ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བསླབ་གཞི་ལས་འཕྲོས་པའི་གཏམ།
ཐང་ཕྲུག་ཚེ་རིང་། ① སངས་རྒྱས་བཀྲ་ཤིས།② རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-28
[གནད་བཏུས] རྩོམ་འདིར་ལྗོངས་ཞིང་ལྔས་མཉམ་བསྒྲིགས་བྱས་པའི་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་ལས་འཕྲོས་ཏེ། བསླབ་ཚན་བཅོས་སྒྱུར་གྱི་དམིགས་ཡུལ་དང་། བསླབ་ཚན་ཚད་གཞི་དང་། བསླབ་གཞི་དཔྱད་འཇོག རྒྱུགས་གཞི་ཚད་ལྡན་དུ་གཏོང་བ་དང་། སློབ་གྲྭ་ཆུང་འབྲིང་གི་དངོས་ཡོད་གནས་ཚུལ་དག་ཤར་མར་བརྗོད་པའི་ཞོར་ལ་རང་ཉིད་ཀྱི་ལྟ་བ་ཉུང་ཙམ་གླེང་ཡོད།
[གནད་ཚིག] ལྗོངས་ཞིང་ལྔ། མཉམ་བསྒྲིགས་བསླབ་གཞི། བསླབ་ཚན་ཚད་གཞི། རྒྱུགས་གཞི་ཚད་ལྡན། དངོས་ཡོད་གནས་ཚུལ།
གླེང་གཞི།
བཅོས་སྒྱུར་སྒོ་འབྱེད་ཀྱི་རྗེས་ནས། རང་རྒྱལ་གྱི་རྨང་གཞིའི་སློབ་གསོས་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་དང་། རྨང་གཞི་སློབ་གསོའི་བསླབ་ཚན་འཛུགས་སྐྲུན་གྱིས་ཀྱང་འབྲས་བུ་མངོན་གསལ་དོད་པོ་བླངས་ཡོད། ཡིན་ན་ཡང་། རང་རྒྱལ་གྱི་རྨང་གཞི་སློབ་གསོའི་སྤྱིའི་ཆུ་ཚད་ད་དུང་དེ་འདྲ་མཐོན་པོར་སླེབས་མེད། ཡར་སྔོན་གྱི་རྨང་གཞི་སློབ་གསོའི་བསླབ་ཚན་གྱིས་ཆ་ཡོངས་ནས་དུས་རབས་འཕེལ་རྒྱས་ཀྱི་འདོད་བློ་སྐོང་མི་ཐུབ་པར་གྱུར་ཡོད། 《ཀྲུང་གུང་ཀྲུང་དབྱང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོ་བཅོས་སྒྱུར་གཏིང་ཇེ་ཟབ་དང་ཆ་ཡོངས་ནས་སྤུས་ཚད་སློབ་གསོ་སྐུལ་འདེད་གཏོང་བའི་ཐག་གཅོད》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྨང་གཞི་སློབ་གསོ་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་ཐག་གཅོད》ལག་བསྟར་ཁྲོད། སློབ་གསོ་པུའུ་ཡིས་ཐག་གཅོད་བྱས་པ་ལྟར་ན། ནུས་ཤུགས་ཡོད་རྒུས་རྨང་གཞི་སློབ་གསོའི་བསླབ་ཚན་བཅོས་སྒྱུར་དང་། རྨང་གཞི་སློབ་གསོའི་བསླབ་ཚན་མ་ལག་དང། གྲུབ་ཆ་དང། ནང་དོན་སོགས་ལེགས་སྒྲིག་དང་བཅོས་སྒྱུར་བྱས་ཏེ། སྤུས་ཚད་སློབ་གསོའི་རེ་འདུན་དང་མཐུན་པའི་རྣམ་པ་གསར་པའི་རྨང་གཞི་སློབ་གསོའི་བསླབ་ཚན་མ་ལག་གསར་དུ་འཛུགས་དགོས་པ་དང། རྣམ་པ་གསར་པའི་བསླབ་ཚན་མ་ལག་ལ་བྱིས་པའི་སློབ་གསོ་དང་། འོས་འགན་སློབ་གསོ་དང་སྤྱིར་བཏང་གི་མཐོ་འབྲིང་སློབ་གསོ་བཅས་འདུས་ཡོད་པས་དེ་དག་གི་མ་ལག་ཆ་ཚང་དང་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན་ཡོད།
དང་པོ། བསླབ་ཚན་བཅོས་སྒྱུར་གྱི་དམིགས་ཡུལ།
རྨང་གཞི་སློབ་གསོའི་བསླབ་ཚན་བཅོས་སྒྱུར་ནི་ཏིང་ཞོ་ཕིང་གིས“སློབ་གསོ་ནི་དེང་རབས་ཅན་དང། འཛམ་གླིང་དང་། མ་འོངས་པར་ཁ་ཕྱོགས་དགོས”པའི་བླང་བྱ་ཉིད་བསམ་བློའི་མཛུབ་སྟོན་བྱས་ཏེ། ཏང་གི་སློབ་གསོའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། སྤུས་ཚད་སློབ་གསོ་ཆ་ཡོངས་ནས་སྐུལ་འདེད་བྱས།
བསླབ་ཚན་གསར་པའི་སྐྱེད་སྲིང་གི་དམིགས་ཡུལ་ནི་དུས་རབས་གསར་པའི་རེ་འདུན་དང་མཐུན་དགོས། སློབ་མར་རྒྱལ་གཅེས་རིང་ལུགས་དང་། ཐུན་མོང་རིང་ལུགས་ཀྱི་སྙིང་སྟོབས་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་དང་། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་འཛིན་འདུ་ཤེས་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་བརྩི་སྲུང་བྱེད་པའི་བསམ་བློ་ཡོད་དགོས་པར་མ་ཟད། ཡང་དག་གི་འཇིག་རྟེན་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ་དང། རིན་ཐང་ལྟ་ཚུལ་ཆགས་དགོས། སྤྱི་ཚོགས་ཀྱི་འགན་འཁྲི་ཡོད་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བར་བརྩོན་དགོས། བདེ་ཐང་གི་མཛེས་དཔྱོད་ལྟ་སྟངས་དང་འཚོ་བའི་ཐབས་ཤེས་ལེགས་པོ་ཡོད་དགོས་པར་མ་ཟད། ཕུགས་བསམ་ལྡན་པ་དང་། ཀུན་སྤྱོད་ལེགས་པ། ཤེས་ཡོན་གྱིས་ཕྱུག་པའི་མི་རབས་གསར་པ་ཞིག་ཡིན་དགོས།
རྨང་གཞི་སློབ་གསོའི་བསླབ་ཚན་བཅོས་སྒྱུར་གྱི་བྱེ་བྲག་གི་དམིགས་ཡུལ་ནི། བསླབ་ཚན་བཅོས་སྒྱུར་ལས་ཚད་འདས་ཀྱི་ཤེས་བྱ་རྒྱུད་སྒྲོག་བྱེད་པའི་རྣམ་པ་ལས། རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་གོམས་སྲོལ་ཆགས་སུ་བཅུག་སྟེ། རྨང་གཞིའི་ཤེས་བྱ་དང་རྨང་གཞིའི་ནུས་རྩལ་ཐོབ་པའི་གོ་རིམ་དེ་སློབ་སྦྱོང་དང་ཡང་དག་གི་རིན་ཐང་ལྟ་ཚུལ་གྱི་བརྒྱུད་རིམ་དུ་འགྱུར་དགོས།
བསླབ་ཚན་བཅོས་སྒྱུར་གྱིས་བསླབ་ཚན་མང་བའི་རྣམ་པ་དང་། ཤེས་བྱ་ཕན་ཚུན་མཉམ་འབྲེལ་དང་རྒྱུན་མཐུད་ཀྱི་ནུས་པ་ཞན་པའི་མིག་སྔའི་གནད་དོན་ལ་གཞིགས་ཏེ། ལོ་དགུའི་འགན་བབ་སློབ་གསོའི་བསླབ་ཚན་རྣམ་གྲངས་དང་སློབ་ཡུན་གྱི་དུས་ཚོད་དག་ལེགས་སྒྲིག་ཡང་དག་བྱས་ནས། ས་གནས་མི་འདྲ་བའི་སློབ་མའི་འཕེལ་རྒྱས་ལ་གཞིགས་ཏེ་བསླབ་ཚན་གྲུབ་ཆར་སྙོམ་སྒྲིག་དང་། སྤྱི་མཐུན་རང་བཞིན་དང་གདམ་གསེས་རང་བཞིན་ཡོད་པར་བྱ་དགོས།
བསླབ་ཚན་བཅོས་སྒྱུར་གྱི་ནང་དོན་ལ། བསླབ་ཚན་ལས་དཀའ་བ་དང་། མང་ཞིང་རྙོག་འཛིང་ཆེ་བ་དང་། མཐོང་ཐོས་དཀོན་པའམ་འདྲིས་ལོབས་སུ་སོང་མེད་པ་དང་། ལོ་ངོ་མང་པོར་བཀོལ་བའི་བསླབ་ཚན་རྙིང་པ་རྣམས་ལེགས་སྒྱུར་བྱེད་དགོས་པ་དང་། བསླབ་ཚན་གྱི་ནང་དོན་དང་སློབ་མའི་འཚོ་བ་དང་། དེང་རབས་སྤྱི་ཚོགས་དང་ཚན་རྩལ་འཕེལ་རྒྱས་དག་མཉམ་དུ་སྦྲེལ་ཏེ། སློབ་མའི་སློབ་སྦྱོང་གི་སྤྲོ་བ་དང་ཉམས་མྱོང། དེ་མིན་མི་ཚེ་གང་བོར་མཁོ་བའི་ཤེས་རིག་དང་ལག་རྩལ་དག་ལེགས་སྒྲིག་བྱ་རྒྱུ་ནི་ཆེས་གཞི་རྩའི་དོན་སྙིང་ཡིན་ནོ།།
གཉིས་པ། བསླབ་ཚན་ཚད་གཞི།
རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞི་ནི་བསླབ་གཞི་བསྡུ་སྒྲིག་དང་། སློབ་ཁྲིད་དང་། དཔྱད་འཇོག་དང། རྒྱུགས་གཞི་འདོན་པའི་གཞི་རྩའི་སྙིང་པོ་དང་། རྒྱལ་ཁབ་ཀྱིས་སློབ་གསོ་དོ་དམ་དང་བསླབ་ཚན་དཔྱད་འཇོག་བྱེད་པའི་རྨང་གཞི་ཡིན། དེ་ལས་རྒྱལ་ཁབ་ཀྱིས་སློབ་རིམ་མི་འདྲ་བའི་སློབ་མར་ཤེས་རིག་དང་ནུས་རྩལ། བརྒྱུད་རིམ་དང་ཐབས་ཤེས། བརྩེ་བའི་རྣམ་འགྱུར་དང་རིན་ཐང་ལྟ་ཚུལ་སོགས་ཀྱི་རྨང་གཞིའི་རེ་འདུན་མངོན་དགོས་པར་མ་ཟད། བསླབ་ཚན་སོ་སོའི་ངོ་བོ་དང། དམིགས་ཡུལ་དང་། ནང་དོན་སྤྱི་ཁོག་བཅས་ལ་སློབ་ཁྲིད་དང་དཔྱད་འཇོག་གི་རེ་བའང་འདོན་དགོས།
རྒྱལ་ཁབ་ཀྱི་བསླབ་ཚན་ཚད་གཞི་གཏན་ཁེལ་བྱེད་པར་བསླབ་ཚན་སོ་སོའི་ཁྱད་ཆོས་དང་བསྟུན་དགོས་པར་མ་ཟད། བྱེ་བྲག་གི་ནང་དོན་སོ་སོ་དང་འབྲེལ་ཏེ་སློབ་མར་རྒྱལ་གཅེས་རིང་ལུགས་དང་ཐུན་མོང་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་གཏོང་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་ཀྱི་སྲོལ་རྒྱུན་སློབ་གསོ་དང་། བསམ་བློའི་ཀུན་སྤྱོད་སློབ་གསོ་ལ་ཤུགས་སྣོན་ཆེན་པོ་བྱས་ཏེ། སློབ་མ་རྣམས་ལ་ཡང་དག་པའི་འཛམ་གླིང་ལྟ་ཚུལ་དང་། མི་ཚེའི་ལྟ་ཚུལ་དང་། རིན་ཐང་ལྟ་ཚུལ་ལེགས་པོ་ཆགས་སུ་འཇུག་དགོས་པའི་ཞོར་ལ། ཚན་རིག་གི་སྟོབས་ཤུགས་དང། ཚན་རིག་གི་ཐབས་ཤེས་བརྒྱུད་སྒྲོག་བྱས་ཏེ་སློབ་མ་རྣམས་ལ་གསར་གཏོད་ཀྱི་བསམ་བློ་དང་ཚན་རིག་དང་མཐུན་པའི་ལག་ལེན་བྱེད་པར་སྐུལ་འདེད་བྱ་དགོས།
གསུམ་པ། སློབ་ཁྲིད་ཀྱི་བརྒྱུད་རིམ།
དགེ་རྒན་གྱིས་དཔེ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་དུ་སློབ་མ་དང་མཉམ་འབྲེལ་གྱིས་བྱ་འགུལ་སྤེལ་དགོས་པ་དང་། ཐུན་མོང་ངང་ཡར་རྒྱས་ཡོང་དགོས། ཤེས་བྱ་བརྒྱུད་སྤྲོད་དང་ནུས་ཤུགས་འདོན་སྤེལ་གྱི་དབྱེ་བ་ཐག་གཅོད་བྱེད་དགོས་པར་མ་ཟད། སློབ་མའི་རང་རྐྱ་ཐུབ་པ་དང་རང་འགུལ་གྱི་ནུས་པ་གསོ་སྐྱོང་། དགེ་རྒན་གྱི་མཛུབ་སྟོན་འོག་ཏུ་སློབ་མ་རང་འགུལ་གྱིས་འཚོལ་ཞིབ་རང་བཞིན་གྱི་སྒོ་ནས་སློབ་སྦྱོང་ལ་གོམས་པར་འཇུག་དགོས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཁྲོད་སློབ་མའི་དགའ་ཁ་འཁྱེར་ཕྱོགས་ལ་ཡིད་འཇོག་བྱེད་པ་དང་། སློབ་མའི་བློ་རིག་དང་བསླབས་འབྲས་ཀྱི་རབ་འབྲིང་ལ་གཞིགས་ཏེ་འདོད་བློ་ཅི་ནུས་ཀྱིས་སྐོང་བ་དང་། སློབ་མར་སློབ་སྦྱོང་ལ་དགའ་སྤྲོ་ཆེ་བའི་འདུན་པ་སྐྱེད་སྲིང་དང་། སློབ་མའི་བག་ལ་ཞ་བའི་ལྷན་སྐྱེས་ཀྱི་ཤེས་རབ་དེ་འདོན་སྤེལ་བྱས་ཏེ། སློབ་མ་རེ་རེ་གང་ནུས་ཅི་ལྕོགས་ཀྱིས་ཡར་ཐོན་ཡོང་བར་འབད་པ་ལྷོད་མེད་བྱ་དགོས།
སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ཆ་འཕྲིན་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ཆ་འཕྲིན་ལག་རྩལ་དང་བསླབ་ཚན་ཚད་གཞི་མཉམ་སྦྲེལ་ལ་སྐུལ་འདེད་བརྒྱུད་སློབ་ཁྲིད་ཀྱི་ནང་དོན་དག་དེ་ལས་བརྒྱུད་སྤྲོད་བྱེད་པ་དང་། སློབ་མའི་སློབ་སྦྱོང་གི་རྣམ་པ་དང་། དགེ་རྒན་གྱི་སློབ་ཁྲིད་ཀྱི་རྣམ་པ་དང་། དགེ་སློབ་མཉམ་འབྲེལ་གྱི་རྣམ་པ་དག་གསར་བརྗེ་བྱ་དགོས། ཆ་འཕྲིན་ལག་རྩལ་གྱི་ཁྱད་ཆོས་སམ་ཡོན་ཏན་བེད་སྤྱོད་གང་ལེགས་ཀྱིས་སློབ་མའི་སློབ་སྦྱོང་དང་འཕེལ་རྒྱས་ལ་ཕུན་སུམ་ཚོགས་པའི་སློབ་གསོའི་ཁོར་ཡུག་བསྐྲུན་དགོས་པ་དང་སློབ་སྦྱོང་གི་མཐུན་རྐྱེན་རྒྱ་ཆེར་བསྐྲུན་དགོས།
བཞི་པ། བསླབ་གཞི་དཔྱད་འཇོག
སློབ་མའི་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་དཔྱད་འཇོག་མ་ལག་འཛུགས་དགོས་པ་དང་། སློབ་མའི་སློབ་སྦྱོང་གི་གནས་ཚུལ་ལ་དཔྱད་འཇོག་བྱེད་པ་ལས་གཞན། སློབ་མའི་བག་ལ་ཞ་བའི་ཤེས་རབ་དག་འདོན་སྤེལ་བྱེད་པ་དང་། སློབ་མར་འཕེལ་རྒྱས་བྱུང་བའི་གོ་རིམ་ཁྲོད་ཅི་ཞིག་མཁོ་བའང་མཁོ་སྤྲོད་བྱ་དགོས། སློབ་མར་རང་ཉིད་ངོས་ཟིན་པ་དང་ཡིད་ཆེས་ཡོད་པའི་སློབ་གསོ་གཏོང་དགོས།
དགེ་རྒན་འཕེལ་རྒྱས་ཡོང་བའི་དཔྱད་འཇོག་གི་མ་ལག་བསྐྲུན་དགོས་པ་དང་། དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་གསོ་བྱ་བའི་བརྒྱུད་རིམ་ནང་རང་ཉིད་ཀྱི་སློབ་ཁྲིད་ཀྱི་ཀུན་སྤྱོད་ལ་དབྱེ་ཞིབ་དང་བསམ་གཞིག་བྱེད་དགོས་པར་མ་ཟད། རང་ཉིད་ལ་གདེང་འཇོག་བྱ་དགོས། སློབ་གཙོ་དང་། དགེ་རྒན་དང་། སློབ་མ་དང་། ཁྱིམ་བདག་བཅས་མཉམ་འབྲེལ་གྱིས་དཔྱད་འཇོག་གི་སྒྲིག་ལམ་བཙུགས་པ་ལས། དགེ་རྒན་ལ་དཔྱད་གཞི་སྣ་མང་གི་ཁྲོད་ནས་ཤེས་རིག་སྣ་ཚོགས་ཐོབ་པ་དང་མཉམ་དུ་སློབ་ཁྲིད་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།
ལྔ་པ། རྒྱུགས་གཞི་ཚད་ལྡན་དུ་གཏོང་བ།
སྤྱིར་རྒྱུགས་ལེན་ལམ་ལུགས་ནི་ཀྲུང་གོ་རྒྱལ་ཁབ་ལ་མཚོན་ནས་བཤད་ན་ལོ་ངོ་སྟོང་གཉིས་ལྷག་གི་ལོ་རྒྱུས་ཡོད་པ་དང་། རྒྱུགས་ལེན་ལམ་ལུགས་ཀྱི་ཐབས་ཤེས་བེད་སྤྱད་དེ། སློབ་གྲྭ་ནས་སློབ་རིམ་འཕར་བ་དང། སློབ་ཆུང་ནས་དམའ་འབྲིང་དང་། དམའ་འབྲིང་ནས་མཐོ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་བཅས་རིམ་བཞིན་བརྒྱུད་པར་རིག་གནས་ཤེས་བྱའི་ཚད་འཇལ་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། ལྷག་པར་དུ་དེང་གི་སྤྱི་ཚོགས་སུ་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པའི་སློབ་ཆེན་པ་དག་རྒྱལ་ཁབ་ཀྱི་ལས་གནས་སུ་ཞུགས་པ་དང་། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་མི་ཞིག་གི་ནུས་པ་དང་འཇོན་ཐང་ཚད་འཇལ་བྱེད་ཀྱི་མ་ལག་གལ་ཆེན་ཞིག་ཏུ་གྲུབ་ཡོད།
དེ་བས། ས་གནས་རིམ་པ་ནས་རྒྱལ་ཁབ་རིམ་པའི་མི་སྣ་སྐྱེད་སྲིང་དང་ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་རྒྱུགས་ལེན་ལམ་ལུགས་ཀྱི་ཐབས་ཤེས་ལག་བསྟར་མ་བྱས་པ་གཅིག་ཀྱང་མེད་པས། རྒྱུགས་གཞི་ཚད་ལྡན་དུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་པའི་བྱ་གཞག་གལ་ཆེན་ཞིག་ཡིན།
སློབ་རིམ་སོ་སོར་རང་རང་གི་ཐུན་མོང་གི་སྦྱངས་བྱ་ཡོད་པ་ནི་སྨོས་མ་དགོས་མོད། ཡིན་ཡང་། སློབ་སྐབས་རེ་རེར་སྦྱོང་བའི་བསླབ་གཞིའི་ནང་དོན་ལ་གཙོ་གནད་དང་དཀའ་གནད་ཡོད་པ་བཞིན་དུ། སློབ་སྐབས་དེར་སྦྱོང་བའི་ནང་དོན་གཙོ་བོ་གང་ཡིན་པ་དེ་འབུར་དུ་ཐོན་པའི་སྒོ་ནས་སློབ་སྦྱོང་བྱེད་པ་དང་། ལོ་མཇུག་གི་རྒྱུགས་གཞིའི་ཁྲོད་དུའང་སྦྱང་བྱའི་ནང་དོན་གཙོ་བོར་འཛིན་རྒྱུ་ནི་བསླབ་གཞིའི་དགོངས་པ་ཡིན། དཔེར་ན། མཐོ་རྒྱུགས་ཁྲོད་ཀྱི་སྐད་ཡིག་རྒྱུགས་གཞི་ལྟ་བུར་མཚོན་ན། བོད་ཀྱི་བརྡ་སྤྲོད་རིག་པའི་གཞུང་སྟེ། སུམ་ཅུ་པའི་རྣམ་དབྱེ་དང་ཚིག་ཕྲད་སྦྱོར་ཚུལ་དང་། རྟགས་འཇུག་གི་དངོས་པོ་བདག་གཞན་དང་དུས་གསུམ་གྱི་རྣམ་གཞག་དང་། བྱ་བྱེད་ལས་གསུམ། བསླབ་གཞིར་བཀོད་པའི་ཚིག་རྒྱན་རིག་པའི་ཤེས་བྱ་སྟེ། དཔེ་རྒྱན་དང། གཟུགས་རྒྱན་དང་། ཕུལ་བྱུང་གི་རྒྱན་དང་། རབ་རྟོག་གི་རྒྱན་དང། བསྡུས་བརྗོད་ཀྱི་རྒྱན་དང་། ཕྲ་མོའི་རྒྱན་དང་། ཉམས་ལྡན་གྱི་རྒྱན་སོགས་དང་། དེ་མིན་བསླབ་གཞིར་བཀོད་པའི་བསྡུས་གྲྭའི་ཤེས་བྱའི་རྣམ་གྲངས་དང་། གཞན་ད་དུང་བསླབ་གཞིར་བཀོད་པའི་གནའ་དེང་མཁས་པའི་བརྩམས་ཆོས་ཀྱི་ཉིང་བཅུད་དང་གཙོ་གནད་དག་མཐོ་རྒྱུགས་ཁྲོད་གང་ལ་གང་འགབ་ཀྱིས་ལེགས་པར་འགོད་རྒྱུ་ནི་གནད་དམ་པའོ། །
ཡིན་ཡང་། དེང་གི་བོད་རིགས་ཀྱི་སྤྱི་ཚོགས་སུ་རིག་གནས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་། འཆད་རྩོད་རྩོམ་པའི་ལས་ལ་ཆགས་ཐོགས་མེད་པའི་མཁས་པ་ནི་མང་དུ་སྲིད་ཀྱང་། བོད་རིགས་ཀྱི་སྤྱི་ཚོགས་དངོས་ལ་དོ་སྣང་བྱེད་མཁན་དང་། བོད་རིགས་ཀྱི་རྨང་གཞི་སློབ་གསོའི་ཕྱོགས་སུ་ཐུགས་མཉམ་འཇོག་མཁན་ནི་ཉུང་བས་ཉུང་བ་ཞིག་ལས་མེད་པར་བསམ། ཅིའི་ཕྱིར་ཞེ་ན། བོད་རིགས་ཀྱི་སློབ་ཆུང་མཐར་ཕྱིན་པའི་རྒྱུགས་གཞིའི་ནང་དོན་ལ་མིང་དང་མིང་གི་དབྱེ་བ་དང་། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གི་ཁྱད་པར། སུམ་ཅུ་པའི་བརྗོད་བྱ་གཙོ་བོ་ནི་ཅི། སློབ་དཔོན་ཐོན་མིས་བརྩམས་པའི་བརྡ་སྤྲོད་རིག་པའི་གཞུང་ནི་གང་དག ལེགས་སྦྱར་སྐད་བོད་སྐད་དུ་ཐོག་མར་སྒྱུར་མཁན་ནི་སུ། སངས་རྒྱས་བསྟན་པའི་མཚན་ཉིད་ཅི། འཇིག་རྟེན་ཆོས་བརྒྱད་ནི་གང་དག་ཡིན། སྟོན་པ་ཤཱཀྱ་ཐུབ་པས་ཐོག་མར་ཡུལ་གང་ནས་མི་གང་དག་ལ་ཆོས་གསུངས་པ་རེད། རིག་གནས་ཆེ་བ་ལྔ་ལས་གཞན་རྗེས་སུ་འཛིན་པའམ་གཞན་ལ་ཕན་འདོགས་པའི་རིག་པ་ནི་གང་ཡིན་ལྟ་བུའི་དྲི་གཞི་བཏོན་ཡོད་པ་དང་།(ཀན་ལྷོའི་སློབ་ཆུང་མཐར་ཕྱིན་གྱི་རྒྱུགས་གཞི་གཞིར་བཟུང་བ་ཡིན)མཐོ་རྒྱུགས་ཀྱི་ནང་དོན་ལའང་གོང་གསལ་གྱི་ནང་དོན་དེ་དག་རང་བཞིན་གྱིས་ཐོན་ཡོད་པས། བོད་རིགས་ཀྱི་སློབ་གསོ་ནི་བདག་པོ་མེད་པའི་རོང་པའི་ས་ཞིང་ཇི་བཞིན་གང་དྲན་དྲན་བྱེད་པ་འདི་ནི་ཧ་ཅང་ཡིད་མུག་དགོས་པའི་གནད་དོན་ཆེན་པོ་ཞིག་རེད་སྙམ་བཞིན་ཡོད།
སློབ་མའི་ལོ་ན་དང་དེའི་ཤེས་རིག་གི་རྨང་གཞིའི་ཆུ་ཚད་དང་། སློབ་རིམ་དང་དེའི་སྦྱང་བྱའི་ནང་དོན་བཅས་ལ་བསམ་གཞིག་ལེགས་པོ་མི་གཏོང་བ་དང་། རྒྱུགས་གཞི་གང་འདྲ་ཞིག་བཅའ་བའི་སྐབས་སུ་བསླབ་ཚན་ཚད་གཞི་གཙིགས་སུ་མི་འཛིན་པར་མཐོང་ཐོས་དཀོན་པའི་དྲི་གཞི་དང་། དྲི་གཞི་ཡ་མཚན་ཅན་དང། རྒྱུགས་གཞི་ཡ་མ་གཟུགས་སོགས་བཅའ་བར་འབྲེལ་ཡོད་སློབ་གསོ་དོ་དམ་ལས་ཁུངས་དང་། འབྲེལ་ཡོད་མགོ་ཁྲིད་ཀྱིས་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། རྒྱུགས་གཞིའི་གནད་དོན་ལ་དབྱེ་ཞིབ་དང་མཛུབ་སྟོན་བྱས་ཏེ་རྒྱུགས་གཞིའི་ནང་དོན་དང་ལམ་ལུགས་ཚད་ལྡན་ལེགས་ལམ་དུ་བསྐྱོད་རྒྱུ་ནི་ང་ཚོ་མི་རབས་འདིའི་ཕྲག་ལ་བབས་པའི་བགྱི་བ་རླབས་ཆེན་ཞིག་ཡིན་ནོ། །
དྲུག་པ། སློབ་གྲྭ་ཆུང་འབྲིང་གི་དངོས་ཡོད་སློབ་གཞིར་ཅུང་ཟད་དཔྱད་པ།
སློབ་ཆུང་ལོ་རིམ་དྲུག་པའི་སྨད་ཆར་རྗེ་གུང་ཐང་བསྟན་པའི་སྒྲོན་མེས་བརྩམས་པའི་ཇ་ཆང་ཐ་མ་ཁའི་ཉེས་དམིགས་ཞེས་པའི་རྩོམ་ཡིག་འདི་བཀོད་སྒྲིག་བྱས་ཡོད། ཇ་ཆང་ཐ་མ་ཁའི་ཉེས་དམིགས་ཞེས་པའི་སྙན་རྩོམ་འདིའི་ཚིག་སྦྱོར་དང་བརྗོད་དོན་གང་ཅིའི་ཐད་ནས་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཞིག་གི་ལོ་ཚོད་དང་བློ་ཁ་དང་འཚམ་པ་ཞིག་གཏན་ནས་མིན་པ་དང། སྤྱིར་སྙན་རྩོམ་འདི་ལྟ་བུ་ནི་མཐོ་འབྲིང་གི་བསླབ་གཞི་གང་རུང་ཞིག་ཏུ་བཀོད་སྒྲིག་བྱས་ན་ཅུང་ལེགས་པར་སྙམ་སྟེ། མཐོ་འབྲིང་གི་སློབ་མ་ཞིག་ལ་མཚོན་ན་ལོ་ན་བཅུ་བདུན་བཅོ་བརྒྱད་ཙམ་ལ་སོན་ཡོད་པ་དང། ཤེས་རིག་གི་རྨང་གཞི་དང་བསམ་པའི་བློ་སྟོབས་ཀྱང་ཆེར་རྒྱས་ཡོད་པས། སྙན་རྩོམ་དེ་ལྟ་བུ་ལ་སློབ་སྦྱོང་བྱས་ན་བློ་རིག་གིས་འཆུམས་པར་མ་ཟད། སློབ་མ་རྣམས་ལོ་ན་ཆེར་སོན་པ་ན། ཕྱི་རྐྱེན་དང་ནང་རྐྱེན་གང་མང་གིས་ཇ་ཆང་ཐ་མ་ཁ་ལོངས་སུ་སྤྱོད་པའི་འདུན་པ་དྲག་པོ་ཡོད་པའི་སྐབས་སུ་སྙན་རྩོམ་འདི་ལྟ་བུས་ཇ་ཆང་ཐ་མ་ཁའི་ཉེས་དམིགས་ཀྱི་སློབ་གསོ་ལ་བརྟེན་ནས་སློབ་མ་ཚོ་དེའི་ཉེས་པ་ལས་བཟློག་པའི་སློབ་གསོ་ཐོབ་ཐུབ། དེ་བས་ན། སྙན་རྩོམ་དེའི་རྩོམ་རིག་གི་རིན་ཐང་ཡང་བསླབ་གཞིའི་ཁྲོད་མངོན་གསལ་གྱིས་ལེགས་འགྲུབ་བྱུང་ཡོང་།
ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞི་ཚོད་ལྟའི་སློབ་དེབ་དང་པོར་རྗེ་ཐམས་ཅད་མཁྱེན་པའི《བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ཞེས་པའི་གཞུང་འདི་བཀོད་ཡོད་མོད། སྤྱིར་མཉམ་མེད་རྗེ་ཙོང་ཁ་པའི་གསུང་རྣམས་ནི་དགོངས་པ་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ་དང་། ཡིག་འབྲུ་རེ་རེས་ཀྱང་དོན་རྒྱ་ཆེན་པོ་སྟོན་ནུས་པ་དང་། ཁུངས་ཁྱད་པར་ཅན་རེ་མེད་མི་སྲིད་པ་དང་། ཁྱད་པར་དུ《བླ་ན་མེད་པའི་རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ》ཞེས་པའི་སྙན་རྩོམ་འདིའི་བརྗོད་བྱ་ནི་རྒྱ་ཆེ་ཞིང་གྲངས་མང་བའི་ཤེས་བྱའི་ཆོས་མཐའ་དག་གམ་འཇིག་རྟེན་གྱི་ཁམས་འདིར་བདོག་པའི་དངོས་པོ་ཇི་སྙེད་པ་མཐའ་དག་གི་བླ་ནའམ་སྟེང་ངམ་གོང་ན་མེད་པ་ནི་རིན་པོ་ཆེ་ཡིན་ལ། དེའི་བྱེད་ལས་ལྡན་པའི་གང་ཟག་ཤེས་རབ་ཅན་དང་། གཞུང་ལུགས་གདམས་པར་ཤར་བ། སྙན་ངག་ཤེས་པ་སྟེ་གསུམ་གྱི་སྒོ་ནས་ཆོས་ཀྱི་རྒྱལ་པོ་རྗེ་བདག་ཉིད་ཆེན་པོས་ཡས་གཏམ་དམ་པ་ལྷ་ཆོས་ཀྱི་སྦྱོར་བ་བྱེད་འདོད་པ་ནི་བསྟན་བཅོས་འདིའི་མཚན་བྱང་ཡིན་ལ་བསྟན་དོན་ཡང་ཡིན། བདག་དང་བདག་ལྟ་བུའི་ནང་བསྟན་ཤེས་རིག་གི་གོ་བ་མེད་པ་དང་ཤེས་རྒྱ་ཞན་པའི་གསར་སློབ་པ་དག་ལ་མཚོན་ན་བསླབ་ཚན་འདི་ལྟ་བུར་ཕྲད་ཚེ་ལོང་བར་ནམ་མཁའ་བསྟན་པ་དང་འདྲ་ལ། རང་གིས་མི་ཤེས་པར་གཞན་ལ་འཁྲིད་རྒྱུ་ནི་ལོང་བས་ལོང་བར་འཁྲིད་པ་དང་གཉིས་སུ་མེད་དོ ། །
དེ་བས། ཕུལ་དུ་བྱུང་བའི་གཞུང་དང་བསྟན་བཅོས་འདི་ལྟ་བུ་སློབ་འབྲིང་གི་བསླབ་གཞིར་བདམས་པ་ནི་གདུལ་བྱའི་རྒྱུད་ཚོད་དང་མ་བསྟུན་པ་དང་། ཟ་འདོད་ཀྱི་ཁ་ཡོད་ཀྱང་ཕོ་བས་མི་ཞི་བའི་ཚོད་དུ་འདུག བསྟན་བཅོས་སམ་སྙན་རྩོམ་འདི་ལྟ་བུ་ནི་མཁས་པའི་མདུན་གྲལ་ཚུད་པའི་དཔྱོད་ལྡན་དང་། ཆེད་ལས་ཤེས་ལྡན་པས་སྦྱོང་བའི་གཞུང་ལུགས་ཤིག་ལོས་ཡིན་སྙམ་པའི་བསམ་བློ་ཞིག་བཅོས་མིན་དུ་འཆར།
ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། དེབ་གསུམ་པར་བདམས་པའི་སྒྲུང་གཏམ《རི་མགོ་མཐོན་པའི་ཉི་མ》འདིའི་བརྗོད་གཞི་ནི་གཙང་ཁུལ་གྱི་བུ་མོ་གོ་བརྗེ་རྒྱག་པ་དང་ཤུག་གཅིག་ཁྱོ་མང་གི་གཉེན་སྒྲིག་ལུགས་སྲོལ་དང་། ཡུལ་སྲོལ་གོམས་གཤིས་ཁྱད་པར་བ་དེ་ཡིན། བསླབ་ཚན་འདིས་སློབ་དེབ་ཧྲིལ་པོ་ལས་ཤོག་གྲངས་བཅུ་གསུམ་ཙམ་ཟིན་པ་དང་། སྡེབ་གྲངས་ཉེར་ལྔ་ཙམ་ཟིན་ཡོད། བསླབ་ཚན་གྱི་ནང་དོན་དཀའ་རྒྱུ་མེད་ནའང་སློབ་དེབ་ལས་ས་ཆོད་ཧ་ཅང་ཆེན་པོ་ཟིན་ཡོད་པས། རྒྱུན་ལྡན་གྱི་སློབ་ཁྲིད་དུ་དགེ་སློབ་རྣམས་ལ་མཚར་སྣང་དང་དགའ་སྣང་གི་ཚོར་བ་སྐྱིད་པོ་ཞིག་སྟེར་མི་ཐུབ་པར་མ་ཟད། རིང་ཞིང་རིང་བ་དང་ཁྲིད་ནས་ཚར་རྒྱུ་མེད་པའི་སྣང་བ་ཞིག་སྟེར་ངེས།
གཞན་ཡང་། ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་དམའ་འབྲིང་དང་མཐོ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་དག་ལས་འགྱུར་རྩོམ་གྱི་རིགས་མི་ཉུང་བ་ཞིག་ཡོད། སྤྱིར་འགྱུར་རྩོམ་ལ་དེའི་ཐུན་མིན་གྱི་མཚོན་བྱའི་བསྟན་དོན་དང་མཚོན་བྱེད་ཀྱི་རྗོད་བྱེད་ཕུན་སུམ་ཚོགས་པ་ཡོད་པ་ནི་བརྗོད་དུ་མེད་པའི་དོན་དངོས་ཡིན། ཡིན་ན་ཡང་། སྐུ་ཞབས་ལུའུ་ཞུན་གྱི《ཁུང་ཡུ་ཅི》ཞེས་པའི་རྩོམ་ཡིག་དེ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ།(བོད་རིགས་ས་ཁུལ་གྱིས་བེད་སྤྱོད)རྒྱ་ཡིག་གི་བསླབ་གཞི་དེབ་བཞི་པར་བཀོད་ཡོད་པ་དང་། འགྱུར་རྩོམ་དེ་དམའ་འབྲིང་གི་དེབ་དྲུག་པར་བཀོད་ཡོད། ཀྲུའུ་ཙི་ཆིང་གི《པད་རྫིང་གི་ཟླ་འོད》ཅེས་པའི་རྩོམ་ཡིག་དེ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ།(བོད་རིགས་ས་ཁུལ་གྱིས་བེད་སྤྱོད)རྒྱ་ཡིག་བསླབ་གཞི་དེབ་དང་པོར་བཀོད་ཡོད་པ་དང། འགྱུར་རྩོམ་དེ་ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་དང་པོར་བཀོད་ཡོད། ཅ་ཙུའུ་ཀྲང་གི《མེ་ཏོག་འདི་འདྲའི་དམར་དོན་ཅི》ཞེས་པའི་རྩོམ་ཡིག་དེ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ།(བོད་རིགས་ས་ཁུལ་གྱིས་བེད་སྤྱོད)རྒྱ་ཡིག་བསླབ་གཞི་དེབ་གཉིས་པར་བཀོད་ཡོད་པ་དང། འགྱུར་རྩོམ་དེ་ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་གཉིས་པར་བཀོད་ཡོད།
ཆི་ཧོ་ཧྥུའི《ཤུབས་སུ་འཛུལ་བའི་མི》ཞེས་པའི་རྩོམ་ཡིག་དེ་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་དེབ།(བོད་རིགས་ས་ཁུལ་གྱིས་བེད་སྤྱོད)རྒྱ་ཡིག་བསླབ་གཞི་དེབ་གསུམ་པར་བཀོད་ཡོད་པ་དང་། འགྱུར་རྩོམ་དེ་ལྗོངས་ཞིང་ལྔས་མཉམ་སྒྲིག་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ་གསུམ་པར་བཀོད་ཡོད། རྒྱའི་སྐད་ཡིག་གི་བསླབ་གཞིར་བཀོད་ཡོད་པ་དེ་སླར་རང་རེའི་བསླབ་གཞིར་བསྐྱར་བཀོད་བྱས་ན་ནང་དོན་བསྐྱར་ཟློས་སུ་སོང་ཡོད་པ་དང་། རྒྱའི་རྩོམ་ཡིག་དེ་དག་རྒྱ་རིགས་དགེ་རྒན་གྱིས་ཁྲིད་རྗེས་སླར་ཡང་ང་ཚོས་བོད་ཡིག་གི་ངོས་ནས་ཁྲིད་ན། སློབ་མ་རྣམས་སུན་སྣང་མི་སྐྱེས་པའི་ཐབས་མེད། དེ་བས། འགྱུར་རྩོམ་ང་ཚོའི་བསླབ་གཞིར་བཀོད་ན་ལེགས་པའི་ཆ་ནི་ཡོད་མོད་ཀྱི། གོང་གི་འགྱུར་རྩོམ་དེ་དག་བཞིན་ང་ཚོའི་བསླབ་གཞིར་བསྐྱར་ཟློས་སུ་བཀོད་པར་ཅུང་མ་གྲུང་བའི་ཆ་ཞིག་ཡོད་པར་བསམ་མོད། ཡིན་ཡང་། ཕྲན་གྱིས་དྲན་ཚུལ་ཙམ་ལས་བདེན་མིན་ཀུན་གྱིས་དཔྱད་པར་རིགས་སོ། །
བསླབ་ཚན་ཚད་གཞི་དང་བསླབ་ཚན་དམིགས་ཡུལ་སོགས་གོང་དུ་བཤད་ཟིན་པ་ལྟར་རྒྱལ་ཁབ་རིམ་པས་སྤྱོད་པའི་ཚད་ལྡན་གྱི་བསླབ་གཞི་ཞིག་ལ་དེར་ངེས་པར་དུ་ཡང་དག་གི་ཆབ་སྲིད་བསམ་བློའི་ཕྱོགས་སྟོན་རང་བཞིན་དང་། ཡངས་ཤིང་གཏིང་ཟབ་པའི་རིག་གནས་ཤེས་བྱའི་ཉེར་སྤྱོད་རང་བཞིན་དང་། ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་མི་རིགས་རང་བཞིན་དང་། སྤྱི་ཚོགས་སྟེང་གི་ལས་རིགས་སོ་སོའི་ཤེས་ལྡན་མི་སྣས་ཚད་མར་བཟུང་ཆོག་པའི་ཚད་ལྡན་གྱི་བསླབ་གཞི་ཞིག་ཡིན་དགོས་པ་ནི་སྨྲ་མི་དགོས་པ་ཞིག་ཡིན་མོད་ཀྱི། ནང་དོན་དང་སྒྲིག་ཚུལ་གྱི་ཐད་དུ་བོད་གངས་ཅན་གྱི་ལྗོངས་སུ་སྙན་པའི་གྲགས་པ་འབྲུག་ལྟར་གྲགས་པའི་རྩོམ་སྒྲིག་མཁས་པ་མང་པོའི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཤ་སྟག་ཡིན་པས། ཅོལ་ཆུང་བདག་ལྟ་བུར་དོན་གྱི་འཁྲུལ་བའི་ཐད་དུ་རང་གི་བསམ་ཚུལ་བརྗོད་པའི་སྤོབས་པ་ཡོད་མི་སྲིད་ཀྱང་། ཚིག་གི་འཁྲུལ་བ་མི་ཉུང་བ་ཞིག་ཡོད་དེ། དཔེར་ན། ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། དེབ་གཉིས་པའི་བསླབ་ཚན༩པ། ཚིགས་སུ་བཅད་པ་བརྒྱ་པ་ལས། ཤོག་གྲངས༥༡སྟེང་གི“འདུ་འཛི་ཀུན①‘དུ’སྤང་བར་བྱ”‘ཏུ’དང་། བསླབ་ཚན༡༥བ། བོད་ཀྱི་མིང་དང་བཅས་པའི་ཐ་སྙད་འགའ་ལ་དཔྱད་པ་ཞེས་པ་ལས། ཤོག་གྲངས༡༠༣སྟེང་གི“འབྲོམ་གྱིས་ཇོ་བོ་ལ་བོད་ཆེན་པོ་ན་བསམ②‘ཡུས’གཙུག་ལག་ཁང་དང་དགེ་འདུན་གྲངས་མེད་པ་བཞུགས”“བསམ་ཡས”དང། དེབ་དེའི་གོ་བརྡ་སྤྲོད་པ་དང་བརྗེ་རེས་ལས། རྟགས་འཇུག་གི་དཀའ་གནད་གསལ་བའི་མེ་ལོང་གི་འགྲེལ་པ་རིགས་ལམ་གསེར་གྱི་ལྡེ་མིག་ལས། ཤོག་གྲངས༡༡༡སྟེང་གི“མིང་གཞི་མ་ནིང་རྗེས་སུ་ནི། ། ཡང་འཇུག་མེད་པར་ཞུགས་པ་ན། ། དྲག་ཞན་གང་དུའང་མི་འགྱུར་བས། །མཚན③‘གཉིས’མ་ནིང་ཞེས་སུ་འདོད ། །”ཅེས་པར“མཚན་མེད”དང་། ཤོག་གྲངས༡༡༣སྟེང་གི④“འཕལ་ཁ”ཞེས་པའི“འཕེལ་ཁ”དང། ཤོག་གྲངས༡༡༤སྟེང་གི“ལྷག་བཅས། འབྱེད་སྡུད།⑤‘བསྣན་པ།’བདག་སྒྲ། ཚེ་སྐབས་སོགས་ཞེས་པའི”“བརྣན་པ”དང་། ཤོག་གྲངས༡༢༤སྟེང་གི“མིག་ཟུར་གྱི་ཆར་ཨུཏྤལ་ལྷུང་བ་ལ་མིག་ཟུར་ལྟ་བ་དེ⑥‘རབ་བཏགས’ཀྱི་ས་བོན་བྱས་ནས།”ཞེས་པའི“རབ་རྟོག”དང་། ཤོག་གྲངས༡༢༧སྟེང་གི“ཚོགས་དབུས་ལང་ཚོ་རབ་རྫོགས་ཟླ་བཞིན་མས། ། དངུལ་དཀར་དྲི་མེད་ལས་གྲུབ་བཞིན་གྱི་སྣོད། ། མཁའ་ལ་འཕྱར་ཏེ་ས་གཞིར་བཙུགས་པའི་འགྲམ། ། ཀུན་དའི་མེ⑦‘ཏོ’ཟུང་ཞིག་བཞག་ནས་སོང་། །”ཞེས་པའི“ཏོག”དང་། ལྗོངས་ཞིང་ལྔས་མཉམ་བསྒྲིགས་བསླབ་གཞི་མཐོ་རིམ་སློབ་འབྲིང་གི་བསླབ་ཚན་ཚད་གཞིའི་ཚོད་ལྟའི་སློབ་དེབ། དེབ་གསུམ་པའི་སྟེང་གི་བསླབ་ཚན༡༢པའི་མཇུག་གི་ཤོག་གྲངས༡༢༩སྟེང་གི་སྦྱང་གཞི་གཉིས་པ།“བསླབ་ཚན་འདིར་གཤིབ་སྡུར་གྱི་གསལ་བཤད་བྱེད་ཐབས་བཀོལ་ནས་མིའི་རིགས་འཕོ་འགྱུར་བྱུང་བའི་དུས་རིམ⑧‘གསུམ’བརྗོད་ཡོད། བསླབ་ཚན་ཞིབ་པར་བཀླགས་རྗེས།”ཞེས་པའི་འཕོ་འགྱུར་གྱི་དུས་རིམ‘བཞི’དང་། དེབ་དེའི་བསླབ་ཚན༡༤པ། གངས་ལྗོངས་ཀྱི་རྣམ་ཤེས་ཞེས་པའི་ཤོག་གྲངས༡༥༣སྟེང་གི⑨“ཐོ་རེངས་སྐར་ཆེན་དང་མཚུངས་པའི་མིག་ཟུང་ཆེམ་ཆེམ་དུ་རྡེབ་བཞིན”ཞེས་པའི“ཐོ་རངས”སོགས་ནི་བསླབ་གཞི་དེ་དག་ཏུ་མཐོང་བའི་ཚིག་གི་འཁྲུལ་བའམ་ཡིག་ནོར་དག་ཡིན། རྩོམ་པ་པོ་དག་གི་བརྩམས་ཆོས་འདི་དག་བསླབ་གཞིར་ཇི་བཞིན་འགོད་པར་འཁྲུལ་བ་མི་ཉུང་བ་བྱུང་ཡོད་པ་ནི་ངེད་ཅག་གི་དོན་གཉེར་མ་བྱས་པའི་ཆ་ལོས་ཡིན་བསམ་བཞིན་ཡོད། སྤྱིར་རྒྱལ་ཁབ་རིམ་པས་སྤྱོད་པའི་བསླབ་གཞི་ཞིག་ལ་ནོར་འཁྲུལ་འདི་འདྲའི་མང་པོ་འབྱུང་བ་ནི་མི་སྲིད་པ་ཞིག་ཡིན་མོད་ཀྱི། མི་རིགས་གཞན་གྱི་བསླབ་གཞིར་དོན་གྱི་འཁྲུལ་བ་ཕར་ཞོག་ཐ་ན་ཡིག་ནོར་གཅིག་ཀྱང་ཡོད་མི་སྲིད་པའི་ཚད་དུ་སླེབས་ཡོད།
རྒྱལ་ཁབ་སློབ་གསོ་པུའུ་ཡིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་གཞི་རྩོམ་སྒྲིག་གི་ཐད་དུ་བླང་བྱ་ནན་མོ་གནང་ཡོད་མོད། འུ་ཅག་གིས་ལག་ལེན་སྟེང་ནས་བླང་བྱ་དེ་དག་དོན་འཁྱོལ་བྱེད་ཐུབ་ཀྱི་མེད་པ་འདྲ།
བདུན་པ། མཇུག་སྡུད་པ།
དེ་ཡང་མ་ཧཱ་པཎྜི་ཏ་རྗེ་བཙུན་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་སློབ་རྣམས་ལ་གནང་བའི་གསུང་བཤད་ལས། སློབ་གྲྭ་ཆུང་བ་དང་འབྲིང་དང་མཐོ་བ་བཅས་ཀྱི་བོད་ཡིག་གི་ཚད་གཞི་དེ་ཅི་འདྲ་ཞིག་ཏུ་འཇོག་དགོས་པའི་སྐོར་ལ་ཞལ་ཏ་གནང་བ་ནི། སློབ་གྲྭ་ཆུང་བའི་དབང་དུ་བཏང་ན། ཕྲལ་སྦྱོར་ཀློག་གི་སྒོ་ནས་ཡི་གེ་ངོས་འཛིན་དང་། དེ་ནས་དབུ་ཅན་དང་དབུ་མེད་འབྲི་ཚུལ་སྐོར་གལ་ཆེ་བར་བསམ། སློབ་གྲྭ་འབྲིང་བའི་དབང་དུ་བཏང་ན། ཐོབ་ཐང་ནས་བཟུང་སྟེ་སུམ་རྟགས་དང་། དེ་དག་གི་དཔེར་བརྗོད་ཆ་ཚང་བ། དེ་ནས་དག་ཡིག་དཀའ་སླའི་སྐོར་ཐམས་ཅད་ཤེས་པ་འདིའི་ཚད་གཞི་རེད་སྙམ། སློབ་གྲྭ་མཐོན་པོའི་དབང་དུ་བཏང་ན། སྒྲ་དང་སྡེབ་སྦྱོར། སྙན་ངག སྐར་རྩིས། ལོ་རྒྱུས། རྒྱ་དང་དབྱིན་ཇིའི་སྐད་ཡིག ཚན་རིག་གསར་བའི་སྐོར་འདི་ཐམས་ཅད་ནང་དུ་འདུས་ཡོད་པར་བསམ། རབ་ཡིན་ན་བསྡུས་སྦྱོར་རིགས་པ་འདི་དེའི་ཚད་གཞིར་འཇོག་དགོས་བསམ་ཞེས་གསུངས་ཡོད་པ་དང་། ཡང་སྤྱི་ལོ་ཆིག་དགུ་གྱ་གསུམ་པའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་དང་ཉེར་དགུའི་ཐུན་གཉིས་ལ་ཀན་ལྷོའི་རྩོམ་རིག་སྒྱུ་རྩལ་ཚོགས་པས་བསྡུས་པའི་སློབ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་འབེལ་གཏམ་བྱས་པ་ལས། དེ་ཡང་ཐོག་མར་ཀ་ཁ་ནས་བཟུང་ཕྲལ་ཀློག་དང་སྦྱོར་ཀློག་བསླབ་དགོས། དེ་མིན་བོད་རིགས་སློབ་གྲྭ་པ་ཚོར་ཚེག་འདེད་བྱེད་མི་ཤེས་པ་མང་པོ་ཡོད་དེ། ཚེག་འདེད་མ་ཤེས་ན་ཀློག་སློབ་པ་ལ་རྨང་གཞི་མེད་པའི་སྐྱོན་ཡོད། དེ་དང་མཉམ་དུ་འབྲི་ཤེས་དགོས། དེ་ལ་ལག་ཁྲིད་གལ་ཆེ། རང་བཟོ་བྱས་པས་ས་རྒྱ་མི་ཆོད། ཐོབ་ཐང་ཞེས་པ་དེ་གལ་ཆུང་ཞིག་ཏུ་འཇོག་མི་ཉན། ཐོབ་ཐང་ནི་སུམ་རྟགས་ཀྱི་རྨང་གཞི་ཡིན་པས་དེ་ལེགས་པར་ཤེས་ན་སུམ་རྟགས་སྦྱོང་བར་ཧ་ཅང་ཕན་པ་ཡོད། ཅེས་གསུངས་ཡོད་དོ། །
དེ་བས། སྔོན་བྱོན་མཁས་དབང་དག་གི་གསུང་གི་བདུད་རྩི་རུ། ང་ཚོ་མི་རབས་རྗེས་མ་རྣམས་ལ་རང་རེའི་སྐད་དང་ཡི་གེ་ཇི་ལྟར་སྦྱོང་བའི་ཐབས་ཤེས་སམ་མན་ངག་ལྷུག་པར་བརྗོད་ཡོད་མོད། རྒྱུན་ལྡན་གྱི་ལག་ལེན་ཁྲོད་དུ་ཁ་བཤད་ཆུ་ཡི་ཝུ་བ་ཙམ་གྱིས་སྣང་མེད་དུ་བསྐྱུར་ཡོད། སློབ་གྲྭ་ཆུང་འབྲིང་སློབ་མས་ཕྲལ་ཀློག་དང་སྦྱོར་ཀློག་ཚད་ལྡན་བྱེད་མི་ཐུབ་པ་ནི་སྤྱི་མཐུན་གྱི་གནད་དོན་ཆེན་པོ་ཞིག་ལ་ཐུག་ཡོད། ང་ཚོས་ཀློག་སློབ་པ་ལ་ཐོག་མར་གསལ་བྱེད་སུམ་ཅུར་དབྱངས་བཞི་སྦྱོར་ཚུལ་སློབ་པ་དང་། དེ་ནས་གསལ་བྱེད་སུམ་ཅུར་རྗེས་འཇུག་བཅུ་སྦྱོར་ཚུལ་སློབ་པ་དང་། དེ་ནས་སྔོན་འཇུག་ལྔ་པོ་སྦྱོར་ཚུལ་དང་། རིམ་བཞིན་མགོ་ཅན་དང་འདོགས་ཅན་དག་ལོ་ཧྲིལ་པོ་གཅིག་ནས་གཉིས་ལ་སྦྱོང་དགོས་ཀྱང་། ད་ལྟའི་བསླབ་གཞིའི་རེ་འདུན་ལྟར་ན་སློབ་སྐབས་གཅིག་གི་འཆར་གཞིར་བཀོད་ཡོད། གནད་ཀ་འདི་ནི་སྐད་ཡིག་རྨང་གཞི་མཐོར་འདེགས་བྱེད་མི་ཐུབ་པའི་དཀའ་གནད་ཅིག་ཨེ་ཡིན་བསམ་བཞིན་ཡོད།
དེ་མཚུངས་སུ་མིང་དང་ཚིག་གི་འཁྲུལ་བ་མི་འབྱུང་བའི་ཕྱིར་དུ་སྔོན་བྱོན་མཁས་པའི་དག་ཡིག་གི་གཞུང་མང་པོ་ཡོད་པ་ལས། དག་ཡིག་མཁས་པ་དགའ་སྐྱེད་ལྟ་བུ་ཆུང་འབྲིང་སློབ་མའི་བསླབ་གཞིར་ཆ་ཚང་བར་བཀོད་ན་ལེགས་པར་སེམས་ཏེ། དེ་ལ་ས་བཅད་ཉུང་བས་འཛིན་བདེ་བ་དང་། དག་ཡིག་དང་འགྲོགས་ཏེ་ཐོབ་ཐང་ཞར་ལ་གསུངས་ཡོད་པས་སྤྱོད་བདེ་བའི་ཁྱད་ཆོས་ལྡན་ཏེ། དཔེར་ན། རྒྱལ་བའི་བསྟན་པ་ས་བསྟན་ཡིན། །མི་འགྱུར་བརྟན་པ་ར་བརྟན་ཡིན། ། རང་གིས་བསྟེན་པ་ས་བསྟེན་ལ། ། གཞན་ལ་བརྟེན་པ་ར་བརྟེན་ཡིན། ། ལྟ་བུ་དང་། ཡང་དེ་ཉིད་ལས། དེ་ཡང་དགའ་འོ་བདེ་འོ་སོགས། ། རྫོགས་ཚིག་ལ་ནི་འོ་ཉིད་དེ། ། མཛེས་དགའ་བོ་དང་ཀུན་དགའ་བོ། ། མཛའ་བོ་དཔའ་བོ་ངོ་བོ་དང་། །སྤྱི་བོ་ལ་སོགས་མིང་གི་ཆ། ། ཞེས་པ་ལྟ་བུའོ། ། གསལ་ཞིང་དག་པའི་སྒོ་ནས་རང་རེའི་སྐད་ཡིག་གི་ཆོས་ཉིད་མངོན་པར་གསུངས་པ་འདི་དག་ནི་ང་ཚོ་ཆུང་འབྲིང་སློབ་མའི་བསླབ་གཞིར་ཅིའི་ཕྱིར་མ་བཀོད་པ་ཡིན་ནམ་སྙམ་བཞིན་ཡོད།
སྤྱི་ཚོགས་གོང་འཕེལ་དུ་འགྲོ་བ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱང་དེར་བསྟུན་གྱིས་ཡར་རྒྱས་སུ་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན། དེ་བས། བསླབ་གཞི་རྩོམ་སྒྲིག་ཁང་གི་མི་རེ་གཉིས་ཀྱིས་རང་ལྟ་མཆོག་འཛིན་གྱིས་རང་གི་དེ་ནི་བདེན་གྱི་གཞན་གྱི་ནི་རྫུན་ནོ་ཞེས་པའི་བསམ་བློ་མཁྲེགས་འཛིན་མི་བྱེད་པར་སྤྱི་ཚོགས་སྟེང་གི་ཆེད་ལས་མཁས་པ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་ཉམས་མྱོང་ཅན་རྣམས་གདན་འདྲེན་བྱས་ཏེ་དུས་རབས་གསར་པའི་ཁྱད་ཆོས་མངོན་པར་གསལ་བ་དང་། སྤྱི་ཚོགས་ཀྱི་འགྲོས་དང་མཐུན་པ། རང་མི་རིགས་ཀྱི་བཅུ་ཕྲག་རིག་གནས་ཀྱི་གྲ་མ་ཆག་ཅིང་གྲུ་མ་ཉམས་པར་བཅུད་ཀྱིས་གཏམས་པ་དང་། མི་རིགས་དང་རྒྱལ་ཁབ་གཞན་གྱི་སྔོན་ཐོན་གྱི་རིག་གནས་ཤེས་བྱ་དང་ཐབས་ཤེས་གསར་པས་ཟུར་བརྒྱན་ཏེ། མི་རབས་གསར་པའི་སློབ་མ་རྣམས་ཀྱི་ལོ་ན་དང་འཚམ་ཞིང་བསམ་བློའི་ནུས་ཚོད་དང་རན་པ། གསར་སློབ་པ་དག་གི་འདོད་བློ་ཇི་བཞིན་དུ་སྐོང་ཐུབ་པ་དང་། གཞན་རིགས་ཀྱིས་མཐོང་ན་སྨོན་པ་འཆོར་ཞིང་རང་རིགས་ཀྱིས་བསླབས་ན་ཡིད་དབང་འཕྲོག་པའི་དུས་རབས་གསར་པའི་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་ཚད་ལྡན་ཞིག་རྩོམ་སྒྲིག་བྱ་རྒྱུ་ནི་བོད་ཀྱི་དཔྱོད་ལྡན་སྤྱི་དང་སྒོས་སུ་བསླབ་གཞི་རྩོམ་སྒྲིག་ལས་ཁུངས་ཀྱི་མགོ་ཁྲིད་དང་། རྩོམ་སྒྲིག་པ་ཡོངས་ཀྱི་ཕྲག་ཏུ་བབས་པའི་ཁ་ཚ་དགོས་གཏུགས་ཀྱི་བྱ་གཞག་རླབས་ཆེན་ཞིག་ཡིན་པར་འདོད་བཞིན་ཡོད་དོ། །
① ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་ན་ཕྱག་ལས་གནང་བཞིན་ཡོད།
② ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་ན་ཕྱག་ལས་གནང་བཞིན་ཡོད།