ཞི་ཅིན་ཕིང་གིས་ཤར་བྱང་གི་ཞིང་ཆེན་གསུམ་དུ་རྟོག་ཞིབ་མཛད་པར་མ་ཟད་འགོ་འཛིན་མཛད་ནས་ཤར་བྱང་དར་སྤེལ་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 09-30
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་ཤར་བྱང་གི་ཞིང་ཆེན་གསུམ་དུ་རྟོག་ཞིབ་མཛད་པ་དང་། འགོ་འཛིན་མཛད་ནས་ཤར་བྱང་དར་སྤེལ་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཏང་ཀྲུང་དབྱང་གི་ཤར་བྱང་དར་སྤེལ་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་རབ་དང་རིམ་པ་དངོས་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་རྒྱུན་འཁྱོངས་བྱེད་པ། བསམ་བློ་བཅིངས་འགྲོལ་དང་ཡར་བརྩོན་ལྷོད་མེད། ཁ་ཕྱོགས་དམ་པོར་འཛིན་པ། ངེས་ཤུགས་སྲུང་འཛིན་བྱེད་པ། བཅོས་སྒྱུར་ཟབ་སྤེལ་དང་འགལ་བ་ཁྱད་སེལ། སྙིགས་དོར་བཅུད་ལེན། ཁྱད་སྟོབས་འདོན་སྤེལ་བཅས་བྱས་ནས། སྣང་ཚུལ་གསར་པ་དང་ཁག་ཁུར་གསར་པ། འབད་བརྩོན་གསར་པ་བཅས་ལ་བརྟེན་ནས་ཤར་བྱང་དར་སྤེལ་བྱེད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།
ཟླ་དགུ་པའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་ཞི་ཅིན་ཕིང་སོ་སོར་ཧེ་ལུང་ཅང་ཞིང་ཆེན་དང་། ཅི་ལིན་ཞིང་ཆེན། ལེའོ་ཉིན་ཞིང་ཆེན་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་མཉམ་དུ་ཧེ་ལུང་ཅང་ཞིང་ས་གསར་སྤེལ་ཅན་སན་ཅང་དོ་དམ་ཅུའུ་དང་ཆི་ཆི་ཧ་ཨར་གྲོང་ཁྱེར། ཅི་ལིན་ཞིང་ཆེན་སུང་ཡོན་གྲོང་ཁྱེར། ལེའོ་ཉིན་ཞིང་ཆེན་ལེའོ་དབྱང་གྲོང་ཁྱེར་དང་ཧྥུའུ་ཧྲུན་གྲོང་ཁྱེར་བཅས་སུ་ཕེབས་ནས་ཤར་བྱང་དར་སྤེལ་གྱི་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་མཛད།
ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧེ་ལུང་ཅང་ཞིང་ཆེན་ཞིང་ས་གསར་སྤེལ་ཅན་སན་ཅང་དོ་དམ་ཅུའུ་རུ་ཕེབས་ནས་རྟོག་ཞིབ་མཛད། ཅན་སན་ཅང་ནི་གཙང་གསུམ་བདེ་ཐང་གི་དཀྱིལ་དབུས་སུ་ཡོད་ལ། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་རྟེན་གཞི་གལ་ཆེན་རེད། ཞི་ཅིན་ཕིང་གིས་ཞིང་ས་གསར་སྤེལ་གྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་དང་། རྒྱལ་ཁབ་འཛུགས་སྐྲུན་ལ་རམ་འདེགས། མཐའ་མཚམས་གཏན་འཇགས་ལ་སྲུང་སྐྱོབ་བཅས་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས། དེང་རབས་ཞིང་ལས་ཀྱི་རྟེན་གཞི་ཆེན་པོ་དང་ཁེ་ལས་ཆེན་པོ། ཐོན་ལས་ཆེན་པོ་བཅས་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། ཞིང་ས་གསར་སྤེལ་སྒྲིག་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ཞིང་ས་གསར་སྤེལ་གྱི་ནང་གནས་སྒུལ་ཤུགས་དང་འཕེལ་རྒྱས་གསོན་ཤུགས། སྤྱི་ཡོངས་ཀྱི་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་ཇེ་དྲག་ཏུ་བཏང་སྟེ། ཞིང་ས་གསར་སྤེལ་གྱིས་དེང་རབས་ཞིང་ལས་འཛུགས་སྐྲུན་ཐོན་པའི་རྐང་འཛིན་ནུས་པ་སྔར་ལས་བཟང་པོར་འདོན་དགོས་ཟེར།
ཆི་ཆི་ཧ་ཨར་ནི་བཟོ་ལས་རྟེན་གཞི་རྙིང་པ་ཡིན་ལ། ཅུང་ཆ་ཚང་བའི་སྒྲིག་ཆས་གསར་བཟོ་ཐོན་ལས་ཀྱི་མ་ལག་ཡོད། ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཆི་ཆི་ཧ་ཨར་ནས་རྒྱལ་དབང་སྒྲིག་ཆས་གསར་བཟོ་ཁེ་ལས་ཆེན་པོ་གཉིས་སུ་རྟོག་ཞིབ་མཛད།
ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་མེ་འཁོར་ལ་བཞུགས་ཏེ་སུང་ཡོན་གྲོང་ཁྱེར་ལ་སླེབས་པར་མ་ཟད། དེ་ནས་རླངས་འཁོར་ལ་བསྡད་དེ་མཚོ་ཁྲ་ཀན་དུ་ཕེབས། མཚོ་ཁྲ་ཀན་ནི་རང་རྒྱལ་གྱི་ཚྭ་མེད་མཚེའུ་ཆེན་པོ་བཅུའི་གྲས་ཀྱི་གཅིག་ཡིན་ལ། ཅི་ལིན་ཞིང་ཆེན་གྱི་གཙང་མཚོ་མཉམ་སྦྲེལ་བཟོ་སྐྲུན་གྱི་ལྟེ་བ་རེད། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་དམིགས་བསལ་གྱི་གོ་གནས་སུ་བཞུགས་སྟེ་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས་ལ། མཚོ་ཁྲ་ཀན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་འཕེལ་རྒྱས་གཉིས་ཕན་ཚུན་དམ་དུ་འབྲེལ་ཡོད་པས། མཉམ་དུ་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཟེར།
ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ལེའོ་དབྱང་གྲོང་ཁྱེར་དུ་ཕེབས་ནས། ཀྲུང་གོའི་རྡོ་སྣུམ་ལེའོ་དབྱང་རྡོ་འགྱུར་ཀུང་ཟི་ལ་གཟིགས་ཞིབ་མཛད།
ཧྥུའུ་ཧྲུན་གྲོང་ཁྱེར་ནི་ལེ་ཧྥིན་གྱི་ཕ་ཡུལ་གཉིས་པ་ཡིན་ལ། ལེ་ཧྥིན་སྙིང་སྟོབས་ཀྱི་འབྱུང་ཁུངས་ཀྱང་རེད། ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཧྥུའུ་ཧྲུན་གྲོང་ཁྱེར་ལེ་ཧྥན་དྲན་གསོ་ཁང་དུ་ཕེབས་ནས། ལེ་ཧྥིན་གྱི་དུར་བྱང་མདུན་དུ་མེ་ཏོག་གི་ཕྲེང་བ་ཕུལ། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལེ་ཧྥིན་ནི་དུས་རབས་ཀྱི་མིག་དཔེ་ཡིན་པ་དང་། ལེ་ཧྥིན་སྙིང་སྟོབས་ལ་དུས་གཏན་དུ་ཉམས་པ་མེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་དགོས་ན། དུས་རབས་ཀྱི་མིག་དཔེ་སྔར་ལས་མཁོ་པོ་དགོས་པས། ང་ཚོས་ལེ་ཧྥིན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱེད་དགོས་པ་དང་མཉམ་དུ། ལེ་ཧྥིན་གྱི་བྱ་སྤྱོད་ལ་ཡང་སློབ་སྦྱོང་བྱས་ཏེ་བླ་མེད་ཀྱི་ཕུགས་བསམ་ཡིད་རྟོན་དང་ཀུན་སྤྱོད་རང་གཤིས་དེ་སྦྱོར་བ་དངོས་སུ་བསྒྱུར་ནས་སྤྱིར་བཏང་གི་བྱ་བ་དང་འཚོ་བའི་ཁྲོད་ནས་མཚོན་པར་བྱེད་དགོས་ཟེར།
ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲིན་དབྱང་ནས་འགོ་འཛིན་མཛད་དེ་ཤར་བྱང་དར་སྤེལ་ཟབ་མོ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ལེའོ་ཉིན་ཞིང་ཆེན་དང་ཅི་ལིན་ཞིང་ཆེན། ཧེ་ལུང་ཅང་ཞིང་ཆེན། ནང་སོག་རང་སྐྱོང་ལྗོངས་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིས་སྔ་གཞུག་ཏུ་གཏམ་བཤད་དེ། རང་གི་བྱ་བའི་དངོས་དང་སྦྲེལ་ནས། ཤར་བྱང་དར་སྤེལ་གྱི་ངོས་འཛིན་དང་ཉམས་མྱོང་གླེང་ཞིང་། གནད་དོན་བསྟན་པ་དང་བསམ་ཕྱོགས་བཏོན།
ཚང་མས་གཏམ་བཤད་པར་ཉན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཤར་བྱང་ས་ཁུལ་ནི་རང་རྒྱལ་གྱི་བཟོ་ལས་དང་ཞིང་ལས་རྟེན་གཞི་གལ་ཆེན་ཡིན་ལ། རྒྱལ་ཁབ་ཀྱི་རྒྱལ་སྲུང་བདེ་འཇགས་དང་འབྲུ་རིགས་བདེ་འཇགས། སྐྱེ་ཁམས་བདེ་འཇགས། ནུས་ཁུངས་བདེ་འཇགས། ཐོན་ལས་བདེ་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་ཧ་ཅང་གལ་ཆེ་ཞིང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འབྲེལ་ཡོད། དུས་རབས་གསར་པར་ཤར་བྱང་དར་སྤེལ་བྱེད་པ་ནི་ཁྱོན་ཡོངས་དང་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པ་ཡིན་པས། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་། ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་པའི་ཐད་ནས་ངོས་འཛིན་བྱེད་པ་དང་ཁ་ཕྱོགས་དམ་འཛིན་བྱེད་པ། ངེས་ཤུགས་སྲུང་འཛིན་བྱེད་པ། སྙིགས་དོར་བཅུད་ལེན་དང་ཁྱད་སྟོབས་འདོན་སྤེལ། རྒྱུན་འཁྱོངས་ལྷོད་མེད། ཕུ་ཐུང་བརྫེས་ནས་འབད་བརྩོན་བྱེད་པ། ཁོར་ཡུག་བསྐྱར་སྐྲུན་དང་སྣང་བརྙན་བསྐྱར་དར་འབྱུང་བར་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་རྒྱབ་རྟེན་སྟོབས་ལྡན་ཡོད་པར་བྱེད་དགོས་ཟེར།
ཞི་ཅིན་ཕིང་གིས་ཤར་བྱང་དར་སྤེལ་ཟབ་མོ་བྱེད་པའི་ཐད་བླང་བྱ་དྲུག་བཏོན། གཅིག ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་རྨང་གཞིར་བཟུང་སྟེ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས། གཉིས། སྒུལ་ནུས་གསར་པ་སྐྱེད་སྲིང་རྒྱ་བསྐྱེད་བྱེད་པ་གཙོ་གནད་དུ་བཟུང་ནས་གསར་གཏོད་ཡར་སྐུལ་གྱི་ནང་གནས་སྒུལ་ཤུགས་བསྐྱེད་དགོས། གསུམ། གནད་ཕིགས་ཇུས་བསྟར་ལ་ཚན་རིག་དང་མཐུན་པའི་གཅིག་འདོམས་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས། བཞི། སྐྱེ་ཁམས་འཛུགས་སྐྲུན་དང་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་སྔར་ལས་བཟང་པོ་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ཁྱད་སྟོབས་སྲ་བརྟན་མཐོར་འདེགས་སུ་གཏོང་དགོས། ལྔ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཟབ་མོར་འདྲེས་པར་བྱས་ནས་སྒོ་འབྱེད་མཉམ་ལས་ཀྱི་མཐོ་ས་བསྐྲུན་དགོས། དྲུག སྔར་ལས་གཙིགས་འཛིན་སྒོས་དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་ནས་མི་དམངས་ཚོགས་ལ་ཤར་བྱང་དར་སྤེལ་གྱི་ཕན་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་ཟེར།
ཧན་ཀྲིན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅིའི་ཤར་བྱང་དར་སྤེལ་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོངས་ཡོངས་ཀྱི་མཐོ་ཚད་ནས་ཤར་བྱང་དར་སྤེལ་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱེད་དགོས། བཅོས་སྒྱུར་ཟབ་སྤེལ་བྱེད་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས། བསམ་བློའི་ངོས་འཛིན་ཐད་ཀྱི་གནད་དོན་དངོས་སུ་ཐག་གཅོད་པ་དང་། སྒྲིག་སྲོལ་རྐྱེན་སྲོལ་མྱུར་དུ་འཐུས་ཚང་དུ་བཏང་ནས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་དགོས། གསར་གཏོད་ནུས་པ་ཇེ་ཆེར་གཏོང་རྒྱུ་དེ་གཞི་རྩའི་བྱེད་ཐབས་སུ་བརྩིས་ནས། མྱུར་དུ་སྒྲིག་གཞི་ལེགས་སྒྲིག་དང་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ། དངོས་ཕུང་དཔལ་འབྱོར་དར་རྒྱས་གོང་འཕེལ་དུ་གཏོང་དགོས། གསར་སྤེལ་སྒོ་འབྱེད་དེ་ཐབས་ཤེས་གལ་ཆེན་དུ་བརྩིས་ནས། རང་རྒྱལ་གྱིས་བྱང་ཕྱོགས་ལ་སྒོ་འབྱེད་པའི་སྒེའུ་ཁུང་གལ་ཆེན་དང་ཨེ་ཤ་ཡ་ཤར་བྱང་ལ་མཉམ་ལས་བྱེད་པའི་ལྟེ་གནས་བསྐྲུན་དགོས། དམངས་ཚིས་འགན་སྲུང་དང་ལེགས་བཅོས་དེ་གཞི་འཛིན་ས་དང་རྐང་འཛུགས་སར་བརྩིས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་པོར་སྒྲུབ་དགོས་པ་དང་། སྤྱི་ཚགས་འགན་སྲུང་དང་ལས་ཞུགས་སོགས་ཀྱི་དམངས་ཚིས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་དགོས་ཟེར།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1