་ཚབ་མི་སྣ་བཅས་ཀྱི་ཞིབ་འཇུག་ལ། མཚོན་བྱེད་རང་བཞིན་གྱི《བོད་ཀྱི་རྒྱལ་ཚབ་ལམ་ལུགས་ཀྱི་རྣམ་བཤད》② དང། 《བོད་ས་གནས་ཀྱི་རྒྱལ་ཚབ་དཔོན་གནས་ཞིབ་འཇུག》③དང《ཏཱ་ལའི་བླ་མ་དང་བོད་ཀྱི་རྒྱལ་ཚབ་སྟེ་ལོ་རིམ་ཞིབ་འཇུག》 ④སོགས་ཡོད། མིག་སྔར་གྱི་ཞིབ་འཇུག་གྲུབ་འབྲས་ལ་ཕྱིར་མིག་ཅིག་བལྟས་ཚེ། གཅིག་ནི་བསྡུས་བརྗོད་རང་བཞིན་སྐོར་གྱི་རྩོམ་ཡིག་ཅུང་མང་ཙམ་ཡོད་པ་དང་། གནད་དོན་བྱེ་བྲག་པ་ཞིག་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་ཅུང་ཉུང་། དཔེར་ན། པར་གཞི་རིགས་མི་འདྲ་བའི་རྒྱལ་ཚབ་ཀྱི་དུས་ཚོད་ཆ་ནས་ཀྱང་མགོ་རྔ་ཐོད་མི་ཐུག་པ་དང་། ཁུངས་འཚོལ་ར་སྤྲོད་བྱེད་དགོས་པ། ལོ་རྒྱུས་ཐོག་འགན་འཁུར་གྱི་དུས་ཚོད་ཐུང་བའི་རྒྱལ་ཚབ་མི་སྣར་ཞིབ་འཇུག་བྱས་པ་ཞིབ་ཚགས་མིན་པ། གཉིས་ནི་དོན་རྐྱེན་གཙོ་བོར་བྱེད་པ་དང་། ཡང་ན་མི་སྣ་སྒེར་གྱི་གྱོད་དོན་གཙོ་བོར་བྱེད་པ་དང་། དོན་དེ་རང་ལ་དམིགས་ནས་བཤད་པ་དང་། རྒྱལ་ཚབ་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་ལམ་ལུགས་སྤྱིའི་ལོ་རྒྱུས་ཁྲོད་ཀྱི་སྤྱི་ཁོག་རྟོག་ཞིབ་ལ་རེ་སྒུག་དང་། རྒྱལ་ཚབ་མི་སྣས་བོད་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་རིན་ཐང་ལ་རྟོག་ཞིབ་དང། རྒྱལ་ཚབ་དང་ཏཱ་ལའི་བླ་མ། མཐོ་རིམ་དཔོན་རིགས་བཅས་བར་གྱི་རྙོག་དྲ་ཆེ་ལ་འགལ་བ་ལྡན་པའི་དབང་ཤུགས་ཀྱི་མ་ལག་ལ་རྟོག་ཞིབ་བྱེད་དགོས། དཔྱད་རྩོམ་འདིའི་ནང་རྒྱལ་ཚབ་འོས་མིའི་བྱེ་བྲག་གི་ཁྱད་ཆོས་ལ་མདོ་འདུ་བར་བྱས་ཡོད་དོ། །


གཅིག བོད་ཀྱི་ས་གནས་ཐོག་གི“རྒྱལ་ཚབ”སྣང་ཚུལ།

        འདིའི་ནང་དཔྱད་བསྡུར་བྱས་པའི“རྒྱལ་ཚབ”ཀྱི་དབྱེ་མཚམས་ནི་དགའ་ལྡན་ཕོ་བྲང་སྲིད་དབང་གི་དུས་སྐབས་ཡིན་པ་དང་། ཆིང་རྒྱལ་རབས་སྐབས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བོད་ཀྱི་ས་གནས་ཆོས་སྲིད་ཀྱི་མགོ་གཙོར་བསྐོ་བཞག་གནང་རྗེས། ཏཱ་ལའི་བླ་མ་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་ནས་སྐུ་ཕྲེང་གསར་པས་སྐུ་དངོས་སུ་སྲིད་དབང་མ་བསྐྱངས་པའི་སྔོན་གྱི་ལས་ཚབ་གནང་བ་ཡིན།⑤ བོད་ས་གནས་རྒྱལ་ཚབ་ཀྱི་ལོ་རྒྱུས་ཀྱི་མགོ་ཚུགས་ས་དང་མཇུག་བསྡུ་བའི་དུས་ནི1757ལོ་ནས1950ལོའི་བར་ཡིན་ཏེ། ཆིང་རྒྱལ་རབས་དང་མིན་གོའི་དུས་སྐབས་གཉིས་ཐོད་བརྒལ་བྱུང་ཡོད་ཅིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་སྐུ་དངོས་སུ་སྲིད་བསྐྱངས་པའི་སྔོན་གྱི་མི་ལོ་ཉིས་བརྒྱར་ཉེ་བ་ཙམ་གྱི་བོད་ཀྱི་ལོ་རྒྱུས་དང་ཀུན་ནས་འབྲེལ་ཡོད་ལ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་དྲུག་དང་རྒྱལ་ཚབ་བཅོ་ལྔ་ཡོད། དེའི་ཡར་སྔོན་དུ་བོད་ཀྱི་ལོ་རྒྱུས་ཐོག“རྒྱལ་ཚབ”ཀྱི་ནང་དོན་ངེས་ཅན་ལྡན་པའི་མི་སྣ་དང་ལས་གནས་ད་དུང་ཡོད་ནའང་མ་ལག་རང་བཞིན་དང་ཚད་ལྡན་རང་བཞིན་ཞན་པའི་སྟབས་ཀྱིས། རྩོམ་འདིར་དེ་ནི་བོད་ཀྱི་ས་གནས་ལོ་རྒྱུས་ཐོག་གི“རྒྱལ་ཚབ་སྣང་ཚུལ”དུ་གྲགས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས་རྒྱལ་ཚབ་ལམ་ལུགས་དངོས་སུ་བཙུགས་མེད་པའི་གོང་གི་ལོ་རྒྱུས་ཀྱི་སྣང་ཚུལ་ཞིག་ཡིན་པ་དང་། དཔོན་གནས་དེ་དག་ལ་ཕྱིར་མིག་བལྟ་བ་དང་རྟོག་ཞིབ་བྱས་ན་ང་ཚོས་བོད་ཀྱི་ས་གནས“རྒྱལ་ཚབ”ཅེས་པའི་ཞིབ་འཇུག་བྱ་ཡུལ་འདི་ལ་སྔར་ལས་གཏིང་ཟབ་པའི་སྒོ་ནས་ངོས་འཛིན་གསལ་པོ་བྱེད་པར་ཕན་ཐོགས་ངེས་ཡིན།

        “རྒྱལ་ཚབ”ཅེས་པའི་ཐ་སྙད་འདི། བོད་ཡིག་ཏུ“རྒྱལ་ཚབ”ཅེས་རྒྱུན་སྤྱོད་བྱེད་བཞིན་ཡོད། བོད་སྐད་དུ“རྒྱལ་ཚབ”ཅེས་པའི་ཐ་སྙད་དེ་སྔ་དུས་སུ་བཀོལ་བ་ཤིན་ཏུ་ཉུང་ཞིང་། རྒྱལ་ཚབ་ཀྱི་མིང་བཏགས་པའི་མི་ཆེས་སྔ་ཤོས་ནི་རྒྱལ་ཚབ་མ་ཕམ་པ་ཡིན། 《བཀའ་འགྱུར》དུ་བཀོད་པ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པ་དགོངས་པ་མ་རྫོགས་གོང་དུ་ཁོང་གི་དགེ་ཕྲུག་བྱམས་པ་མགོན་པོ་རྒྱལ་ཚབ་ཏུ་བསྐོས་ནས་མིང་ལ་རྒྱལ་ཚབ་མ་ཕམ་པ་ཞེས་བཏགས་ཡོད།⑥ དེའི་རྗེས་སུ་རྗེ་ཙོང་ཁ་པའི་སློབ་མ་དར་མ་རིན་ཆེན་ལ་རྒྱལ་ཚབ་རྗེ་ཟེར་བ་ཡིན།“རྒྱལ་ནི་ཆོས་རྒྱལ་གྱི་དོན་ཡིན་པ་དང་། ཚབ་ནི་འཐུས་མིའམ་ཡང་ན་ངོ་ཚབ་ཀྱི་དོན་དང་། རྗེ་ནི་རྒྱལ་ཁ་ལེན་མཁན་ནམ་རིན་པོ་ཆེའི་དོན་ཡིན་ལ། ཚིག་གཅིག་གིས་བཤད་ན། དེ་ནི་རྗེ་ཙོང་ཁ་པའི་རྒྱུན་འཛིན་པ་དང་རྒྱུན་འཛིན་མཁན་ཞེས་པའི་དོན་ཡིན།”⑦ དེར་བརྟེན། སྐབས་དེའི་རྒྱལ་ཚབ་ཅེས་པ་ནི་ཆོས་བདག་གམ་ཡང་ན་ཆོས་རྒྱལ་གྱི་ཤུལ་འཛིན་མཁན་ཡིན་པས། ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པ་ལས། ཆབ་སྲིད་ཀྱི་དབང་ཤུགས་དང་འབྲེལ་བ་ཡེ་ནས་མེད།

        བོད་ཀྱི་ལོ་རྒྱུས་ཐོག་དགུང་ལོ་ཆུང་བ་ཁྲིར་མངའ་གསོལ་བ་ཐོག་མ་དང་། རྒྱལ་ཚབ་ལ་རོགས་འདེགས་བྱེད་མཁན་ནི་བོད་བཙན་པོའི་དུས་སྐབས་ཀྱི་བཙན་པོ་མང་སྲོང་མང་བཙན་གྱི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་ཡིན་ཞིང་། རྒྱའི་ལོ་རྒྱུས་ཡིག་ཚང་དུ“ཀླུ་སྟོང་བཙན”ཞེས་བཀོད་ཡོད། མགར་སྟོང་བཙན་ཡུལ་བཟུང་ནི་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོའི་བློན་ཆེན་གཙོ་བོ་ཞིག་ཡིན་པ་དང་བྱས་རྗེས་གཟེངས་སུ་ཐོན་ཡོད། དེའི་ཐད་ལ་རྒྱ་ཡིག་གི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ནང་གདེང་འཇོག་ཀྱང་ཧ་ཅང་མཐོ་སྟེ།“སྟོང་བཙན་ནི་ཡི་གེ་མི་ཤེས་པ་དང་བློ་རིག་གསལ་བ་ཙམ་ཞིག་མ་ཡིན་པར་དམག་མི་སྤྱོད་པའི་བཀོད་འདོམས་ཚད་དང་རན་པ་ཡིན།” ⑧ སྐབས་དེར“སྲོང་བཙན་འདས་པ་དང་། ཁོང་ལ་མྱ་ངན་ཞུས། སྲོང་བཙན་ལ་བུ་ཞིག་མེད་པ་ན། དེའི་ཚ་བོ་བཙན་པོ་གནང་ཞིང་། བཙན་པོ་ལོ་ན་ཕྲ་བ་དང་གཟུགས་པོ་ཞན་པ་དང་། སྲིད་དོན་མཐའ་དག་མགར་སྟོང་བཙན་ཡུལ་བཟུང་ལ་རག་ལས་པ་ཡིན།”⑨ འདི་ལས་རྟོགས་ཐུབ་པ་ཞིག་ནི། མགར་སྟོང་བཙན་ཡུལ་བཟུང་ནི་དོན་དངོས་སུ་བོད་ཀྱི་བཙན་པོ་མང་སྲོང་མང་བཙན་གྱི་རྒྱལ་ཚབ་ཡིན་ཞིང་། སྐབས་དེར་དེའི་རྗེས་ཀྱི“རྒྱལ་ཚབ”ཅེས་པའི་ཐ་སྙད་ཕར་མ་བཏགས་པ་ཙམ་ཡིན།

        འབྲོ་བཟའ་ཁྲི་མ་ལོད་ནི་བཙན་པོའི་དུས་སྐབས་སུ་བོད་རིགས་ཀྱི་ལོ་རྒྱུས་ཐོག་བུད་མེད་ཀྱི་རྒྱལ་ཚབ་དང་པོ་ཡིན་པ་དང་། ཁོང་གིས་བཙན་པོའི་དུས་སྐབས་སུ་བཙན་པོའི་རྒྱལ་རབས་གཉིས་ཀྱི་རྒྱལ་ཚབ་ཀྱི་འགན་བཞེས་ཤིང་། དེ་དག་ཚང་མ་བཙན་པོ་ལོ་ན་ཕྲ་བའི་སྟབས་ཀྱིས་བཙན་པོའི་རྒྱལ་རྒྱུད་འཛིན་དགོས་བྱུང་། སྤྱི་ལོ676ལོར། འདུས་སྲོང་མང་པོ་རྗེ་སྐུ་འཁྲུངས་ཤིང། ལོ་དེར་ཡབ་རྒྱལ་པོ་མང་སྲོང་མང་བཙན་འདས་པ་དང།“ཕ་འདས་པའི་གནས་ཚུལ་ལོ་གསུམ་ལ་གསང་བ་བྱས་པ་དང་། འདུས་སྲོང་མང་པོ་རྗེ་ལ་བཙན་པོའི་ཆོ་ལོ་བསྩལ་པ་དང། ཁོང་གི་ཨ་མ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་རྒྱལ་ཚབ་གནང་།”⑩ སྤྱི་ལོ704ལོར་སླེབས་དུས། ཁྲི་ལྡེ་གཙུག་བརྟན་སྐྱེས་ཤིང་། ལོ་དེར་ཡབ་རྒྱལ་པོ་འདུས་སྲོང་མང་པོ་རྗེ་གཡུལ་ལས་འདས་ཤིང་། རྒྱལ་སྲས་སྐུ་ན་ཕྲ་བའི་སྟབས་ཀྱིས། རྒྱལ་སྲིད་དེ་ཡབ་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་མ་ཡུམ་དང་། མེས་ཨག་ཚོམ(ཁྲི་ལྡེ་གཙུག་བརྟན་གྱི་མིང་གཞན)གྱི་རྨོ་བོ་འབྲོ་བཟའ་ཁྲི་མ་ལོད་ཀྱིས་ངོ་ཚབ་བྱས་ཡོད།”ལོ་རྒྱུས་དེབ་ཐེར་དུ་བཀོད་པ་ལྟར་ན། བུད་མེད་རྒྱལ་ཚབ་འབྲོ་བཟའ་ཁྲི་མ་ལོད་ནི་བློ་རིག་ལྡན་ཞིང་སྤྱང་གྲུང་འཛོམས་པ་དང་། དཔའ་ངར་ཆེ་ལ་ཐབས་མཁས་ཤིག་ཀྱང་ཡིན། བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་སྐབས་སུ། ཁོ་མོས་ཐབས་ཇུས་དམག་གུར་ནང་འདིང་བ་དང་ཉེས་ཆད་གཅོད་པ། ཁྲིམས་ཐག་བཅད་པ་དང་དེ་བཞིན་རྒྱུ་ནོར་གཙང་བཤེར་སོགས་ཀྱི་བྱ་ཐབས་སྤྱད་དེ་བཙན་པོའི་གོ་གནས་ལ་འཇིགས་སྣང་བསྐྲུན་པའི་མགར་ཁྱིམ་རྒྱུད་ཐག་གཅོད་ལེགས་འགྲུབ་ཡོང་བར་བྱས་ཡོད། 

        ཡོན་རྒྱལ་རབས་ཀྱི་བར་དུ། སོག་པོའི་རྒྱལ་པོས་དམག་སྟོབས་ཆེན་པོ་ལ་བརྟེན་ནས་བོད་འབངས་ཀུན་ཆབ་འོག་ཏུ་བསྡུས་པ་དང་སྦྲགས། བོད་ཀྱི“ནང་ཆོས་ལ་མངའ་བརྙེས་པའི་ས་སྐྱ་པཎྜི་ཏས” བཅོས་སྐྱོང་བྱས་ཤིང་། དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཐོག་གི་ས་སྐྱ་པའི་དབང་སྒྱུར་དུས་སྐབས་མགོ་ཚུགས་པ་ཡིན། སྐབས་དེར་ས་སྐྱ་ཆོས་རྒྱལ་ནི་བོད་ས་གནས་ཀྱི་མིང་ཐོག་གི་ཆོས་སྲིད་ཀྱི་མགོ་གཙོ་ཡིན་ནའང་ས་སྐྱའི་དཔོན་ཆེན་ནི་དོན་དངོས་སུ་ས་སྐྱས་དབང་སྒྱུར་སྐབས་ཀྱི་ཆེས་མཐོའི་སྲིད་འཛིན་དཔོན་པོ་དང་། བྱ་བ་དེ་དག་གི་གོ་དོན་ཐོག་ནས་བཤད་ན་ཏི་ཤྲི་ས་སྐྱ་ནི་བོད་ས་གནས་ཀྱི་རྒྱལ་ཚབ་པ་ཡིན་ཞེས་བཤད་ཆོག ས་སྐྱའི་དཔོན་ཆེན་གྱིས་ཏི་ཤྲིའི་སྐལ་ཞིང་དོ་དམ་བྱེད་པ་དང་། དོན་དངོས་ཐོག་དེ་ནི་མངའ་བདག་གིས་བསྐོས་པའི་ཁྲིམས་གཅོད་དཔོན་པོ་དང་། ཏི་ཤྲིས་འོས་སྦྱོར་བྱས་ནས་འགན་བཞེས་པར་མ་ཟད། ཞོར་དུ་དབུས་གཙང་བདེ་སྐྱོང་སིའི་དབུ་བཞུགས་བདེ་སྐྱོང་མངག་ཚབ་ཀྱི་འགན་བཞེས་དགོས་པ་དང་། དེ་ནི་གོང་མའི་འོག་གི་དབུས་གཙང་གི་ཆེས་མཐོའི་སྲིད་འཛིན་དཔོན་པོ་ཞིག་ཡིན། ཡོན་རྒྱལ་རབས་སྐབས་སུ་ཁྱོན་བསྡོམས་ས་སྐྱའི་དཔོན་ཆེན་ཉེར་བདུན་བྱུང་བ་དང་། ཀྲུང་དབྱང་སྒྲིག་གཞི་སྲིད་བསྒྲགས་གླིང་གི་ཁོངས་སུ་གཏོགས་པ་དང་ལས་གནས་བསྐོ་གཞག་བྱེད་པ་ཡིན། 

        1354ལོར་ཕག་གྲུ་ཁྲི་སྐོར་དཔོན་པོ་ཏ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དམག་དཔུང་གི་སྣེ་ཁྲིད་དེ་ས་སྐྱའི་དཔོན་ཆེན་སྲིད་དབང་གི་མགོ་རྟིང་བསློགས་ནས་བོད་ས་གནས་ལོ་རྒྱུས་སུ་ཕག་གྲུ་བཀའ་བརྒྱུད་ཀྱི་དུས་རབས་མགོ་བརྩམས། སྡེ་སྲིད་ཀྱིས་ཕག་གྲུ་བཀའ་བརྒྱུད་ཀྱི་སྲིད་དབང་བདག་ཏུ་བཟུང་། གླེང་རིན་ཡོད་པ་ཞིག་ནི་ཕག་གྲུ་བཀའ་བརྒྱུད་ཀྱི་སྡེ་སྲིད་སྐུ་ཕྲེང་བརྒྱད་པ་སྡེ་སྲིད་ངག་གི་དབང་པོ་སྐུ་གཤེགས་རྗེས་དཔོན་ཚབ་ཐེལ་གཏོང་ཞེས་པའི་རྒྱལ་ཚབ་དཔོན་པོ་བྱུང་། ཕག་གྲུ་སྐུ་ཕྲེང་བརྒྱད་པ་སྡེ་སྲིད་ངག་གི་དབང་པོ་དགུང་ལོ50ལོན་སྐབས་བུ་ཞིག་སྐྱེས་པ་དང། མིང་ལ་ངག་དབང་བཀྲ་ཤིས་ཟེར། ཁོང་འདས་སྐབས་ཏག་ཏག་བུ་ལོ་གཉིས་ཡིན། གནས་ཚུལ་གྱི་དགོས་མཁོའི་དབང་གིས་རིན་སྤུངས་པའི་ཁྱིམ་རྒྱུད་ཀྱི་མཚོ་སྐྱེས་རྡོ་རྗེ་ཞུས་ནས་ཕག་གྲུ་བཀའ་བརྒྱུད་ཆོས་སྲིད་ཀྱི་ལས་དོན་སྒྲུབ་པའི་འགན་བཞེས་སུ་བཅུག་ཅིང། འགན་བཞེས་པའི་དུས་ནི1490ལོ་ནས1499ལོ་སྟེ་ལོ་དགུའི་དུས་ཡུན་རེད། 

        1642ལོར་གུ་ཧྲི་ཧན་གྱིས་དམག་དྲངས་ནས་བོད་དུ་དགེ་ལུགས་པའི་དགའ་ལྡན་ཕོ་བྲང་གི་སྲིད་དབང་གཏན་ཁེལ་བྱེད་མགོ་ཚུགས་པ་དང་། 1751ལོར་ཆིང་རྒྱལ་རབས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པར་བོད་ས་གནས་ཀྱི་ཆོས་སྲིད་དབང་ཆ་དངོས་སུ་འཛིན་པའི་དབང་ཆ་སྤྲད་པའི་བར་ཡིན། དེའི་སྐབས་ཀྱི་ཏཱ་ལའི་བླ་མ་ནི་དོན་དམ་དུ་མིང་དང་མཚོན་རྟགས་ཀྱི་དོན་སྙིང་ལྡན་པའི་བོད་ཀྱི་ཆོས་སྲིད་ཀྱི་མགོ་གཙོ་ཡིན་པ་སྟེ། ཡོན་རྒྱལ་རབས་ཀྱི་དུས་སྐབས་དང་མཚུངས་པའི་ས་སྐྱའི་དཔོན་ཆེན་དང་། སྐབས་དེར་དོན་དངོས་སུ་སྲིད་སྐྱོང་མཁན་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སྐབས་ཀྱི་སྡེ་སྲིད་སྐུ་ཕྲེང་ལྔ་པ་དང་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་དུས་སྐབས་ཀྱི་ཕོ་ལྷོ་བ་མི་དབང་ཡིན།

གཉིས། རྒྱལ་ཚབ་འོས་མིའི་རྒྱུན་སྲོལ་སྐོར།

        བོད་ས་གནས་ཀྱི་རྒྱལ་ཚབ་ནི་གོ་གནས་མཐོ་ཞིང་དབང་ཆ་ཆེན་པོ་ལྡན་པ་དང་། རྒྱུན་དུ་ཤེས་བྱ་ཡོན་ཏན་དང་སྙན་གྲགས་ཆེན་པོ་ལྡན་པའི་བླ་སྤྲུལ་ཁྲོད་ནས་རྒྱལ་ཚབ་ཀྱི་འོས་མི་འདེམ་པ་དང་། རྒྱལ་ཚབ་བསྐོ་འཐེན་བྱེད་དབང་ཚང་མ་ཀྲུང་དབྱང་སྲིད་གཞུང་ལ་ཡོད། བོད་སྡོད་ཨམ་བན་གྱིས་ཆིང་རྒྱལ་རབས་ལ་རྒྱལ་ཚབ་འོས་མིའི་ཞུ་ཡིག་འབུལ་བ་དང་། གོང་མས་ཆོག་མཆན་གནང་བ་དང་། བཀའ་ཤོག་དང་དངུལ་སྤྲོད་རྒྱུ་ཡིན་པ་མ་ཟད་ནོ་མོན་ཧན་གྱི་ཆོ་ལོ་བསྩལ་ཏེ། དངོས་སུ་འགན་བཞེས་པའི་སྐབས་སུ་འགན་བཞེས་མཛད་སྒོ་འཚོགས་པ། མིན་གོའི་དུས་སྐབས་སུ་སྐབས་གཉིས་ལ་རྒྱལ་ཚབ་ཀྱི་འགན་འཛིན་བཞེས་པ་ཡང་ངེས་པར་དུ་གློག་འཕྲིན་ཐོག་ནས་ཀྲུང་དབྱང་སྲིད་གཞུང་ལ་ཡར་ཞུ་བྱེད་དགོས་པའི་ཁར་ཆོ་ལོ་སྤྲོད་དགོས། རྒྱལ་ཚབ་ཀྱི་འོས་མི་དང་འབྲེལ་ཡོད་སྐོར་ནས། ཆིང་རྒྱལ་རབས་ཀྱི་སྲིད་གཞུང་ཡིན་ན་གཏན་འབེབས་གསལ་པོ་ཞིག་བྱས་མེད་མོད། འོན་ཀྱང“གླིང་ཆེན་པོ་བཞི”ཡི་སྤྲུལ་སྐུ་དག་གིས་རྒྱལ་ཚབ་ཀྱི་འགན་བཞེས་པ་ནི་བོད་ས་གནས་ལོ་རྒྱུས་ཐོག་རྒྱལ་ཚབ་འོས་མིའི་རྒྱུན་སྲོལ་ཞིག་ཏུ་ཆགས་ཡོད།

        “གླིང་ཆེན་པོ་བཞི”སྟེ། དེ་མོ་སྤྲུལ་སྐུའི་གདན་ས་བསྟན་རྒྱས་གླིང་ནི། ལྷ་སའི་གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་ལོགས་ཤིག་ཏུ་ཆགས་ཡོད་ཅིང། དེ་མོ་སྐུ་ཕྲེང་དྲུག་པ་དང་བདུན་པ། དགུ་པ་བཅས་ཀྱིས་རྒྱལ་ཚབ་ལོ39རིང་གནང་ཡོད། ཚེ་སྨོན་གླིང་སྤྲུལ་སྐུའི་གདན་ས་ཚེ་སྨོན་གླིང་ནི། ར་མོ་ཆེ་གཙུག་ལག་ཁང་གི་ལྷོ་ནུབ་ཏུ་ཆགས་ཡོད། ཞི་བདེ་གླིང་དང་ཉེ་བར་ཡོད། ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་ལོ39རིང་རྒྱལ་ཚབ་གནང་། སྟག་ཚག་སྤྲུལ་སྐུའི་གདན་ས་ཀུན་བདེ་གླིང་ནི། ལྷ་སའི་ཕོ་བྲང་པོ་ཏ་ལའི་ལྷོ་ནུབ་ཏུ་ཆགས་ཡོད། སྟག་ཚག་སྤྲུལ་སྐུ་སྐུ་ཕྲེང་བརྒྱད་པ་དང་། བཅུ་པས་ལོ33རིང་རྒྱལ་ཚབ་གནང་། རྭ་སྒྲེང་སྤྲུལ་སྐུའི་གདན་ས་ཞི་བདེ་གླིང་ནི། ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་གི་ལྷོ་ནུབ་ཏུ་ཆགས་ཡོད། རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་དགུ་པ་དང་བཅུ་གཅིག་པས་ལོ་ངོ25རིང་ལ་རྒྱལ་ཚབ་གནང་།“གླིང་ཆེན་པོ”བཞིའི་སྤྲུལ་སྐུ་རྣམས་ཀྱིས་ཁྱོན་སྡོམ་ལོ136རིང་ལ་རྒྱལ་ཚབ་གནང་བ་དང་། སྤྱི་ལོ1757ལོར་རྒྱལ་ཚབ་ལམ་ལུགས་ལག་བསྟར་བྱས་པ་ནས1950ལོར་མཇུག་རྫོགས་པའི་བར་གྱི་ལོ་ངོ200ཉེ་བ་འདས་ཙམ་གྱི་ཕྱེད་ཀའི་དུས་ཚོད(ཞིབ་ཕྲའི་གནས་ཚུལ་གཤམ་གྱི་རེའུ་མིག་ལ་གཟིགས་རོགས།)བཟུང་ཡོད།

        དེ་མོ་ཧོ་ཐོག་ཐུ་སྐུ་ཕྲེང་དྲུག་པ་ཁོང་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་བོད་ས་གནས་ཀྱི་རྒྱལ་ཚབ་ཐོག་མར་གཏན་ཁེལ་གནང་ཞིང་། རང་ཉིད་ཀྱི་ཤེས་ཡོན་དང་སྙན་གྲགས་ལས་གཞན། དེ་བས་གལ་འགངས་ཆེ་བ་ཞིག་ནི་དེའི་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ཡིན། དེ་མོ་སྤྲུལ་སྐུ་མ་ལག་གི་མ་དགོན་ནི་དེ་མོ་ལྷ་ཁང་བློ་གསལ་གླིང་ཡིན་པ་དང་། ཆབ་མདོ་ན་སྐད་གྲགས་ཡོད་པའི་སྤྲུལ་སྐུ་འཕགས་པ་ལྷ་སྐུ་ཕྲེང་དང་པོས་སྤོ་བོ་དང་ཀོང་པོ་གཉིས་ཀྱི་འབྲེལ་མཚམས་སུ་འཛུགས་སྐྲུན་གནང་ཡོད་པ་དང་། དགེ་ལུགས་པའི་དགོན་ཆེན་འབྲས་སྤུངས་དགོན་པའི་ཀོང་པོ་ས་ཁུལ་གྱི་བུ་དགོན་གལ་ཆེན་ཞིག་ཀྱང་རེད། དེ་མོ་སྟོབས་ཤུགས་ངོ་མ་དེ་དེ་མོ་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་ལྷ་དབང་ཕྱོགས་ལས་རྣམ་རྒྱལ་གྱི་སྐབས་སུ་དར་མགོ་ཚུགས་པ་དང་། ཁོང་ལ་ཆོས་ལུགས་སྟེང་དུ་བླ་ན་མེད་པའི་སྙན་གྲགས་ལྡན་པས། འཕགས་པ་ལྷ་སྐུ་ཕྲེང་གསུམ་པས་སྤོ་བོ་སོགས་ས་གནས་ཀྱི་དགེ་ལུགས་པའི་དགོན་པ་ཡོད་ཚད་ཀྱི་སྤྱིའི་དགོན་བདག་གནང་དུ་བཅུག་ཡོད། དེ་མོ་སྐུ་ཕྲེང་བཞི་པ་ལྷ་དབང་བསྟན་འཕེལ་རྒྱལ་མཚན་གྱིས་གོང་མ་ཧྲུན་ཀྲི(ཐབས་སྐྱོང་རྒྱལ་པོ)ཁྲི་ལོ་དགུ་པར(1652ལོ)ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་ལྷན་དུ་པེ་ཅིན་ལ་ཕེབས་ཏེ་གོང་མ་ཧྲུན་ཀྲིས(ཐབས་སྐྱོང་རྒྱལ་པོ)གསོལ་རས་གནང་ཡོད། དེ་མོ་སྤྲུལ་སྐུ་སྐུ་ཕྲེང་བཞི་པ་ངག་དབང་ནམ་མཁའ་འཇམ་དབྱངས་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མཆོག་གི་སྐུ་མདུན་ནས་རབ་ཏུ་བྱུང་བ་དང། དགོན་སྡེ་དང་གཞིས་ཀ་འབོར་ཆེན་གནང་། དེ་ནས་བཟུང་། དེ་མོ་ཁོངས་གཏོགས་ཀྱི“དཔལ་འབྱོར་སྟོབས་ཤུགས་ཆེས་ཆེར་འཕེལ་བ་དང་། ཆོས་ལུགས་བྱེད་སྒོའི་ས་ཁོངས་ཡང་སྔར་ལས་རྒྱ་ཆེ་རུ་སོང་སྟེ། ཀོང་པོ་ས་ཁུལ་གྱི་དེ་མོ་བླ་བྲང་ལྟེ་བར་འཛིན་པ་དང་། དགོན་ཆེ་ཆུང་གཉིས་སུ་ཕྱེ་བ་དང་། གཞིས་ཀ་ཀོང་པོ་དང་སྤོ་བོ། དབུས་རྒྱུད་ཁམས་བཅས་སུ་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པའི་ཆོས་ལུགས་ཚོགས་པ་ཞིག་གྲུབ་ཡོད། ཀོང་པོ་དེ་མོ་འཕགས་པ་ཆོས་རྫོང་དགོན་གཙོ་བོར་བྱས་པའི‘ཀོང་པོ་དེ་མོ་བླ་བྲང’ནི་ས་ཁུལ་དེའི་ཆེས་ཆེ་བའི་བླ་སྤྲུལ་སྐུ་ཕྲེང་ཞིག་ཏུ་གྱུར་ཡོད།”གོང་གསལ་དེ་མོ་སྤྲུལ་སྐུ་སྐུ་ཕྲེང་གི་འཕེལ་རྒྱས་བརྒྱུད་རིམ་ལས་ང་ཚོས་མཐོང་ཐུབ་པ་ཞིག་ནི། དེ་མོ་སྤྲུལ་སྐུ་རིམ་བྱོན་དང། ཆབ་མདོའི་འཕགས་པ་ལྷ་སྐུ་ཕྲེང་རིམ་བྱོན། ཏཱ་ལའི་བླ་མ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ཚང་མའི་བར་ལ་འབྲེལ་བ་ཧ་ཅང་དམ་ཟབ་ཡོད་ཅིང་། ཆིང་ཀྲུང་དབྱང་དབང་འཛིན་ལས་ཁུངས་ཀྱིས་ཀྱང་མཐོང་ཆེན་ཐོབ་ཡོད་པ་རེད།

        ཚེ་སྨོན་གླིང་སྤྲུལ་སྐུས་རྒྱལ་ཚབ་ཀྱི་འགན་ཁུར་ནས་རྒྱལ་ཚབ་ཀྱི་འོས་མི་ནི་ཆིང་རྒྱལ་རབས་ཀྱི་གོང་མས་ཐད་ཀར་ཧོ་ཐོག་ཐུ་པེ་ཅིན་དུ་བཅའ་སྡོད་མངགས་གཏོང་གི་སྔོན་དཔེ་སྲོལ་བཏོད་ཡོད་པ་ཡིན་ཞིང་། དེ་ནི་བོད་ཀྱི་རྒྱལ་ཚབ་འོས་མིའི་ཐོད་བརྒལ་དང་ཁྱད་ཆོས་གསར་པ་ཞིག་རེད། དུས་མཚུངས་སུ། ཚེ་སྨོན་གླིང་སྤྲུལ་སྐུའི་རྒྱུད་ནི་དགའ་ལྡན་ཁྲི་པ་ལས་མཆེད་པའི་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་མ་ལག་ཅིག་ཡིན་པ་དང་། བོད་ཀྱི་ས་གནས་ལོ་རྒྱུས་ཐོག་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་དང་། སྐུ་ཕྲེང་གཉིས་པས་རྒྱལ་ཚབ་གནང་ཞིང་། ཏཱ་ལའི་བླ་མའི་ཡོངས་འཛིན་དང་དགའ་ལྡན་ཁྲི་པ་གཅིག་ཏུ་བཞེས་ནས་སྙན་གྲགས་ཆེ་ཞིང་། རེ་ཞིག་ལ་སྐད་གྲགས་ཡོངས་སུ་ཁྱབ་ཡོད་པ་རེད།

        གཞན་ཡང་རྗེ་དྲུང་སྤྲུལ་སྐུ་རིམ་བྱོན་ནི་བོད་དུ་ཤུགས་རྐྱེན་ཆེས་ཆེ་བའི་བླ་སྤྲུལ་གྱི་གྲས་ཤིག་ཡིན་པ་དང་། རྒྱ་ཡིག་གི་ལོ་རྒྱུས་དེབ་ཐེར་ནང་དུ་ཆིང་རྒྱལ་རབས་སྐབས་ཀྱི་ཏཱ་ལའི་བླ་མའི་འོག་རིམ་གྱི་ཧོ་ཐོག་ཐུ་ཆེན་པོ་གཉིས་ཀྱི་གྲས་སུ་བཞག་འདུག རྗེ་དྲུང་སྤྲུལ་སྐུ་དང་ཆིང་སྲིད་གཞུང་གི་འབྲེལ་བ་ནི་རྗེ་དྲུང་སྐུ་ཕྲེང་དྲུག་པ་ཧོ་ཐོག་ཐུ་ངག་དབང་དཀོན་མཆོག་ཉི་མའི་སྐབས་སུ་མགོ་ཚུགས་ཤིང་། 1689ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་བཀའ་དང་དུ་བླངས་ནས་གོར་ཥ་དང་ཇུན་གར་བར་གྱི་རྩོད་གཞི་བར་འདུམ་བྱེད་དུ་ཕེབས་ཤིང། དེའི་རྗེས་པེ་ཅིན་དུ་མཇལ་འཕྲད་ཞུ་བར་བསྐྱོད། ལྕང་སྐྱ་རོལ་པའི་རྡོ་རྗེས་གོང་མ་ཆན་ལུང(ལྷ་སྐྱོང་རྒྱལ་པོ)ལ། རྗེ་དྲུང་སྤྲུལ་སྐུ་སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་རྒྱལ་མཚན་གྱིས་དགའ་ལྡན་བྱིན་ཆགས་གླིང་གི་སྤྱིའི་མཁན་པོ་དང་པོ་བྱེད་པའི་འོས་སྦྱོར་བྱས་ཤིང་། རིག་པ་ནང་བྱན་ཆུད་པའི་སློབ་དཔོན་གྱི་ཆོ་ལོ་བསྩལ་པར་མ་ཟད་ཐམ་ག་གནང་།ཞི་བདེ་གླིང་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་ནང་གི་རབས་གཅིག་པའི་རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཆོས་ལྡན་དང་རབས་གཉིས་པའི་རྭ་སྒྲེང་སྤྲུལ་སྐུ་བློ་བཟང་ཡེ་ཤེས་བསྟན་པ་རབ་རྒྱས་རྣམ་གཉིས་ནི། ནང་བསྟན་ཆོས་ལུགས་ཀྱི་ཡོན་ཏན་རྒྱ་ཆེ་ཞིང་གཏིང་ཟབ་ཅིང་། བོད་ཀྱི་ཆོས་ལུགས་ལས་རིགས་ཀྱི་ཁམས་སུ་སྙན་གྲགས་ཆེན་པོ་ལྡན་པའི་དགའ་ལྡན་ཁྲི་པ་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མས་ཨ་ཆི་ཐུའུ་ནོ་མོན་ཧན་གྱི་འཇའ་ས་སྤྲད་ཡོད་པ་རེད།

        གོང་དུ་བཤད་པའི“གླིང་ཆེན་པོ་བཞི”ཞེས་པའི་རྒྱལ་ཚབ་རིམ་བྱོན་གྱི་འོས་མི་ནི་རྩ་བའི་ཆ་ནས་བཤད་ན་དབུས་གཙང་ས་གནས་རང་གི་སྤྲུལ་སྐུ་ཡིན་པ་ཤིན་ཏུ་ཉུང་བ་དང་། སྤྲུལ་སྐུ་འདི་དག་གི་སྐུ་ཕྲེང་ལ་ས་གནས་ཀྱི་སྟོབས་ཤུགས་ངེས་ཅན་ཞིག་ལྡན་མོད། འོན་ཀྱང་བོད་ཀྱི་བཀའ་ཤག་སྲིད་གཞུང་གི་ནང་དུ་སྟོབས་ཤུགས་ཅུང་ཆུང་བས། ལྷ་ས་ས་ཁུལ་དུ་ཤུགས་རྐྱེན་ཟབ་མོ་ཐེབས་ཐུབ་མེད་པ་ཡིན། སྤྲུལ་སྐུ་འདི་དག་གིས་རྒྱལ་ཚབ་ཀྱི་འགན་བཞེས་མ་ཐག་ལྷ་སར་ཐ་ན་རང་ཉིད་ཀྱི་དགོན་པའི་གདན་ས་ཡང་མེད་ཅིང་། དེའི་རྗེས་ད་གཟོད་རྒྱལ་ཚབ་བླ་སྤྲུལ་གྱི་གདན་ས“གླིང་ཆེན་པོ་བཞི”རིམ་བཞིན་བྱུང་བ་ཡིན། འདི་ལས་མཐོང་ཐུབ་པ་ཞིག་ནི། རྒྱལ་ཚབ་འོས་མི་ནི་སྟེས་དབང་གིས་བྱུང་བ་ཞིག་མ་ཡིན་པར། བསམ་བློ་ཞིབ་མོར་བཏང་བ་དང། ཕྱོགས་མང་པོའི་དཔྱད་ཞིབ་ཀྱི་འབྲས་བུ་ཞིག་ཡིན་ལ། ས་གནས་རང་བཞིན་གྱི་སྤྲུལ་སྐུ་གྲགས་ཅན་ལ་གཅིག་ནས་ཆོས་ལུགས་ཀྱི་དབང་གྲགས་ལྡན་པ་དང་། གཉིས་ནས་ལྷ་སར་སྣ་མང་རྙོག་འཛིང་གི་དོན་མི་འབྱུང་བ་དང་སེམས་ཁྲལ་ཡེ་ནས་མེད་པར་བཟོས་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་འོག་མ་བདེ་བླག་ངང་དང་ལེན་བྱེད་པར་བགྲོད་ལམ་བཟང་པོ་ཞིག་གི་རྨང་བཏིང་ཡོད་པ་རེད།

གསུམ། རྒྱལ་ཚབ་འོས་མིའི་དཔེ་ཁྱད་པར་ཅན་གྱི་སྐོར།

1.དགའ་ལྡན་ཁྲི་པ་མ་ལག་ཁྲོད་ཀྱི་རྒྱལ་ཚབ། རྒྱལ་ཚབ་ལམ་ལུགས་ལག་བསྟར་བྱས་པའི་ཚུན་ལ། རྒྱལ་ཚབ་དགུ་པ་དང་རྒྱལ་ཚབ་བཅུ་གཉིས་པ་ནི་དགའ་ལྡན་ཁྲི་པ་ཟུར་པ་དང་དགའ་ལྡན་ཁྲི་པས་ལས་འགན་བཞེས་པ་ཡིན།

        རྒྱལ་ཚབ་དགུ་པ་སྡེ་དྲུག་སྤྲུལ་སྐུ་བློ་བཟང་མཁྱེན་རབ་དབང་ཕྱུག(1800—1872)ནི་སི་ཁྲོན་དར་མདོ་རུ་འཁྲུངས་ཤིང་། དེ་སྔ་དགའ་ལྡན་ཁྲི་པ76པའི(1853—1856)འགན་བཞེས་པ་དང་། རྒྱལ་ཚབ་ལོ9ལ་གནང། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཉིས་པར་དགེ་ཚུལ་གྱི་སྡོམ་པ་གནང་བའི་མཛད་སྒོར་མགོ་འཛིན་བྱས་ཤིང། སྐབས་དེར་བོད་ཀྱི་དགེ་འདུན་པ་དང་སེར་སྐྱ་མང་ཚོགས་ཁྲོད་སྙན་གྲགས་ཧ་ཅང་ཆེ། 1864ལོའི་ཟླ8པར། ནོ་མིན་ཧན་བཤད་སྒྲ་དབང་ཕྱུག་ཆོས་ཀྱི་རྒྱལ་པོས་སྲིད་དོན་ལོ་གཉིས་བསྐྱངས་པའི་རྗེས་སུ་ནད་བྱུང་སྟེ་སྐུ་གཤེགས། སྐབས་དེར་ཏཱ་ལའི་བླ་མ་དགུང་ལོ་དགུ་ལ་སླེབས་མེད་པ་དང་། ད་ལྟའི་སི་ཁྲོན་ཉག་རོང་རྫོང་ས་ཁུལ་དུ་ད་དུང་དམག་འཁྲུག་ཡོངས་སུ་མཇུག་སྒྲིལ་མེད་ཅིང་། བོད་ཀྱི་སྲིད་དོན་ལྷོད་གཡེང་དུ་མི་འགྲོ་བའི་ཆེད་དུ། བོད་སྡོད་ཨམ་བན་གྱིས་བྱ་བ་སྟབས་བདེར་བསྒྲུབས་པ་སྟེ། སྔོན་ལ་སྡེ་དྲུག་མཆོག་རྒྱལ་ཚབ་ལ་བསྐོ་གཞག་གཏན་ཁེལ་བྱས། སྐབས་དེར་ད་དུང་སྡེ་དྲུག་ལ་རྒྱལ་ཚབ་ཀྱི་འཇའ་ས་དངོས་སུ་བསྩལ་མེད། 1865ལོར། ཚོང་ཐོག་ནས་བོད་དོན་སྒྲུབ་པའི་འགན་འཁུར་བ་དང་དགེ་ལུགས་པར་བདག་གཉེར་བྱེད་པའི་ཨེར་ཏེ་མེང་ཨེ་ནོ་མིན་ཧན་གྱི་ཐམ་ག་ཡོད་པ་ཅིང་ཝུན་སོགས་སི་ཁྲོན་སྤྱི་ཁྱབ་ཡ་མོན་ལ་བཏང་སྟེ་ཁས་ལེན་ཐོབ་རྗེས་བོད་དུ་འཁྱེར་ཞིང་། བློ་བཟང་མཁྱེན་རབ་དབང་ཕྱུག་རྒྱལ་པོ་ལ་གུས་འབུལ་བདག་གཉེར་བྱེད་དུ་བཅུག་ནས་ལམ་ལུགས་རྙིང་པ་དང་མཐུན་པར་བྱས།ཞེས་པ་འདི་ལས་མཐོང་ཐུབ་པ་ནི། དགའ་ལྡན་ཁྲི་པ་ཟུར་པ་མཆོག་རྒྱལ་ཚབ་ལ་བསྐོ་གཞག་བྱས་པ་ནི་བོད་སྡོད་བློན་ཆེན་གྱི་དམིགས་བསལ་གྱི་གནས་ཚུལ་འོག་གི་དམིགས་བསལ་གྱི་ཆོད་དོན་རེད།

        རྒྱལ་ཚབ་བཅུ་གཉིས་པའི་འགན་བཞེས་པའི་དགའ་ལྡན་ཁྲི་པ་ནི་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ཚབ་ལོ་ལྔ(1904—1909)ལ་གནང་། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་མཆོག་ཕྱིར་མ་ཕེབས་གོང་ནས་རྒྱལ་ཚབ་ལ་བསྐོ་གཞག་བྱས་པ་དང་། བོད་ཀྱི་ཆོས་སྲིད་སྐོར་གྱི་ལས་དོན་ལ་གནས་སྐབས་ལས་ཚབ་བྱས་པ་ཡིན། བློ་བཟང་རྒྱལ་མཚན་ནི་གཙང་རྣམ་གླིང་དུ་འཁྲུངས་ཤིང། དགའ་ལྡན་ཁྲི་པ86པའི(1901—1908)འགན་བཞེས་པ་དང་། རྒྱལ་ཚབ་གཞན་དང་མི་འདྲ་བར་ཁོང་གིས་ཏཱ་ལའི་བླ་མས་སྲིད་དབང་བཟུང་རྗེས་བྲོས་བྱོལ་དུ་ཕེབས་ནས་བོད་ན་མེད་པའི་རིང་གནས་སྐབས་ཙམ་ལ་རྒྱལ་ཚབ་ལས་གནས་གནང་བ་རེད།

2.པཎ་ཆེན་སྐུ་ཕྲེང་དང་རྒྱལ་ཚབ། སྤྱི་ལོ1844ལོའི་ཟླ7པར། གོང་མ་ཏའོ་ཀོང་གིས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ་མཆོག་ལ་གནས་སྐབས་སུ་རྒྱལ་ཚབ་ལས་གནས་ཀྱི་ཚབ་བྱེད་དགོས་པའི་བཀའ་བབས་མོད། འོན་ཀྱང་སྤྱི་ལོ1845ལོའི་ཟླ4པར་ཁོང་གིས་དགུང་ལོ་མཐོ་ཞིང་གཟུགས་པོ་ཞན་པ་རྒྱུ་མཚན་དུ་བྱས་ནས་རྒྱལ་ཚབ་ཀྱི་གོ་གནས་དགོངས་ཞུ་མཐའ་སྐྱེལ་བྱས། རྒྱལ་ཚབ་ཀྱི་དུས་ཡུན་ནི་ཟླ་བ་བརྒྱད་ཙམ་ཡིན། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་པཎ་ཆེན་སྐུ་ཕྲེང་གིས་གོང་མའི་བཀའ་ལྟར་ཕྱོགས་ཡོངས་ནས་བོད་ཀྱི་ཆོས་སྲིད་དོན་ཆེན་ལ་བདག་སྐྱོང་བྱས་པ་ཐོག་མ་ཡིན་ལ་མཐའ་མ་ཡང་ཡིན། པཎ་ཆེན་སྐུ་ཕྲེང་བདུན་པ་ནི་རྒྱལ་ཚབ་ལྔ་པ་སྟེ་ཚེ་སྨོན་གླིང་སྤྲུལ་སྐུ་སྐུ་ཕྲེང་གཉིས་པ་གནས་དབྱུང་ཞིབ་གཅོད་བྱས་པ་དང་།རེ་ཞིག་ལ“གླིང་ཆེན་པོ་བཞི”ཡི་ཁྲོད་དུ་འོས་ཤིང་འཚམ་པའི་མི་སྣ་ཞིག་མ་རྙེད་པའི་གནས་ཚུལ་འོག་རྒྱལ་ཚབ་ཀྱི་ཐུགས་འགན་བཞེས་ཤིང་། རྒྱལ་ཚབ་ལས་ཚབ་ལ་གཏོགས་པ་དང་། དེ་ནི་དམིགས་བསལ་གྱི་གནས་ཚུལ་འོག་གི་འཕྲལ་བསྟུན་ཐག་གཅོད་ཅིག་རེད། དེར་མ་ཟད། ལོ་རྒྱུས་ཐོག་ཏུ་ད་དུང་སྔ་ཕྱིར་པཎ་ཆེན་གསུམ་རྒྱལ་ཚབ་ཀྱི་གོ་གནས་དང་འབྲེལ་བའི་ལས་གང་མང་ཞིག་ལ་ཞུགས་མྱོང་ཡོད་པ་སྟེ།

གཅིག་ནི་པཎ་ཆེན་སྐུ་ཕྲེང་བཞི་པ། གོང་མ་ཁང་ཤིའི་དུས་སུ་ཆིང་རྒྱལ་རབས་ཀྱི་དབང་སྒྱུར་པས་པཎ་ཆེན་སྐུ་ཕྲེང་བཞི་པར་དགེ་ལུགས་པའི་ལས་དོན་ལ་བདག་གཉེར་བྱེད་དུ་འཇུག་འདོད་མྱོང་། འོན་ཀྱང་ང་ཕོད་རྡོ་རྗེ་རྒྱལ་པོའི་ཟིང་ཆའི་རྗེས་འབད་བརྩོན་དེ་རྒྱབ་ཏུ་དོར་བ་དང་། སྐབས་དེའི་གོང་མ་ཡུང་ཀྲིན་གྱིས་ཡུའེ་ཀྲུང་ཆི་སོགས་ཀྱི་པཎ་ཆེན་སྐུ་ཕྲེང་བཞི་པ་ཕོ་བྲང་པོ་ཏ་ལར་གཞི་སྡོད་བྱས་ནས་དགེ་ལུགས་པའི་ལས་དོན་ལ་བདག་གཉེར་བྱེད་དུ་འཇུག་པའི་གྲོས་འཆར་དང་ལེན་མ་བྱས་པ་རེད།

གཉིས་ནི་པཎ་ཆེན་སྐུ་ཕྲེང་དྲུག་པ། དབྱི་ཐ་ལིའི་བོད་རིག་པ་པའེ་ཏའེ་ཁེ(Luciano Petech)ཡི་བསམ་ཚུལ་ལྟར་ན། དེ་མོ་ཧོ་ཐོག་ཐུ་ཐོག་མ་སྐུ་གཤེགས་རྗེས་ཆིང་སྲིད་གཞུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་སྲིད་བསྐྱངས་པར་མ་བཅུག་པའི་རྒྱུ་མཚན་གཙོ་བོ་ནི། ཆིང་རྒྱལ་རབས་ཀྱིས་པཎ་ཆེན་སྐུ་ཕྲེང་དྲུག་པས་ཏཱ་ལའི་བླ་མའི་གོ་གནས་ཀྱི་ཚབ་བྱེད་དུ་འཇུག་བསམས་པར་འདོད། རྗེས་སུ། པཎ་ཆེན་སྐུ་ཕྲེང་དྲུག་པ་པེ་ཅིན་དུ་སྐུ་གཤེགས་རྗེས། ཆིང་རྒྱལ་རབས་ཀྱིས་གཞི་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་སྲིད་སྐྱོང་དུ་མི་འཇུག་ག་མེད་བྱུང་།ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་སྐུ་མྱ་ངན་ལས་འདས་རྗེས། དེ་མོ་སྤྲུལ་སྐུ་རྒྱལ་ཚབ་ཀྱི་འགན་བཞེས་པར་བསྐོ་གཞག་གནང་ཡང་། པཎ་ཆེན་སྐུ་ཕྲེང་དྲུག་པས་རང་ཉིད་ཀྱི་ཆོས་སྲིད་གཉིས་ཐད་ཀྱི་ཁྱད་འཕགས་ནུས་པར་བརྟེན་ནས་སྐབས་དེའི་བོད་དུ་ཤུགས་རྐྱེན་ཆེས་ཆེན་པོ་ལྡན་པའི་མི་སྣར་གྱུར་པ་སྨོས་མེད་རེད།ཐ་ན་གོང་མའི་དབུ་བླ་ལྕང་སྐྱ་བོད་དུ་བསྐྱོད་དེ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་བྱེད་སྐབས་ཀྱང་གང་སར་པཎ་ཆེན་སྐུ་ཕྲེང་དྲུག་པའི་རོགས་རམ་ལ་བློ་འདྲི་བྱ་དགོས་བྱུང།འོན་ཀྱང་བཤད་ཚུལ་འདི་ལ་ཡང་དོགས་གཞི་མཆིས་ཏེ། གལ་ཏེ་གོང་མ་ཆན་ལུང་གིས་པཎ་ཆེན་སྐུ་ཕྲེང་དྲུག་པས་ཏཱ་ལའི་བླ་མའི་ཚབ་བྱེད་དུ་འཇུག་འདོད་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་རྗེས་བསྐོ་གཞག་བྱས་ཆོག དེར་མ་ཟད། 《པཎ་ཆེན་སྐུ་ཕྲེང་དྲུག་པའི་རྣམ་ཐར》ལས་གསལ་པོར་བཀོད་པ་ལྟར་ན། གོང་མ་ཆན་ལུང་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པར་སྲིད་སྐྱོང་དུ་འཇུག་པའི་གོང་མའི་བཀའ་ཤོག་དེ་པཎ་ཆེན་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་མ་ཐིམ་གོང་རགས་བྲིས་ཡག་པོ་བྱས་ཟིན་པར་མ་ཟད། པཎ་ཆེན་སྐུ་ཕྲེང་དྲུག་པར་གཟིགས་འབུལ་ཡང་གནང་ཟིན། 《གོང་མའི་དབུ་བླ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར》ནང་དུའང་།“(1781ལོའི་ཟླ9པ)ཐོག་མའི་ཉིན་གསུམ་ལ། པཎ་ཆེན་རིན་པོ་ཆེ་དང་གོང་མའི་དབུ་བླ་ལྕང་སྐྱ་གཉིས་མན་ཇུ་རིགས་ཀྱི་ནང་བསྟན་དགོན་པར་ཕེབས་པ་དང་། རྒྱལ་པོ་ཆེན་པོས་ཤེས་རབ་ཤིན་ཏུ་རྣམ་པར་གྲོལ་བ་ཏཱ་ལའི་བླ་མར་སྤྲོད་པར་གྲ་སྒྲིག་བགྱིས་པའི་གོང་མའི་བཀའ་ཡིག་རྒྱལ་སྲས་དྲུག་པ་བརྒྱུད་ནས་པཎ་ཆེན་རིན་པོ་ཆེ་ལ་གཟིགས་འབུལ་གནང་དུ་བཅུག་ཅིང། ལྕང་སྐྱས་བོད་སྐད་ཀྱི་ཐོག་ནས་པཎ་ཆེན་རིན་པོ་ཆེར་འགྲེལ་བཤད་བྱས་པ་རེད། ཅེས་བཀོད་ཡོད།

གསུམ་པ་ནི་པཎ་ཆེན་སྐུ་ཕྲེང་དགུ་པ། འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བྲོས་བྱོལ་ཐེངས་གཉིས་ཕེབས་པར་འབྲེལ་བ་ཡོད་དེ། 1904ལོར། ཏཱ་ལའི་བླ་མ་བྲོས་བྱོལ་བྱས་ཤིང་། 1910ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་རྒྱ་གར་དུ་ཐེངས་གཉིས་པར་བྲོས་བྱོལ་བྱས་རྗེས། སྐབས་དེའི་བོད་སྡོད་ཨམ་བན་ལན་ཡུས་ཀྱིས་ཀྱང་དེ་སྔའི་གཡུའུ་ཐའེ་ཡི་བྱེད་སྟངས་ལ་ལད་མོ་བྱས་ཏེ། པཎ་ཆེན་ལ་རྒྱབ་སྐྱོར་བྱས་ནས་ཏཱ་ལའི་བླ་མའི་ཚབ་བྱེད་དུ་འཇུག་འདོད་ཡོད། སྐབས་དེར་པཎ་ཆེན་བླ་མ་ཡང་དེ་སྔའི་གདན་ཞུས་ལྟར་ལྷ་སར་ཕེབས། འོན་ཀྱང་པཎ་ཆེན་རིན་པོ་ཆེ་ལྷ་སར་བཞུགས་རིང་། སྐབས་དེའི་བོད་ཀྱི་མཐོ་རིམ་མི་སྣས་ཁོང་ལ་སྙིང་དབུས་ནས་དགའ་བསུ་ཞུ་བཞིན་མི་འདུག་པའི་བསམ་ཚུལ་ཤེས་རྟོགས་བྱུང་བས། རྒྱལ་ཚབ་ཀྱི་གོ་གནས་དང་ལེན་བྱེད་མ་ཕོད་པ་དང་། 1911ལོར་ཡང་བསྐྱར་བཀྲ་ཤིས་ལྷུན་པོ་དགོན་དུ་ཕྱིར་ལོག 1933ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་པའི་བར་སྐབས་སུ། པཎ་ཆེན་བཞུགས་སྒར་གྱི་དཔོན་རིགས་ཁག་ཅིག་གིས་གོ་མིན་ཏང་སྲིད་གཞུང་ལ་པཎ་ཆེན་གྱིས་བོད་ཀྱི་རྒྱལ་ཚབ་མཛད་དགོས་པའི་གྲོས་མགོ་བཏོན་ཡོད་པ་རེད།

        རྒྱལ་ཚབ་ལམ་ལུགས་ཀྱིས་གཞི་རྩའི་སྟེང་ནས་པཎ་ཆེན་སྐུ་ཕྲེང་ཟུར་འབུད་བཏང་བའི་རྒྱུ་རྐྱེན་གྱི་རྩ་བ་ནི་པཎ་ཆེན་རིན་པོ་ཆེའི་སྟོབས་ཤུགས་དར་རྒྱས་བྱུང་བའི་རྒྱབ་ལྗོངས་ལ་ཐུག་ཡོད། ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲིན་ནས་མགོ་བརྩམས་ཏེ། བོད་ཀྱི་མཐོ་རིམ་ནང་ཁུལ་ལ་འཐབ་རྩོད་ཧ་ཅང་ཛ་དྲག་བྱུང་ནས་རྒྱུན་ཆད་མེད་པར་དྲག་པོའི་གདོང་གཏུག་བྱུང། ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་གཉིས་འཇམ་འགུག་ཐབས་ཀྱིས་བསླུ་བྲིད་བྱེད་པ་ཕུད། བོད་ཀྱི་མཐོ་རིམ་སྟོབས་ཤུགས་ཁ་བྲལ་ཉམས་དམས་སུ་གཏོང་རྒྱུའི་བསམ་གཞིག་བྱེད་མགོ་ཚུགས། དེའི་ནང་གལ་ཆེ་ཤོས་ནི་བཀྲ་ཤིས་ལྷུན་པོ་ལྟེ་བར་བྱས་པའི་དགེ་ལུགས་པའི་སྟོབས་ཤུགས་ཚོགས་ཁག་ལ་རོགས་སྐྱོར་དང་རྒྱབ་སྐྱོར་བྱས་ཏེ། གཙང་གི་ལྷ་རྩེ་དང་ངམ་རིང་། ཕུན་ཚོགས་གླིང་སོགས་པཎ་ཆེན་ལ་བསྩལ་ནས་རྩིས་སྤྲོད་དོ་དམ་བྱེད་དུ་འཇུག་རྒྱུ་དེ་ཡིན།“བོད་ས་གནས་སུ་དོན་དམ་དུ་ས་གནས་སྲིད་དབང་གཉིས་གནས་ཡོད་པ་སྟེ། གཅིག་ནི་ཏཱ་ལའི་བླ་མ་གཙོ་བྱས་པའི་བོད་ས་གནས་སྲིད་གཞུང་དང། གཅིག་ནི་པཎ་ཆེན་རིན་པོ་ཆེ་གཙོ་བྱས་པའི་པཎ་ཆེན་བླ་བྲང་ཡིན།”ཕྱི་རྒྱལ་གྱི་མཁས་དབང་ཚོས་ཀྱང།“འདི་ནི་པཎ་ཆེན་གྱིས་གཙང་ནས་འཇིག་རྟེན་པའི་ངོས་ཐད་ཀྱི་དབང་ཆ་དང་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་ཤུགས་རྐྱེན་ལ་འགྲན་རྒོལ་བྱེད་པ་ལྟ་བུའི་སྟོབས་ཤུགས་ག་གེ་མོ་ཞིག་བཙུགས་པའི་མཚོན་རྟགས་ཤིག་རེད” ཅེས་འདོད་པ་ཡིན། དེར་བརྟེན། ང་ཚོས་གཙང་གི་པཎ་ཆེན་སྟོབས་ཤུགས་དར་རྒྱས་ཕྱིན་པའི་འབྱུང་ཁུངས་ནི་ཆིང་སྲིད་གཞུང་གིས་ལྷ་སར་ཏཱ་ལའི་བླ་མའི་ཆོས་སྲིད་སྟོབས་ཤུགས་ཤུགས་བསྐྱིལ་བྱས་པ་དང་འབྲེལ་བ་ཡོད་པ་ལས་ཁ་གསབ་བྱས་པ་ཞིག་མིན་པ་མཐོང་ཐུབ། འདིས་སྟོབས་ཤུགས་དེ་གཉིས་ནི་གནའ་ནས་དེང་བར་མཉམ་གཤིབ་ཀྱི་འགྲན་རྩོད་འབྲེལ་བ་ཡིན་པ་གཏན་ཁེལ་བྱས་ཡོད། གལ་ཏེ་པཎ་ཆེན་བླ་མས་རྒྱལ་ཚབ་ཀྱི་འགན་བཞེས་ན། དེ་ནི་དུས་ཡུན་ཐུང་ངུ་ཞིག་ལ་ཏཱ་ལའི་བླ་མའི་ཚབ་བྱས་ནས་འགན་དབང་སྤྱོད་རྒྱུ་ཙམ་མིན་པར། དེས་ཏཱ་ལའི་བླ་མའི་ཆོས་སྲིད་གཉིས་ཀྱི་དབང་ཆ་གཡོལ་ཐབས་མེད་པར་ཚབ་བྱེད་སྲིད་པ་རེད། ལོ་རྒྱུས་ཐོག་གི་རྒྱལ་ཚབ་གོ་གནས་དང་འབྲེལ་བ་ཡོད་པའི་པཎ་ཆེན་བླ་མར་ནམ་ཡང་ཏཱ་ལའི་བླ་མའི་ཚབ་བྱས་ནས་དབང་ཆ་འཛིན་རྒྱུའི་འདོད་བློ་ཡོད། དེར་བརྟེན། ལྷ་སའི་བོད་རིགས་སེར་སྐྱ་དཔོན་རིགས་ཚང་མས་ཐོག་མཐའ་བར་གསུམ་དུ་པཎ་ཆེན་བླ་མས་རྒྱལ་ཚབ་ཀྱི་འགན་བཞེས་པར་དོགས་ཟོན་དང་། གླེང་ཕྱོགས་ཀྱི་གནོན་ཤུགས་ཀྱིས་ཀྱང་ཁོང་གིས་རྒྱལ་ཚབ་ཀྱི་འགན་བཞེས་སུ་མ་བཅུག་པ་རེད། འདིའི་སྐོར་ཁྲ་ཨར་སི་པེ་ཨར་གྱིས་པཎ་ཆེན་སྐུ་ཕྲེང་དགུ་པས་བཀའ་བཅགས་པའི་རྒྱུ་རྐྱེན་དབྱེ་ཞིབ་ལས་ཟུར་ཙམ་རྟོགས་ཐུབ་སྟེ།“པཎ་ཆེན་རིན་པོ་ཆེ་ནམ་ཡང་རྒྱལ་ཚབ་ཏུ་བསྐོ་མི་སྲིད་ཅེས་ཚིག་ཐག་བཅད་ན་འོས་འཚམ་ཞིག་མིན་རུང་། འོན་ཀྱང་བོད་ཀྱི་ཁྲིམས་ལུགས་ཀྱི་དགོངས་པ་ནི་ཁོང་གིས་ལས་འགན་འདི་བཞེས་པར་ངོ་རྒོལ་བྱེད་ཀྱིན་ཡོད། གང་ལྟར་ཡང་རྒྱལ་ཚབ་ལ་ཏཱ་ལའི་བླ་མའི་དབང་ཆ་ལྟ་བུ་ཐོབ་མི་ཐུབ་པ་དང། ཚད་ངེས་ཅན་ཞིག་གི་ཐོག་ནས་ལྷ་སའི་མང་ཚོགས་ཀྱི་ཚོགས་ཆེན་གྱི་ཚོད་འཛིན་ཐེབས་པ་རེད། གལ་ཏེ་པཎ་ཆེན་རིན་པོ་ཆེས་གནས་ཚུལ་འདི་འདྲའི་འོག་རྒྱལ་ཚབ་ཀྱི་འགན་བཞེས་ན། ཁོང་དང་ལྷ་སའི་སྲིད་གཞུང་བར་ལ་ཕལ་ཆེར་ནང་རྩོད་འབྱུང་བར་ངེས། རྒྱུ་མཚན་ནི་སྲིད་གཞུང་མང་ཚོགས་ཀྱི་ཕྱོགས་ནས་ལངས་ངེས་ཡིན། ལྷ་ས་གནས་སའི“དབུས”དང་། བཀྲ་ཤིས་ལྷུན་པོ་དགོན་པ་གནས་སའི“གཙང”ས་ཁུལ་བར་འགལ་ཟླ་བྱུང་ནས་ནང་རྩོད་ཆེན་པོ་ཞིག་འབྱུང་དུ་འཇུག་ངེས། དེར་བརྟེན། པཎ་ཆེན་རིན་པོ་ཆེས་རྒྱལ་ཚབ་ཀྱི་འགན་འཁུར་བའི་ཁས་མ་བླངས་པ་ནི་བློ་གྲོས་ལྡན་པ་ཞིག་རེད། ང་སྔོན་ཆད་ཁོང་ལ་རྒྱུས་ལོན་ཡོད་དེ། སྤྱིར་ཁོང་གིས་ཕུགས་འདུན་ཆེན་པོ་འཆང་བ་དང་གོ་གནས་ཇེ་མཐོར་འགྲོ་བསམ་ཡང་། སྐུ་ཉིད་ཀྱི་བབ་བརླིང་བླ་མེད་ཀྱི་གཤིས་ཀ་དེས་འཕྲོག་རྩོད་ཀྱི་དོན་འདི་རིགས་ལ་ཅུང་ཚོད་འཛིན་མི་བྱེད་ག་མེད་བྱུང་།” ཞེས་གསུངས་འདུག

3.མི་སྐྱའི་དཔོན་པོ་རྒྱལ་ཚབ་སྟེ། སྐུ་དྲག་བཤད་སྒྲ་དབང་ཕྱུག་རྒྱལ་པོ། དེ་ནི་ཆིང་སྲིད་གཞུང་གིས་རྒྱལ་ཚབ་བདུན་པ་སྟེ་རྭ་སྒྲེང་སྤྲུལ་སྐུ་སྐུ་ཕྲེང་གསུམ་པ་གནས་དབྱུང་བཏང་བར་མ་ཟད་ས་ཆ་གཞན་པར་སྤྱུགས་རྗེས། དབང་ཆ་མང་ཆེ་བ་བཀའ་བློན་བཤད་སྒྲ་དབང་ཕྱུག་རྒྱལ་པོས་ཟིན་པའི་གནས་ཚུལ་འོག་ཁོང་ཉིད་རྒྱལ་ཚབ་ལ་བསྐོ་གཞག་གནང་། སྐབས་དེར་ཆིང་སྲིད་གཞུང་ལ་ཐེ་གཏོགས་བྱེད་ནུས་མེད་པས། དོན་དངོས་སུ་གྱུར་པ་དེ་ཁས་མི་ལེན་ག་མེད་བྱུང་ཞིང་། གོང་མ་ཐུང་ཀྲི་ཡིས“མམ་ཆེན་སོགས་ཀྱིས་རེ་ཞུ་བྱས་པ་ལྟར། དབང་ཕྱུག་རྒྱལ་པོས་བོད་ཀྱི་ལས་དོན་ལས་རོགས་བྱེད་དུ་བཅུག་པ་དང་ནོ་མིན་ཧན་གྱི་ཐོབ་གནང་བ་ཡིན།” ཞེས་བཀའ་གནང་།

        བཀའ་བློན་ཟུར་པ་བཤད་སྒྲ་དབང་ཕྱུག་ནི་བོད་ཀྱི་ས་གནས་ལོ་རྒྱུས་ཐོག་རྒྱལ་ཚབ་ཀྱི་འགན་འཁུར་བའི་མི་སྐྱ་སྐུ་དྲག་ཐོག་མ་ཡིན་ལ་མཐའ་མ་ཡང་རེད། སྤྱི་ལོ1862ལོ་ནས་བཟུང་རྒྱལ་ཚབ་ཀྱི་འགན་བཞེས་པ་དང་། སྤྱི་ལོ1864ལོར་ནད་བྱུང་ནས་ཚེ་ལས་འདས། ལོ་གཉིས་ཁོ་ནར་རྒྱལ་ཚབ་གནང་། རྒྱལ་ཚབ་ཀྱི་འགན་བཞེས་སྐབས་དགུང་ལོ67ཡིན། འོན་ཀྱང་ཁོང་གིས་བོད་ཀྱི་ས་གནས་ཀྱི་རྒྱལ་ཚབ་ལོ་རྒྱུས་ཐོག་གི་དཔེ་ཁྱད་པར་ཅན་ཞིག་བཏོད་ཡོད་ཅིང་། དེ་ནི་བོད་ཀྱི་སྤྲུལ་སྐུའི་རྒྱལ་ཚབ་རྒྱུན་འཛིན་ཁྲོད་ཀྱི་ཡུན་ཐུང་གི་བར་བཅུག་རོལ་དབྱངས་ལྟ་བུ་ཡིན། སྤྱི་ལོ1750ལོར་འགྱུར་མེད་རྣམ་རྒྱལ ཚེ་ལས་འདས་པ་ནས་སྤྱི་ལོ1959ལོའི་གོང་བར་གྱི་བོད་ཀྱི་དུས་ཡུན་རིང་པོའི་ལོ་རྒྱུས་ནང་དུ། ཁོང་ནི་བོད་ཁུལ་བདག་སྐྱོང་གནང་མྱོང་མཁན་གྱི་མི་སྐྱ་གཅིག་པུ་རེད། ཁོང་གིས་རྒྱལ་ཚབ་ཀྱི་འགན་བཞེས་པའི་རིང། བོད་ས་གནས་སྲིད་གཞུང་མི་སྐྱ་ཅན་རེད་ཅེས་བཤད་ན་མི་འགྲིག་མོད། མ་མཐའ་ཡང་དགེ་འདུན་ཚོའི་ཚོད་འཛིན་ལྷོད་གཡེང་དུ་བཏང་བའི་དུས་རབས་ཤིག་རེད་ཅེས་བསམས་ན་ཆོག  ཁོང་གིས་རྒྱལ་ཚབ་ཀྱི་འགན་བཞེས་པའི་རིང་། ལོ་རྒྱུས་ཀྱི་དཔྱད་ཡིག་ནང་དུ་རྒྱུན་པར་ཁོང་ལ་སྡེ་སྲིད་བཤད་སྒྲའམ་སྡེ་སྲིད་ནོ་མིན་ཧན་དུ་འབོད་པ་ཡིན།

4.རྒྱལ་ཚབ་ལས་འཁུར་དགོངས་པ་ཞུས་རྗེས་ཀྱི་རྒྱུད་འཛིན་འོས་མི་སྟེ། སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན། ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་ཚབ་མཐའ་མ་ཡིན་པ་དང། དེ་ནི་བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་དུ་ཡོད་པའི་སྟག་ལུང་བྲག་དགོན་པའི་སྟག་བྲག་སྤྲུལ་སྐུ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཁྲོད་རིམ་པ་ཅུང་དམའ་བ་དང་། སྐབས་དེར་སྟག་བྲག་སྤྲུལ་སྐུ་དགུང་ལོ67དང། ལོ་བཅུ(1941-1950)ལ་རྒྱལ་ཚབ་གནང་། སྟག་བྲག་སྤྲུལ་སྐུ་ནི་སྐབས་དེར་རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེས་འོས་སྦྱོར་གནང་ཞིང་། སྐབས་དེར་སྤྱི་ཚོགས་ཐོག་རྭ་སྟག་གཉིས་བར་དགེ་སློབ་ཀྱི་འབྲེལ་བ་དམ་པོ་ཡོད་པ་དང་། རྭ་སྒྲེང་སྤྲུལ་སྐུས་རྒྱལ་ཚབ་ཀྱི་དབང་ཆ་ལོ་ན་བགྲེས་པའི་སྟག་བྲག་ལ་སྤྲོད་དོན་ནི་མ་འོངས་པར་རང་ཉིད་ཀྱིས་སྲིད་དབང་ཚུར་ལེན་བདེ་བར་མ་ཟད། ལས་འགན་ཕྱིར་འཐེན་རིང་བོད་ཀྱི་ཆོས་སྲིད་ཀྱི་ལས་དོན་ལ་ཐེ་ཇུས་ཐུབ་པའི་ཆེད་ཡིན་པའི་བཤད་ཚུལ་ག་ས་གར་ཁྱབ། ཡིད་ཕངས་པ་ཞིག་ལ། རྭ་སྒྲེང་ཧོ་ཐོག་ཐུ་ལས་གནས་ལས་མ་བྲལ་བའི་སྔོན་གྱི་འབད་པ་མཐའ་དག་གི་དམིགས་ཡུལ་འགྲུབ་མ་ཐུབ་པ་དང་། ཕྱིས་སུ་བྱུང་བའི་རྭ་སྒྲེང་དོན་རྐྱེནལས་ཡོད་ཚད་ལ་ཕམ་ཁའི་སྡོམ་ཚིག་བཀོད་པ་ཡིན།

        གོང་བརྗོད་མཐའ་དག་མདོར་དྲིལ་ན། རྒྱལ་ཚབ་ལམ་ལུགས་དངོས་སུ་གཏན་ཁེལ་མ་བྱས་པའི་སྔོན་ལ། བོད་ཀྱི་ས་གནས་ལོ་རྒྱུས་ཐོག་ལམ་ལུགས་ཅན་གྱི་རྒྱལ་ཚབ་ཀྱི་དཔོན་གནས་ཤིག་མེད་མོད། འོན་ཀྱང་།“རྒྱལ་ཚབ་དང་རིགས་འདྲ་བའི”སྣང་ཚུལ་རྟག་ཏུ་མཐོང་རྒྱུ་ཡོད། རྒྱལ་ཚབ་ལམ་ལུགས་དངོས་སུ་བཙུགས་པ་གཏན་ཁེལ་བྱས་རྗེས། རྒྱལ་ཚབ་འོས་མིའི་ཐད་ཕྱོགས་གཅིག་ནས“གླིང་ཆེན་པོ་བཞི”ཡི་རྒྱལ་ཚབ་ཀྱི་འགན་བཞེས་རྒྱུན་སྲོལ་བརྩི་སྲུང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ལོ་རྒྱུས་དངོས་ཀྱི་གནས་ཚུལ་དང་དགོས་མཁོར་གཞིགས་ནས། དགའ་ལྡན་ཁྲི་པ་དང་པཎ་ཆེན་བླ་མ། མི་སྐྱའི་སྐུ་དྲག་བཅས་ཀྱིས་རྒྱལ་ཚབ་ཀྱི་འགན་བཞེས་པའི་དམིགས་བསལ་གྱི་དཔེ་དོན་བྱུང་ཡོད་དོ། །

①རྩོམ་པ་པོ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་དུ་ཕྱག་ལས་གནང་བཞིན་ཡོད། སྒྱུར་པ་པོ་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའུ་ན་ཕྱག་ལས་གནང་བཞིན་ཡོད།

② ཝང་ཤན་ཅུན། བོད་ཀྱི་རྒྱལ་ཚབ་ལམ་ལུགས་ཀྱི་རྣམ་བཤད། ནུབ་བྱང་གི་ས་གནས་ལོ་རྒྱུས།[J]1998:4

③ཤེས་རབ་ཉི་མ། བོད་ས་གནས་ཀྱི་དཔོན་གནས་རྒྱལ་ཚབ་ཞིབ་འཇུག བོད་རིག་པ་ཞིབ་འཇུག [J]ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དཔེ་སྐྲུན་ཁང་། 1993:37

④ Luciano Petech, The Dalai Lamas and Regents of Tibet: A Chronological Study, T ’oungPAO,1959,Vol.XLVII,P369-394.

⑤འབྲེལ་ཡོད་བོད་ཀྱི་རྒྱལ་ཚབ་ཀྱི་མཚན་ཉིད་བཤད་སྟངས་མི་འདྲ་བ་དང་། སྔ་ཙམ་བོད་ཀྱི་རྒྱལ་ཚབ་ལམ་ལུགས་ལ་ཞིབ་འཇུག་བྱས་མྱོང་བའི་དབྱི་ཐ་ལིའི་མཁས་དབང་པོ་ཏའེ་ཁེའི་འདོད་ཚུལ་ལྟར་ན་བོད་ཀྱི་རྒྱལ་ཚབ་ལམ་ལུགས་ནི1642ལོར་མགོ་ཚུགས་ཤིང་། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྔ་གཞུག་སྐབས་འགན་བཞེས་པའི་སྡེ་སྲིད་ལྔ་པ་ནི་བོད་ཀྱི་རྒྱལ་ཚབ་ཡིན་པ་དང་། ཁོས་བོད་ཀྱི་རྒྱལ་ཚབ་ཅེས་པའི་ཐ་སྙད་དེ“ཏཱ་ལའི་བླ་མས་ཆོས་ལུགས་དང་འཇིག་རྟེན་པའི་དབང་ལྡན་གྱི་གཟིགས་སྐྱོང་བ”ཞེས་པའི་མཚན་ཉིད་འདི་ལས་མགོ་ཚུགས་པ་ཡིན་པར་བསམ་བཞིན་ཡོད་ཅིང་། རྒྱལ་ཚབ་ཅེས་པ་ནི་ཏཱ་ལའི་བླ་མ་རང་ཉིད་ཀྱི་ངོ་ཚབ་པ་མ་ཡིན་པར་ཏཱ་ལའི་བླ་མའི་དབང་ཤུགས་སྤྱོད་མཁན་དེ་ཡིན། དེ་ལྟར་བལྟས་ཚེ། ཏཱ་ལའི་བླ་མ་ནི་མིང་དང་མཚོན་རྟགས་ཀྱི་དོན་སྙིང་ཐོག་གི་ཆོས་སྲིད་ཀྱི་མགོ་ཁྲིད་པ་ཞིག་དགོས་པས་ཆོག་པ་དང་། སྲིད་དབང་དངོས་སུ་ལག་ལེན་དུ་བསྟར་མི་དགོས་པ་ཞིག་ཡིན། གསལ་པོར་ཤེས་འདོད་ན་འདི་ལ་གཟིགས་རོགས་ཞུ་སྟེ། Luciano Petech, The Dalai Lamas and Regents of Tibet: A Chronological Study, T ’oungPAO,1959,Vol.XLVII,P369-394དང་། གཡང་སྒྲོན། བོད་ས་གནས་ཀྱི་རྒྱལ་ཚབ་དང་རྒྱལ་ཚབ་ལམ་ལུགས་འཚོལ་ཞིབ།[J]ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གཞུང་དུས་དེབ། 2010.(5)ན་ཞིབ་ཏུ་གསལ།

⑥ རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པའི་བརྩམས་ཆོས་ཐོར་བུ། (བོད་ཡིག་པར་གཞི)[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1987:1

⑦ ཝང་ཝེ་ཆང་། དགའ་ལྡན་གསེར་ཁྲིར་བདག་པོ་མེད། དགའ་ལྡན་ཁྲི་པའི་དཔྱད་གླེང།[M]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2012:2

⑧ ཐང་ཡིག་གསར་མ•ཐུ་བྷོད།[Z]P140

⑨ རྒྱལ་སྲིད་སྐྱོང་བའི་མེ་ལོང་།[Z]བམ་པོ་བརྒྱ་དང་གོ་དགུ་པ།

⑩ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བརྩམས། ཁྲེན་ཆིང་དབྱིང་སོགས་ཀྱིས་བསྒྱུར། བོད་ཀྱི་ལོ་རྒྱུས་གཡུ་ཕྲེང་།[M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2008:114

 ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་སོགས་ཀྱིས་བརྩམས། ཁྲེན་ཆིང་དབྱིང་སོགས་ཀྱིས་བསྒྱུར། བོད་ཀྱི་ལོ་རྒྱུས་གཡུ་ཕྲེང་།[M]བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 2008:128

ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག[M]མི་རིགས་དཔེ་སྐྲུན་ཁང་། 2006:97-101

 ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་བརྩམས། ཀུའོ་ཧོ་ཆིན་གྱིས་བསྒྱུར། དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།[M]མི་རིགས་དཔེ་སྐྲུན་ཁང། 1983:121

ཁྲེན་ཏེ་ཀྲི། ཡོན་རྒྱལ་རབས་ཀྱི་དབུས་གཙང་ཞོན་ཝའི་སི་ལོ་རབས་ཀྱི་བཀོད་སྒྲིག [C] ཡོན་གྱི་ལོ་རྒྱུས་དང་བྱང་ཕྱོགས་མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་ཕྱོགས་བསྒྲིགས་དུས་དེབ། དེབ8 པ།

ཁྲེན་ཆིང་དབྱིང་། ཡོན་རྒྱལ་རབས་ཀྱི་དཔོན་ཆེན་གྱི་ཟིན་བྲིས་གནད་བསྡུས། ཁྲེན་ཆིང་དབྱིང་། བོད་རིག་པའི་ཆེད་རྩོམ་གཅེས་བསྡུས།[C]སྟོད་ཆ། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་། 2006:2

འབྲེལ་ཡོད་ཕག་གྲུ་བཀའ་བརྒྱུད་གདུང་རབས་ལོ་རྒྱུས་སྐོར་ནས་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་མཛད། བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བསྒྱུར། ཁྲེན་ཆིང་དབྱིང་གིས་ཞུས། རླངས་ཀྱི་གདུང་རྒྱུད་ལོ་རྒྱུས།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989

ཐུབ་བསྟན་ཕུན་ཚོགས། བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག[M] ( བོད་ཡིག) མི་རིགས་དཔེ་སྐྲུན་ཁང་། 2006:341-343

 པཎ་ཆེན་བསོད་ནམས་གྲགས་པ། དེབ་ཐེར་དམར་པོ་གསར་མ།[M](བོད་ཡིག) སེ་ར་དགོན་ནང་བསྟན་དཔེ་རྙིང་རྩོམ་སྒྲིག་པུའུ་ཡིས་འགྲེམས་སྤེལ་གནང་། ཤོག་ངོས127པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1