༄༅།། དགེ་བཤེས་ཆོས་གྲགས་དང་ཁོང་གི་བརྡ་དག་མིང་ཚིག་གསལ་བའི་སྐོར་ལ་དཔྱད་པ།
རྒྱ་གྲོལ། རྩོམ་སྒྲིག་པ།ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-08
རྒྱ་གྲོལ།
དགེ་བཤེས་ཆོས་གྲགས་ཀྱི《བརྡ་དག་མིང་ཚིག་གསལ་བའི》བསྡུས་མིང་ངམ་ཡོངས་གྲགས་སུ《དགེ་བཤེས་ཆོས་གྲགས》ཞེས་འབོད་ཅིང་འདིའི་ནང་དུ་ཐ་སྙད་ཉིས་ཁྲི་དྲུག་སྟོང་ལྷག་བསྡུས་ཡོད། འདི་ནི་སོག་པོའི་དགེ་བཤེས་ཆོས་གྲགས་ཀྱིས(1898--1972)1946ལོར་བརྩམས་ཤིང་། 1949ལོར་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་སྦྱིན་བདག་གནང་སྟེ་ཤིང་པར་བརྐོས། ཤིང་པར་འདི་ནི་དེབ་གཟུགས་སུ་བསྐྲུན་པའི་བོད་ཀྱི་ཤིང་དཔར་ཐོག་མ་ཡིན་པར་མངོན་པས་བོད་ཀྱི་དཔར་གཞིའི་ལོ་རྒྱུས་ལས་ཀྱང་ཆེས་གལ་ཆེ་བ་ཞིག་ཡིན། 1959ལོར་བློ་བཟང་ཆོས་འཕགས་དང་ཀྲང་ཁེ་ཅང་གཉིས་ཀྱིས་ཐ་སྙད་ཡོད་ཚད་རྒྱ་ཡིག་ཏུ་བསྒྱུར་ནས་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
སྔོན་ཆད་དག་ཡིག་འདི་ལུག་གཅིག་བྱིན་ན་ཡང་ཉོ་མི་ཐུབ་ཟེར་ལ། དགེ་རྒན་ཚོས་ཁ་བརྡ་ལས་ལ་ལས་རྟ་གཅིག་བྱིན་ནས་དགེ་བཤེས་ཆོས་གྲགས་ཉོས་པ་ཡང་ཡོད་སྐད། རྗེས་སུ་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་ཐེངས་གཉིས་ལ་དཔར་བས་ལག་ཏུ་ཡོང་དཀའ་ན་ཡང་། རྟ་དང་ལུག་བྱིན་ནས་ཉོ་དགོས་པའི་ཚོད་གཏན་ནས་མི་འདུག རྗེས་སུ་དགེ་བཤེས་ཆོས་གྲགས་ནི་བདག་དང་བདག་འདྲ་བ་རྣམས་ཀྱིས་སྙན་ངག་གི་བསྟན་བཅོས་དང་གནའ་བོའི་དཔེ་ཆ་ཀློག་པར་མེད་དུ་མི་རུང་བའི་ཡོ་བྱད་གལ་ཆེན་ཞིག་ཏུ་གྱུར། དེའི་རྒྱུ་རྐྱེན་ཡང་ཤིན་ཏུ་གསལ་ཏེ་དག་ཡིག་གསར་བསྒྲིགས་ལས་མངོན་བརྗོད་དང་། བརྡ་རྙིང་འཚོལ་མི་ཐུབ་པའི་རྐྱེན་གྱིས་ཡིན།
《བོད་རྒྱ་ཚིག་མཛོད་ཆེན་མོ》བྱུང་བས་ད་གཟོད་མི་རྣམས《དགེ་བཤེས་ཆོས་གྲགས》དང་ཁ་ཐག་ཇེ་རིང་དུ་གྱུར། ཡིན་ན་ཡང《དགེ་བཤེས་ཆོས་གྲགས》ཟེར་བའི་དག་ཡིག་དེ་ངས་གཏན་ནས་བརྗེད་མ་མྱོང་ལ། དེའི་བཀའ་དྲིན་ཡང་ནམ་ཡང་རྗེད་ཐབས་མེད། ད་ལྟ་རྒྱ་གར་ན་ཡོད་པའི་ན་གཞོན་ཕྱོགས་ལྷུང་ཅན་འགའ་རེས《བརྡ་དག་མིང་ཚིག་གསལ་བ》དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པ་མིན་པར་དགེ་འདུན་ཆོས་འཕེལ་གྱི་ཡིན་པར་བཤད་པའི་རྗེས་སུ་གཡམ་ལ་རྒྱུགས་ཏེ་ད་ལྟ་བོད་ནང་དུ་དེ་ལ་ཐེ་ཚོམ་བྱེད་པ་ཤིན་ཏུ་མང་། དེ་བས་ངས་དགེ་བཤེས་ཆོས་གྲགས་དང་། ཁོང་གི་བརྩམས་པའི་བརྡ་དག་མིང་མཛོད་སྐོར་ལ་རགས་ཙམ་དཔྱད་འདོད་པ་ཡིན།
གཅིག དགེ་བཤེས་ཆོས་གྲགས་མི་ག་འདྲ་ཞིག་ཡིན་མིན་ལ་དཔྱད་པ།
ད་ལྟ་ང་ཚོའི་མཐོང་ལམ་དུ་མངོན་པའི་དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་ནི་ཧོར་ཁང་ལགས་ཀྱིས་བྲིས་པའི་རྒྱས་བསྡུས་ཐུང་ངུ་གཉིས་ཡོད་པ་དེ་ལས་མེད། དེ་གཉིས་ཀྱང་མི་གཅིག་གིས་བྲིས་པ་དང་མི་མཚུངས་པར་མི་མཐུན་པ་ཕྲན་ཙམ་ཡོད་མོད་ང་ཚོས་སྤྱིའི་འགྲོ་སྟངས་བཞིན་ཁོང་གིས་བྲིས་པའི་ལོ་རྒྱུས་རྗེས་མ་དེ་ཚད་ལྡན་དུ་བཟུང་ན་ལེགས།
ཁོང་ནི་ས་ཁྱི་སྤྱི་ལོ1898ལོར་སུའུ་ལེན་རྒྱལ་ཁོངས་ཀྱི་སི་སྦིར་ཡ(སྦོ་རས་ཐུ)ཞེས་པའི་ས་ཆར་སོག་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཁོང་གི་ཡབ་ཡུམ་གཉིས་ལ་བུ་གསུམ་དང་། བུ་མོ་གཅིག་བཅས་ཡོད་པའི་ནང་ནས་ཁོང་ནི་བུ་རྒན་པ་རྣམ་སྲས་ཀྱི་འོག་མ་སྟེ། ལོ་བདུན་བརྒྱད་ཙམ་ལ་དེ་གའི་མཚོ་ཁ་གླིང་ཞེས་བྱ་བའི་དགོན་པར་ཞུགས།
དེར་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་ཁག་ཐུགས་འཛིན་གནང་ཞིང་། སོག་པོའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་ཀྱང་སློབ་སྦྱོང་གནང་། ཆུར་རྐྱལ་བ་དང་། སྦེ་ག ཤེད་ཤུགས་རྩེར་སོན་པ་ཞིག་ཡིན་ཞིང་། བོད་དུ་ཕེབས་རྗེས་རྡོ་ཆེན་འདེགས་པ་གནང་བ་དང་། དབྱར་ཁ་སྐྱིད་ཆུ་རྒྱས་སྐབས་ཆུར་རྐྱལ་བ་སོགས་སྐབས་དེར་སེ་ར་དགོན་ནང་དུ་སྐད་གྲགས་ཡོད་པ་ཞིག་རེད། དགུང་ལོ་ཉི་ཤུ་རྩ་ལྔ་ཙམ་ལ་ཕྱག་རོགས་ཁ་ཤས་བཅས་གསང་སྟབས་ཀྱིས་བྲོས་ཏེ་ཏཱ་ཁུ་རལ་དང་། ལན་ཀྲུའུ། ཟི་ལིང་སྐུ་འབུམ་སོགས་བརྒྱུད་ཕེབས་ཏེ་ལྷ་སར་འབྱོར་ནས་སེར་བྱེས་བསམ་བློ་ཁང་ཚན་དུ་ཞུགས།
དགེ་བཤེས་མཆོག་གདན་སར་སློབ་གཉེར་མཛད་དེ་རིམ་བཞིན་རྫོགས་པས་ཏེ་གཙང་རལ་ལགས་སྟོད་པ་དང་། ཤིང་བཟོ་ཆེན་མོ་བ་འཆི་མེད་སྟོབས་རྒྱལ་ལགས་ཀྱི་བུ་སོགས་ལ་དཔེ་ཆ་འཁྲིད་གནང་བ་དང་། དེ་དག་ལ་དཔེ་མཚམས་སུ་བཞུགས་པ་སོགས་ལྷ་སའི་གྲོང་ཁྱེར་ནང་གི་སྦྱིན་བདག་རེ་ཟུང་ལ་འཚོ་བ་རྟེན་དགོས་བྱུང་།
ཆུ་བྱ་སྤྱི་ལོ1933ཙམ་ལ་རྒྱ་གར་ནས་པཎྜིཏ་ར་ཧུ་ལ་ལྷ་སར་འབྱོར་ནས་དགེ་འདུན་ཆོས་འཕེལ་ལགས་དང་། དགེ་བཤེས་ཆོས་ཀྱི་གྲགས་པ་མཆོག་གཉིས་རྒྱ་གར་དུ་གདན་འདྲེན་ཞུས་འདུག་ཀྱང་སྐབས་དེར་དགེ་བཤེས་ཉིད་མ་ཕེབས་མོད། ལོ་གཅིག་གཉིས་སོང་མཚམས་རྒྱ་གར་དུ་གནས་མཇལ་དུ་ཕེབས་པར་པཎྜིཏ་ར་ཧུ་ལས་མཐུན་རྐྱེན་རོགས་རམ་གང་ལེགས་ཞུས་ཤིང་། ཝ་ར་ན་སིར་ཕེབས་སྐབས་དགེ་བཤེས་མཆོག་བསྙུན་གཞི་ལྕི་ཙམ་བྱུང་ནས་སྨན་ཁང་དུ་ཡུན་རིང་བཞུགས། ཁམས་དྭངས་ནས་གནས་མཇལ་འཕྲོ་རྣམས་ལ་ཕེབས་ཏེ་ཀ་ལོན་སྦུག་ཏུ་བོད་ཡིག་གསར་འགྱུར་དཔར་སྐྲུན་བྱེད་མཁན་སྦ་བུ་མཐར་ཕྱིན་ལ་པར་ཞུ་དག་སོགས་ཀྱི་ཕྱག་ལས་གནང་མོད། སླར་ཡང་ཕྱག་བསྙུན་ཏེ་ཕྱིར་བོད་དུ་ཕེབས་ནས་རྒྱུད་སྨད་མཁན་ཟུར་སོག་པོ་མགོན་དཀར་སྐྱབས་དང་། སོག་པོ་དགེ་བཤེས་བསྟན་དར་ལགས་སོགས་དགེ་རྒན་དུ་བསྟེན་ནས་གཞུང་བཀའ་པོད་ལྔ་ལ་སྦྱངས། མེ་བྱི་སྤྱི་ལོ1936ཙམ་ལ་ཨ་རིའི་མི་སྦ་ནར་ཟེར་བ་ཞིག་གིས་སྐད་སྒྱུར་དུ་སྦ་བུ་མཐར་ཕྱིན་ཁྲིད་ནས་ལྷ་སར་འབྱོར་ཞིང་། ཚ་རོང་དུ་བསྡད་ནས་བོད་དབུས་དང་། ཁམས་སྡེ་དགེ་སོགས་ས་གནས་གང་ས་ནས་བཀའ་བསྟན་སོགས་དཔེ་ཆ་མང་བོ་འཚོལ་བསྡུ་དང་། དཔར་འདེབས་ཀྱིས་ཨ་རིར་འཁྱེར་རྒྱུའི་གྲ་སྒྲིག་བྱེད་སྐབས་དགེ་བཤེས་མཆོག་སྦ་བུ་མཐར་ཕྱིན་དང་སྔར་ནས་ཞལ་འདྲིས་ཡོད་སྟབས་དཀར་ཆག་ཕྱོགས་སྒྲིག་གི་རོགས་རམ་མཛད།
ཁོང་གི་མཛད་སྤྱོད་ནི་རང་བཞིན་དྲང་ཞིང་གང་བསམ་དྲང་བོར་གསུང་ཞིང་སློབ་གཉེར་ལ་བརྩོན་འགྲུས་གནང་ནས་ཆོས་རྫུའི་རིགས་གཏན་ནས་མི་གནང་མཁན་ཞིག་ཡིན། ཁོང་ཞལ་འདོན་གནང་བ་སོགས་མིས་མཐོང་སར་ཆོས་གཟུགས་མཛད་མཁན་ཞིག་མིན་ཀྱང་གོང་དུ་ཞུས་པ་ལྟར་ཤཱཀྱ་ཐུབ་པར་དད་པ་ཆེན་པོ་མཛད་ནས་ཇོ་ཁང་སོགས་ལ་གནས་གཟིགས་དང་། ཞབས་བསྐོར་དུ་ཡང་ཡང་ཕེབས།
དེ་ནས་ཁོང་གིས་གདན་སར་མུ་མཐུད་སློབ་གཉེར་གནང་ནས་སེར་བྱེས་མཁན་པོས་དགེ་བཤེས་ལྷ་རམས་པ་གཏོང་བའི་མིང་རྟགས་བསྩལ་ཏེ་ལོ་འཁོར་ཆོས་ར་འགྲིམས་མུར་སྐུ་རླུང་གི་སྙུན་གཞི་ཕོག་སྟེ་ལྷ་རམས་ལོ་འཁོར་ཀྱང་ལོ་གཅིག་སོང་རྗེས་ཁོང་གི་སྙུན་གཞི་དྭངས་ནས་སྤྱི་ལོ1940ལྕགས་འབྲུག་ལོར་སྲིད་སྐྱོང་རྭ་སྒྲེང་ལ་ཆོག་མཆན་ཞུས་ནས་ལྕགས་སྦྲུལ(སྤྱི་ལོ1941)ལ་ལྷ་རམས་འཕར་མ་གཏོང་བ་གནང་། བོད་མེ་ཕག1946ལོར་སྲིད་སྐྱོང་སྟག་བྲག་དང་། སྲིད་སྐྱོང་ཟུར་པ་རྭ་སྒྲེང་གཉིས་ཀྱི་ཕྱོགས་འགལ་བ་ཇེ་ཆེར་སོང་ནས་སེར་བྱེས་མཁན་པོ་དགེ་བཤེས་བསྟན་དར་ལགས་ཀྱང་གྲྭ་ཚང་ནང་ཁུལ་དུ་ཟིང་ཆའི་དབང་གིས་རྐྱེན་འདས་སུ་སོང་བར་ཐུགས་ཕམ་ཆེན་པོས། མཁན་པོ་གཙུག་ལག་ཁང་དུ་བཀྲོངས་པའི་དགོན་པར་བསྡད་མ་བསྡད་ཁྱད་པར་མི་འདུག་གསུངས་ནས་དགོན་པར་མ་བཞུགས་ཤིང་། 1948ལོར་ལྷ་ས་ནས་དགེ་བཤེས་མཆོག་གིས་ཧོར་ཁང་ལ་ཕྱག་བྲིས་གནང་བ་དེའི་ནང་ཁོང་རང་ཉིད་སྡོམ་པ་ཉམས་སོང་བས་ལྷ་སའི་ཁྱེད་ཚོའི་གཟིམ་ཤག་ནང་ནས་ཟུར་དུ་ཁང་བ་གཅིག་ཀྱང་གཡར་དགོས་ཞེས་འཁོད་པ་འབྱོར་བྱུང་།①
བོད་ས་གླང་སྤྱི་ལོ1946ལོར་ལྷ་སར་རྒྱ་མི་ཕྱིར་འབུད་ཀྱི་དོན་རྐྱེན་བཟོ་སྐབས་དགེ་བཤེས་མཆོག་ལའང་འབའ་པ་ཕུན་ཚོགས་དབང་རྒྱལ་དང་། སྐབས་དེའི་ལྷ་སྡོད་གོ་མིན་ཏང་དོན་བྱེད་ཁྲུའི་སློབ་གྲྭའི་དགེ་རྒན་རྒྱལ་རོང་བློ་བཟང་ཆོས་གྲགས་གཉིས་དང་འབྲེལ་བ་ཡོད་པ་མ་ཟད། དགེ་བཤེས་ཆོས་གྲགས་ལ་དམར་བོའི་ལྟ་བ་གཏིང་ཟབ་ཡོད་པ་རེད་ཟེར་བ་སོགས་ཉེས་མིང་སྣ་ཚོགས་བཏགས་ཏེ་ཕྱིར་འབུད་གཏོང་ཉེ་དུས་ཧོར་ཁང་སྤུན་ཉེ་ངོ་ཤེས་སོགས་ཀྱིས་ཐབས་ཤེས་སྣ་ཚོགས་བྱས་ནས་ཕྱིར་འབུད་ཁོངས་སུ་ཕེབས་མ་དགོས་ཙམ་བྱུང་འདུག
ལྕགས་ཡོས་སྤྱི་ལོ1951ལོར་བོད་ཞི་བས་བཅིངས་འགྲོལ་ཐོབ་སྟེ་ལྷ་སར་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གསར་འཛུགས་མཛད་པར་དགེ་བཤེས་མཆོག་ཀྱང་རྩོམ་ཞུར་གདན་ཞུ་གནང་བ་ལྟར་དུས་དེ་ནས《བོད་ལྗོངས་ཉིན་རེའི་ཚགས་པར》ལས་ཁུངས་ཀྱི་ཕྱག་ལས་གནང་། དེའི་དུས་ཁོང་ལ་སྐུ་ཟླ་དང་། བུ་ཕྲུག་གསུམ②བཅས་ཀྱི་འཚོ་བའི་ཐུགས་འཁུར་གནང་རྒྱུ་སོགས་སྐུ་ངལ་ཆེ་ཙམ་ཡོད། རྗེས་སུ་ལས་ཁུངས་ཀྱི་འགོ་ཁྲིད་ནས་ཁྱེད་རང་དགུང་ལོ་བདུན་ཅུར་ཉེ་བས་ཕྱག་ལས་ལ་ཕེབས་མ་ཐུབ་པའི་སྐབས་གཟིམ་ཁང་ལ་ངལ་གསོ་བསྐྱོན་ན་འགྲིག་ཅེས་གསུངས་ཀྱང་། ཁོང་གིས་ང་མི་གྲལ་ནས་འབུད་རྩིས་བྱེད་ཀྱིན་འདུག་གསུངས་ཏེ་ལས་ཁུངས་ལ་ཆད་མེད་ཕེབས་ནས་མུ་མཐུད་ཕྱག་ལས་ཧུར་བརྩོན་གནང་བ་མ་ཟད། དུས་མཚུངས་ཁོང་ལའང་གསར་བརྗེར་ངོ་རྒོལ་པ་དང་། སུའུ་བཟོ་བཙན་དབང་རིང་ལུགས་པའི་གསང་ཉུལ་ཟེར་བ་སོགས་མ་ཉེས་ཁ་གཡོག་གིས་ཡུན་རིང་བོར་དགག་པ་དང་། འཐབ་རྩོད། ཟུར་བཀག་བཅས་དཀའ་སྡུག་ཆེན་པོ་མྱོང་དགོས་བྱུང་།
བོད་ཆུ་བྱི་སྤྱི་ལོ1972ལོ་སྟེ་དགུང་ལོ་བདུན་ཅུ་དོན་ལྔར་སྐུ་གཤེགས། གཤེགས་རྗེས་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་འགན་འཁུར་བ་དམ་པ་ཉིད་ཀྱི་བཞུགས་སར་ཕེབས་ཏེ་ཁོང་གི་ནང་མི་བུ་ཕྲུག་ཚོར་སེམས་གསོ་དང་སྦྲགས་དགའ་ཉེ་གྲོང་བ་ཚང་འཛོམས་སར་ནག་ཉེས་གང་ཡང་མི་འདུག་ཅེས་གསུངས་ཏེ་དཀར་འདོན་བྱས་ཤིང་། རྗེས་སུ་མྱ་ངན་ཚོགས་འདུའང་འཚོགས་པ་རེད③ཅེས་གསལ་ཞིང་ད་དུང“རྒྱ་བོད་སློབ་བུ་རྣམས་ལ་མཁོ་བའི་སློབ་དེབ་ཇི་སྙེད་ཅིག་བརྩམས་དང་རྩོམ་བཞིན་བདའ④”ཞེས་གསུངས་པ་ལྟར་ན་ཁོང་གིས་སློབ་དེབ་མང་བོ་ཞིག་བརྩམས་ཡོད་པར་ངེས་མོད། ད་ལྟ་ང་ཚོས་མཐོང་རྒྱུ་ཡོད་པ་ནི《བརྡ་དག་མིང་ཚིག་གསལ་བ》ཁོ་ནའོ།།
ཁོང་ནི་བོད་ན་མིང་གྲགས་ཤིན་ཏུ་ཆེ་བའི་སོག་པོ་དགེ་བཤེས་ཤིག་རེད། གལ་ཏེ་ཁོང་བོད་ཅིག་ཡིན་པའི་དབང་དུ་བྱས་ན་ད་ལྟའི་ན་གཞོན་དག་གིས་དགེ་འདུན་ཆོས་འཕེལ་ལྟ་བུའི་གདེང་འཇོག་བྱ་ངེས་ཡིན། ཡིན་ན་ཡང་། ཁོང་སོག་པོ་ཞིག་ཡིན་པས་དོ་སྣང་བྱ་མཁན་དེ་འདྲ་མེད། ཐ་ན་ཁོང་ལ་རྗེས་དྲན་བྱ་མཁན་ཡང་ཧོར་ཁང་ཕ་བུ་གཉིས་མ་གཏོགས་ད་སྔ་མཐོང་མ་བྱུང་། དེ་ཡང་ཁོང་ལ་ཆོས་ནོར་གཉིས་ཀ་མེད་པའི་རྐྱེན་གྱིས་རེད། དང་བོ་ཆོས་མེད་པ་ནི“ཁོང་ཆོས་ལ་མི་དགའ་མཁན་ཞིག་དང་དམར་བོའི་ལྟ་བ་འཁྱེར་མཁན་ཞིག་རེད། ཁོས་མེ་མདའ་ལ་མཛུབ་མོ་བཙུགས་ནས་སྐྱབས་གནས་དཀོན་མཆོག་གསུམ་ཞེས་མང་བོ་བཤད་ཀྱི་ཡོད་པ་རེད་དེ། དངོས་གནས་སྐྱབས་འདི་རེད། འདི་ཨམ་ཕྲག་ནང་དུ་བཅུག་ནས་ཕྱིན་ན་ལ་འཕྲང་ཆུ་གསུམ་ག་ལ་བར་ཐུག་ན་སྐྱབས་ཐག་ཆོད་འདིས་སྐྱབས་ཀྱི་རེད་ཟེར་མཁན་གྱི་དགེ་བཤེས་ཤིག་ཡོད་པ་རེད⑤ ”རྗེས་སུ་ཐེག་ཆེན་ཁས་ལེན་དེ་འདྲ་བྱེད་ཀྱིན་མེད་པས་ཁོང་ལ་བྱེ་བྲག་སྨྲ་བ་ཞེས་བཏགས་པ་དེས་ཀྱང་གསལ་བོར་ཤེས་པ་རེད། །ལྷག་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “བོད་ལ་སྔོན་མ་གསང་སྔགས་ཁས་མི་ལེན་མཁན་བྱུང་བ་ལོ་རྒྱུས་ནང་བྲིས་མེད། རྗེས་སུ་དགེ་བཤེས་ཆོས་གྲགས་ཀྱིས་གསང་སྔགས་ཀྱི་ཆོས་ཁས་ལེན་གྱི་མེད་པར་གསང་སྔགས་ཀྱི་ལྷ་ཡང་མུ་སྟེགས་པའི་ལྷ་ཡིན་པ་དང་། གསང་སྔགས་ཀྱི་ཆོས་དེ་ཡང་མུ་སྟེགས་པའི་ཆོས་ལས་ཤཱཀྱ་མུ་ནེའི་ཆོས་མིན་པར་འདོད་པ་ཡིན⑥”གསུངས་པས་དེ་ནི་དགུང་ལོ་མཐོན་པོའི་དུས་སུ་དམ་ཚིག་ཉམས་ནས་ཆུང་མ་ལེན་པའི་རྒྱུ་རྐྱེན་ཆེན་པོ་ཞིག་རེད་སྙམ།
ཡིན་ན་ཡང་། ཧོར་ཁང་བསོད་ནམས་དཔལ་འབར་གྱིས“ཁོང་གིས་མདོ་ཁོ་ན་མ་གཏོགས་གསང་སྔགས་ལ་ཐུགས་སྣང་ཆེན་པོ་མ་མཛད་པར་གསང་སྔགས་ནི་མདོ་ཕྱོགས་མ་ཉམས་པའི་ཐབས་ཤེས་ཙམ་ཞིག་རེད། དཔེར་ན་བྱང་ཕྱོགས་སོ་བདུན་དང་། སྟོང་ཉིད་བཅུ་དྲུག་སོགས་ལྷའི་ཕྱག་ཞབས་ཀྱི་གྲངས་དང་སྦྱར་ནས་ཚིག་དོན་བརྟན་པོ་གནས་ཐབས་མཛད་པ་ཡིན་འདྲ། སྔགས་ཀྱི་སྒོ་ནས་དབང་བསྐུར་བ་དང་། གཏོར་ཟོར་འཕེན་པ། སྦྱིན་སྲེག ལྷ་ཀླུ་གཞི་བདག་ལ་བརྔན་པ། མོ་རྒྱག་པ། པྲ་ཕབ་པ། ལྷ་ཕབ་པ། བསང་གཏོང་བ་སོགས་ལ་འཕྱ་དམོད་མཛད་ཅིང་། ཁོང་རང་ཉིད་ཀྱིས་ཀྱང་ཚེ་དབང་ཙམ་ཡང་མི་ཞུ། གཞན་གྱིས་དབང་བསྐུར་བ་སོགས་ལའང་ཟུར་ཟ་གནང་བ་བླ་མ་ཚོས་ཀྱང་གསན་ཡོད། དཔེར་ན། དགོན་གསར་རྩེ་རིན་པོ་ཆེས་རྒྱུན་དུ་དབང་ལུང་སོགས་མང་བོ་གནང་གི་ཡོད་ཅིང་། ཁོང་གིས་བཀའ་ཆོས་མ་ཚུགས་གོང་དུ“ད་ཡང་དེ་རིང་འདིར་ང་ཚོས་དགེ་བཤེས་ཆོས་གྲགས་ཀྱིས་གསུངས་པ་ལྟར་བླ་མས་དངུལ་ལེན་བྱེད་ཀྱི་ལས་ཀ་དེ་བྱེད་དགོས་རེད” ཅེས་སྐུ་རྩེད་ཀྱི་ཚུལ་དུ་གསུང་གི་ཡོད་འདུག⑦” ཞེས་གསུངས་པས་ན་ཁོང་གི་ལོ་ན་གཞོན་དུས་ཆོས་ཁས་ལེན་མི་ལེན་གྱི་སྐོར་ལ་སྐད་ཆ་སྣ་ཚོགས་བཤད་ཅིང་རིམ་བཞིན་ཐེག་ཆེན་ཁས་མི་ལེན་པ་དང་གསང་སྔགས་ཁས་མི་ལེན་པའི་ལྟ་བ་བཟུང་མྱོང་ན་ཡང་རྗེས་སུ་སྔགས་ལ་སྦྱངས་པས་དེ་སྔའི་ལྟ་བ་དེ་ཡོངས་སུ་འགྱུར་བས་ཧོར་ཁང་ལ་སྐད་ཆ་དེ་འདྲ་གསུངས་པ་ཞིག་ཏུ་མངོན།
ཁོང་ལ་ཆབ་སྲིད་ཀྱི་ལྟ་བ་ག་འདྲ་ཡོད་མེད་སྐོར་ནི་ཧོར་ཁང་གིས། “ཁོང་ལ་ཁག་གཅིག་གིས་བྱེ་བྲག་སྨྲ་བའི་ལྟ་བ་འཛིན་མཁན་དུ་བརྗོད། དགེ་བཤེས་མཆོག་རྒྱ་གར་སོགས་ཡུལ་གྲུ་རྒྱ་ཆེ་སར་ཕེབས་མྱོང་བ་དང་། ཐོག་མར་ཕ་ཡུལ་ནས་ཕེབས་དུས་སུའུ་ལེན་ལ་གསར་བརྗེ་བྱས་ཚར་བས་ཁོང་ལ་མཐོང་ཐོས་ཀྱི་ཉམས་མྱོང་ཡོད་སྟབས་བཤད་སྒྲ་དགའ་ལྡན་དཔལ་འབྱོར་ལགས་སུ་སྤྱི་ལོ1942ལོ་ཙཱམ་ལའང་ད་ལྟའི་བོད་ཀྱི་ལམ་ལུགས་འདིར་འགྱུར་བ་ཡོང་གི་རེད། བླ་བྲང་དང་། དགོན་པ། སྐུ་དྲག་སོགས་ཀྱིས་ཕ་གཞིས་དང་། མི་སེར་ཉར་ནས་སྡོད་ཐབས་མེད། སོ་སོའི་འཇོན་ཐང་ལ་གཞིགས་པའི་ལས་ཀ་ཡོང་བ་དང་། ཡུལ་ལུང་ཡར་རྒྱས་སུ་འགྲོ་གི་རེད་གསུངས་འདུག ད་དུང་མི་དམངས་ཡར་ལངས་ན་མང་ཉུང་ཐུག་པས་གནས་ཐབས་མེད་ཅེས་གསུངས་འདུག དགེ་བཤེས་མཆོག་གིས་རྒྱུན་དུ་ཆོས་ངོ་མ་བྱེད་དགོས་ན་ཁག་པོ་རེད་ཅེས་ཡང་ནས་ཡང་དུ་གསུང་གི་ཡོད⑧”ཡིན་ན་ཡང་ཁོང་མཁས་པ་ཆེན་པོ་ཞིག་ཡིན་པས་དགེ་བཤེས་ཆོས་གྲགས་ཞེས་སྐད་གྲགས་ཆོད་པ་རེད། ཁོང་སྐྱ་སེར་བབས་པ་ནས་ཆེས་ཐབས་སྡུག་གི་འཚོ་བ་རོལ་ཏེ། དེའི་དུས་ཁོང་ལ་དོ་སྣང་བྱེད་མཁན་ཧོར་ཁང་མ་གཏོགས་མེད་པའི་བཟོ་ཡོད་པ་རེད། དེ་བས་ཁོང་ལ་ཆོས་ནོར་གཉིས་ཀ་མེད་པ་ཆགས་པས་ན་སྡིག་སྨྲེ་འདི་ལྟ་བུ་མི་འདོན་ག་མེད་བྱུང་།
ཁོང་ནི་བསམ་བློ་གསར་བ་དང་རིགས་ལམ་གསར་བ་ལ་དགའ་བ་ཞིག་སྟེ་ཐེག་ཆེན་དང་གསང་སྔགས་ཁས་མ་བླངས་པ་དང་དམར་བོའི་ལྟ་བ་ལ་ཤུགས་ཆེན་སྤྲོ། དེ་ནི་ཁོང་གིས་ཐེག་ཆེན་དང་གསང་སྔགས་ལ་སྦྱངས་པ་མཐའ་མ་ཆོད་པའི་རྟགས་ཤིག་ཡིན་ན་ཡང་། བསམ་བློ་གསར་བ་དང་ལེན་གྱི་ཆ་ནས་དགེ་འདུན་ཆོས་འཕེལ་ལས་ཀྱང་བརྒལ། དགེ་འདུན་ཆོས་འཕེལ་གྱི་མཚན་སྙན་ནི་འཛིན་གྲྭ་གཏུགས་དང་སྙན་ངག་རི་མོ་བཅས་ལས་རྒྱས་ཤིང་། རྗེས་སུ་དེབ་དཀར་དང་གསེར་གྱི་ཐང་མ་ཀླུ་སྒྲུབ་དགོངས་རྒྱན་ལས་རྒྱས། དགེ་བཤེས་ཆོས་གྲགས་ཀྱི་མཚན་སྙན་ནི་ཁོང་ནི་རིགས་ལམ་ལ་མཁས་པའི་ཆ་ནས་རྒྱས་ཤིང་ལྷག་པར་ལྟ་བའི་ཆ་ནས་ཀུན་གྱིས་དོ་སྣང་མི་བྱེད་ག་མེད་ཆགས་པ་རེད། ཡིན་ན་ཡང་ཁོང་གིས་ངག་ནས་བཤད་པ་ལས་དེའི་སྐོར་གྱི་དཔེ་ཆ་ཅི་ཡང་བྲིས་མེད་པ་དེ་ནི་ཁོང་གི་ལྟ་བ་དེ་འདྲ་བརྟན་ཆགས་ཤིག་མིན་པ་མཚོན་པ་རེད། རྗེས་སུ་ཁོང་གི་སྙན་གྲགས་དག་ཡིག《དགེ་བཤེས་ཆོས་གྲགས》ལས་རྒྱས་པ་སྟེ་གལ་ཏེ《དགེ་བཤེས་ཆོས་གྲགས》བརྩམས་པ་མིན་ན་ཁོང་ནི་ལོ་རྒྱུས་ཀྱིས་བརྗེད་ངེས་རེད།
དེ་ལས་བལྟས་ན་ཁོང་ནི་ཅོ་ནེ་མཆེད་པ་ཨ་ལགས་ཀྱིས།“མིང་འདོགས་ལ་དགེ་བཤེས་བྱེ་བྲག་པ་ཟེར། རྗེས་མ་དགེ་བཤེས་གཏོང་དུས་ཀྱག་ཀྱག་བྱས་ཏེ་སྨད་ནས་རྩིས་པའི་ཨང་དང་བོ་ཟེར་གྱི་འདུག ཁོང་གིས་སེ་ར་ལ་དམ་བཅའ་བཞག་པའི་སྐབས་དུ་ཧོར་ཁང་སྲས་སྐུ་ཞབས་གདན་འདྲེན་ཞུས་པ་རེད། དེ་དུས་ཁོང་གིས་དགེ་བཤེས་གཞན་དག་ཚོ་ལ་དེ་རིང་སྦྱིན་བདག་ཕེབས་ནས་གཏོང་སྒོ་གཏོང་གི་རེད། ང་དམ་བཅར་སྡོད་སྐབས་ཚ་ཞེ་དྲག་མ་རྒྱབ་རོགས་ཟེར་བ་རེད། བྱས་ནའི་དགེ་བཤེས་ཚོས་ཀྱག་ཀྱག་སྦྱིན་བདག་ཡོད་ས་ལ་ཚ་མང་བོ་བརྒྱབ་པ་རེད། དེ་འདྲའི་འདོད་གཏམ་ཡོད་མཁན་ཞིག་རེད⑨”གསུངས་པ་ལྟ་བུ་ཞིག་གཏན་ནས་ཡོད་ཚུལ་མི་འདུག་པས་སྐད་ཆ་དེ་མི་ཁོང་ལ་མི་དགའ་བའི་ཆགས་སྡང་གི་སྐད་ཆ་ཞིག་ཡིན་པ་གསལ་བོར་མཚོན་འདུག
གཉིས་པ། དགེ་བཤེས་ཆོས་གྲགས་ཀྱིས《བརྡ་དག་མིང་ཚིག་གསལ་བ》ཇི་ལྟར་བརྩམས་པའི་སྐོར།
དགེ་བཤེས་ཆོས་གྲགས་ཀྱིས་ཚིག་མཛོད་དེ་ནམ་ཞིག་ནས་རྩོམ་པའི་དབུ་བཙུགས་པ་ཤེས་མི་ཐུབ་ན་ཡང་མི་ལོ་བཅུ་གསུམ་ཟད་པར་གསུང་བ་ལ་བལྟས་ན་མ་མཐའ་ཡང་ལོ་བཅུ་གསུམ་འགོར་བ་ཤེས་ཐུབ་ལ། ཧོར་ཁང་གིས“ང་རང་དང་མཇལ་བའི་སྐབས་ནས་ཀྱང་ཚིག་མཛོད་བཟོ་བ་གནང་རྩིས་ཀྱིས་ཚིག་རྣམས་གསོག་བསྡུ་གནང་གི་འདུག”ཞེས་གསུངས་ཤིང་ཧོར་ཁང་བྱམས་པ་བསྟན་དར་གྱིས་ཁོང་གཉིས་འཕྲད་པའི་དུས་ནི1936ཙམ་ཡིན་ཟེར་ཞིང་སྐབས་དེར་ཚིག་མཛོད་སྒྲིག་བཞིན་པའི་དུས་རེད། ཧོར་ཁང་གིས་སྤྱི་ལོ1946ལོར་ཚིག་མཛོད་ཡོངས་སུ་གྲུབ་པར་བཤད་ཅིང། 1949ཤིང་པར་དུ་བསྐྲུན་ནས་ཡོངས་སུ་གྲུབ། དེ་བས་ན་ཁོང་གིས་ཚིག་མཛོད་དེ་རྩོམ་པའི་དབུ་ཚུགས་པ་ནི་སྤྱི་ལོ1934ལ་འཁེལ་ཡོད།
དེའི་སྐོར་ཧོར་ཁང་གིས་གསལ་བོར་གསུངས་ཡོད་དེ། “《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》ཞེས་བྱ་བའི་ཚིག་མཛོད་ཆེན་མོ་དེ་དགེ་བཤེས་མཆོག་ཐོག་མར་ང་རང་དང་མཇལ་བའི་སྐབས་ནས་ཀྱང་ཚིག་མཛོད་བཟོ་བ་གནང་རྩིས་ཀྱིས་ཚིག་རྣམས་གསོག་བསྡུ་གནང་གི་འདུག འོན་ཀྱང་ཕྱོགས་གཅིག་ནས་སློབ་གཉེར་གནང་རྒྱུ་དང་། གཉིས་ནས་མཐུན་རྐྱེན་གྱིས་དབུལ་བ་མ་ཟད་རྒྱ་གར་དུ་ཕེབས་རིང་སྔར་ཕྱོགས་སྒྲིག་གནང་བ་དེ་ཚོ་ཡང་ཐེངས་གཅིག་འཐོར་གྱར་དུ་སོང་བ་བཅས་ཀྱིས་ལུས་འདུག⑩”དེ་བས་རྒྱ་གར་ནས་བྷ་བུ་མཐར་ཕྱིན་གྱིས་དགེ་བཤེས་ཆོས་གྲགས་ཚིག་མཛོད་བསྒྲིག་པར་གདན་ཞུ་གནང་བ་ཡང་ཁོང་གི་ཚིག་མཛོད་ཅིག་སྒྲིག་བཞིན་པ་དང་འབྲེལ་བ་ཡོད་ངེས་ཤིང་ཁོང་གིས་སྒྲིག་བཞིན་པ་དེ་བྷ་བུ་མཐར་ཕྱིན་སོགས་ཀྱི་ཚིག་མཛོད་དེ་མ་གདན་ལྟ་བུར་གྱུར་པ་ཡང“དེ་ཚོ་ཡང་ཐེངས་གཅིག་འཐོར་གྱར་དུ་སོང”བའི་རྒྱུ་མཚན་ཡང་དེ་ལ་ཐུག་ཡོད་པ་འདྲ། འོན་ཀྱང་། ཧོར་ཁང་གིས“ང་རང་གིས་སླར་ཡང་ཚིག་མཛོད་འདི་ལྟ་བུ་ཞིག་བོད་ཡིག་ཤེས་མཁན་ཀུན་ལ་སྐོམ་པ་ཆུ་འདོད་ལྟར་ཡོད་པས་ནན་ཆེར་གསོལ་བ་བཏབ་པར་ཁོང་གིས་གསུང་དོན། ཚིག་མཛོད་བཟོ་བར་ང་ལ་གདེང་ཚོད་ཆེན་པོ་གཅིག་ནི་སོག་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་པོ་གཅིག་ཡོད་པ་དེ་ལ་གཞི་བྱས་ཏེ་བཟོ་རྒྱུ་ཡིན་གསུངས་པ་དང་། ད་དུང་བོད་ཀྱི་ཤེས་རིག་གི་དཔེ་ཆ་གཞུང་པོད་ལྔ་དང་། རིག་གནས་ཆེ་ཆུང་ཚང་མར་རྟོག་ཞིབ་ཞུས་དག་ཀྱང་མཛད་དེ་ཕྱོགས་སྒྲིག་གིས་བོད་མེ་ཁྱི་སྤྱི་ལོ1946ལོར་ལེགས་པར་གྲུབ་སྟེ་ཤིང་དཔར་དུ་བརྐོས།⑴ ”ཞེས་གསལ་བོར་གསུངས་འདུག་པ་དེ་ནི་ཆེས་གལ་ཆེ་བ་ཞིག་རེད་སྙམ།
ཧོར་ཁང་བྱམས་པ་བསྟན་དར་གྱིས1949ལོར་ཤིང་པར་ལེགས་པར་གྲུབ་པར་བཤད་ཅིང་། སྐབས་དེར་དགེ་བཤེས་ཆོས་གྲགས་སྐྱ་སར་བབས་ཤིང་། “1951ལོ་ནས་དགེ་བཤེས་མཆོག་ཉིན་ལྟར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ལ་ཕྱག་ལས་གནང་བར་ཕེབས་ཀྱི་འདུག ཞོར་དུ་མུ་མཐུད་ནས་ཤིང་པར་གྱི་བརྡ་དག་མིང་ཚིག་གསལ་བ་པར་འདེབས་དང་བོད་ཤོག་གི་དེབ་བཟོས་ནས་ཚོང་བ་གནང་བཞིན་འདུག ཁོ་བོ་ཡང་དགེ་བཤེས་མཆོག་གིས་པར་འདེབས་གནང་སར་ལྟད་མོ་བལྟ་བར་འགྲོ་གིན་ཡོད། ཁོང་གིས་པར་འདེབས་གནང་རྗེས་ཧོར་ཁང་གི་ཐོག་ལྕོག་ནུབ་ཀྱི་སྟེང་ལ་བཀྲམ་ནས་སྣག་ཚ་སྐམ་པ་གནང་གི་ཡོད⑵”ཅེས་གསུངས།
ཁོང་གིས་རྣམ་ཀུན་ང་བོད་ཡིག་ལས་སོག་ཡིག་ལེགས་པ་ཤེས་ཀྱི་ཡོད་གསུངས། ལྷག་པར་བོད་ཞི་བས་བཅིངས་འགྲོལ་ཐོབ་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཚིག་མཛོད་དེ་རྒྱ་བོད་ཤན་སྦྱར་དུ་དཔར་སྐྲུན་གནང་བ་བཅས་ལ་བརྟེན་ད་ལྟ་རང་ཅག་ཀུན་ལ་ཕན་ཐོགས་ཆེ་ཞིང་འཛམ་གླིང་གང་སར་ཁྱབ་ཡོད། ”ད་དུང་ཁོང་གིས་སྐུ་ཚེའི་མཇུག་ཏུ་ལས་ཁུངས་དང་ཁྱིམ་གྱི་མཛད་བྲེལ་ལ་མ་བལྟོས་པར་སྔར་གྱི་ཚིག་མཛོད་དེར་ཁ་གསབ་ཚིག་མཛོད་ཅིག་གསར་སྒྲིག་གནང་རྒྱུའི་དགོངས་བཞེས་ཀྱིས་བྲེལ་བརྩོན་ཆེན་པོས་མིང་ཚིག་འཚོལ་བསྡུ་དང་། གསོག་འཇོག ཞིབ་འཇུག་བཅས་མཛད་ནས་རྒྱུ་ཆ་གང་འཚམས་ཤིག་གྲ་སྒྲིག་གནང་ཟིན་ཡོད་རུང་ཧ་ཅང་བློ་ཕམ་པ་ཞིག་ལ་རིག་གནས་གསར་བརྗེ་ཟེར་བའི་ནང་ཁུལ་ཟིང་ཆའི་སྐབས་སུ་ཁོང་གི་ནང་མི་བུ་ཕྲུག་ཚོས་འཇིགས་སྣང་མ་བཟོད་པར་ཡིག་ཆ་དེ་རྣམས་མེར་བསྲེག་གཏོང་དགོས་བྱུང་འདུག
གསུམ་པ། དགེ་བཤེས་ཆོས་གྲགས་དང་དགེ་འདུན་ཆོས་འཕེལ་བར་གྱི་འབྲེལ་བ།
འདིར་ཆེད་དུ་བཤད་དགོས་པ་ཞིག་ནི་དགེ་བཤེས་ཆོས་གྲགས་དང་དགེ་འདུན་ཆོས་འཕེལ་གཉིས་ཀྱི་འབྲེལ་བ་གང་འདྲ་ཞིག་ཡིན་མིན་དེ་སྟེ། དེ་ཤེས་ན་དགེ་བཤེས་ཆོས་གྲགས་དང་བརྡ་དག་མིང་ཚིག་གསལ་བའི་སྐོར་ལ་ངེས་ཤེས་ཡོང་བར་ཕན་པ་ཡོད་པ་རེད། དགེ་འདུན་ཆོས་འཕེལ་ལ་འབྲེལ་བ་ཡོད་པའི་མི་མང་བོ་ཞིག་གིས་དགེ་བཤེས་ཆོས་གྲགས་ཀྱི་སྐོར་ལྒིང་ཡོད་ཅིང་དེ་ལས་སྣང་རའི་དགེ་འདུན་བཟོད་པས“དེའི་རྗེས་ཧོར་ཁང་གི་དགེ་བཤེས་ཆོས་གྲགས་དག་ཡིག་རྩོམ་མཁན་དེ་ངའི་ནང་ལ་སླེབས་སོང་། དགེ་འདུན་ཆོས་འཕེལ་དང་ཁོང་གཉིས་ཧ་ཅང་དགའ་ས་རེད⑶”ཞེས་གསུངས་ཡོད།
དགེ་འདུན་ཆོས་འཕེལ་འབྲས་སྤུངས་སྒོ་མང་ཀླུ་འབུམ་ཁང་ཚན་གྱི་ཡིན་ཞིང་། དགེ་བཤེས་ཆོས་གྲགས་སེ་ར་བྱེས་པ་གྲྭ་ཚང་གི་རེད། ཁོང་གཉིས་གྲོགས་པོར་གྱུར་པའི་དུས་ནི་ར་ཧུ་ལ་བོད་དུ་ཕེབས་ནས་ཁོང་གཉིས་ཕྱག་རོགས་སུ་གདན་དྲངས་པ་ནས་ཡིན་ཏེ། དགེ་སློང་རིག་འཛིན་དབང་བོས“རྒྱ་གར་ནས་པཎྜིཏ་ར་ཧུ་ལ་ཆོས་ཀྱི་སྐོར་བསམ་ཞིབ་གནང་བའི་ཆེད་བོད་ལ་ཐེངས་གཅིག་ཕེབས་བའི་སྐབས་ཁོང་ཆུ་སྲིན་ཤར་ལ་བཞུགས་ཡོད་པ་རེད། དེ་དུས་སོག་པོ་ཆོས་གྲགས་དང་ཁོང་གཉིས་གྲོགས་པོ་ཆགས་པ་རེད⑷”གསུངས། ཁོང་གཉིས་གྲོགས་པོར་ཆགས་པའི་རྒྱུ་མཚན་ཡང་དགའ་ཕྱོགས་འདྲ་ཞིང་ལྟ་བ་མཐུན་ཕྱོགས་ཆེ་བའི་རྒྱུ་མཚན་གྱིས་རེད།
ལ་ལས་དགེ་བཤེས་ཆོས་གྲགས་དགེ་ཆོས་ཀྱི་སློབ་མ་ཡིན་པར་བཤད་ཀྱང་དེ་ནི་ནོར་འཁྲུལ་ཁོ་ན་སྟེ་དགེ་བཤེས་ཆོས་གྲགས་དང་དགེ་ཆོས་གཉིས་བསམ་བློ་མཐུན་པའི་གྲོགས་པོ་རྙིང་བ་ཡིན་པས་རྒྱུན་ཏུ་འབྲེལ་འདྲིས་ཆེ། རྒྱུན་ཏུ་དགེ་འདུན་ཆོས་འཕེལ་གྱི་སར་ཕེབས་ནས་བགྲོ་ལྒིང་བྱེད་ཀྱིན་ཡོད་དེ། དགེ་སློང་རིག་འཛིན་དབང་བོས“ང་དགེ་འདུན་ཆོས་འཕེལ་གྱི་སྐུ་མདུན་ལ་བཅར་བའི་སྐབས་དགེ་བཤེས་ཆོས་གྲགས་དང་ཁོང་གཉིས་དབུ་མའི་སྐོར་ལ་བཀའ་མོལ་ཞིག་གནང་གི་འདུག⑸”ཅེས་གསུངས་ཡོད་ལ། རཀ་རས་ཀྱང། “ཉིན་ཅིག་ཧོར་ཁང་གཅེན་པོ་ཡིན་ནམ། ཧོར་ཁང་དུ་བཞུགས་པའི་སོག་པོ་དགེ་བཤེས་ཆོས་གྲགས་ཤག་ཏུ་ཕེབས་ནས། དགེ་ཆོས་རིན་པོ་ཆེ་འདུག་ཟེར་བས⑹”དགེ་བཤེས་ཆོས་གྲགས་དགེ་འདུན་ཆོས་འཕེལ་གྱི་སར་རྒྱུན་ཏུ་ཕེབས་པ་དགེ་བཤེས་ཆོས་གྲགས་ལ་མི་དགའ་བའི་ཅོ་ནེ་མཆེད་པ་ཨ་ལགས་ཀྱི་གསུང་ན་ཡང་མཐོང་རྒྱུ་ཡོད།
དེ་བཞིན“ཧོར་ཁང་དང་རཀ་ར་རིན་པོ་ཆེ་ལ་ཐོག་མའི་དུས་སུ་ངོ་སྤྲོད་གནང་མཁན་ཡང་དགེ་བཤེས་ཆོས་གྲགས་རེད⑺”དགེ་བཤེས་ཆོས་གྲགས་ཀྱིས་རང་གི་སློབ་མ་དགེ་འདུན་ཆོས་འཕེལ་ལ་ངོ་སྤྲོད་བྱས་པ་ཡང་གསལ་ཏེ། དེས་ཁོང་གཉིས་ཀྱི་འབྲེལ་བ་ཤིན་ཏུ་ལེགས་པ་དེ་མཚོན་ཡོད།
དགེ་འདུན་ཆོས་འཕེལ་བཙོན་དུ་བཟུང་རྗེས་ཁོང་གི་སློབ་མ་དང་གྲོགས་པོ་སྐོར་ཞིག་གིས་རང་རང་ལ་ཆག་སྒོ་འདྲ་ཡོང་སྙམ་ནས་དོགས་ཟོན་བྱས་ཏེ་རྒྱང་བཀྱེད་མོད། དགེ་བཤེས་ཆོས་གྲགས་ལ་འགྱུར་བ་མེད་པའི་ཚུལ་ནི་དགེ་སློང་རིག་འཛིན་དབང་བོས། “ང་ཚོ་ཆག་སྒོ་འདྲ་འཁྲི་མི་འོང་ངམ་བསམ་ནས་ཟོན་བྱས་ཏེ་བཅར་ཐུབ་མ་སོང་། དགེ་བཤེས་ཆོས་གྲགས་མཚམས་མཚམས་ལ་ཕེབས་ཀྱི་རེད⑻”གསུངས་ཡོད།
ལྷག་པར་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་བོ་དེ་ཧོར་ཁང་གིས་སྦྱིན་བདག་བྱས་ནས་པར་དུ་སྐྲུན་དུས་དེའི་འགན་ཡོད་ཚད་དགེ་བཤེས་ཆོས་གྲགས་ཀྱིས་འཁུར་ཡོད་དེ། “བར་ཆད་ཀྱི་དེབ་དཀར་རྩོམ་འཕྲོ་ཅན་དུ་ལུས་པ་དེ་པར་བསྐྲུན་ཐད་མེ་མོ་ཕག(1947)ལོ་ང་རང་མདོ་སྨད་དུ་བསྐྱོད་དགོས་ཀྱིས་སྡོད་ལོང་མ་བྱུང་བའི་བར་དེར་ཁོ་བོས་ཆེད་མངགས་ཞུས་པ་བཞིན་དགེ་བའི་བཤེས་གཉེན་ཆོས་ཀྱི་གྲགས་པས་འགན་བཞེས་གནང་ནས་པར་དུ་བསྐྲུན།⑼”
ལྷག་པར“དགེ་འདུན་ཆོས་འཕེལ་ལགས་བཙོན་ཁང་ནས་གློད་པ་ཁག་ཁུར་གནང་མི་ཁ་ཤས་བྱུང་ཡོད་པ་ལས་གཅིག་ཀྱང་དགེ་བཤེས་ཆོས་གྲགས་ཡིན⑽”ཞེས་ཧོར་ཁང་བསོད་ནམས་དཔལ་འབར་གྱིས་གསུངས་ཡོད།
བཞི་བ། དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པའི《བརྡ་དག་མིང་ཚིག་གསལ་བ》དགེ་ཆོས་ཀྱིས་བརྩམས་པར་འདོད་པའི་སྒྲུབ་བྱེད་ལ་དཔྱད་པ།
དེ་ཡང་ཨ་མདོ་བའི་ཕྱོགས་ཞེན་ཅན་གྱི་ན་གཞོན་སྐོར་ཞིག་གིས《སྲིད་དོན་རྒྱལ་རབས》དགེ་འདུན་ཆོས་འཕེལ་གྱི་ཡིན་ཟེར་བ་དང་། 《བརྡ་དག་མིང་ཚིག་གསལ་བ》དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ་ཡིན་ཟེར་བ་ནི་ཤེས་ཡོན་ཅན་གྱི་སྡེ་ནས་བྱུང་བའི་ངོ་ཚ་ཆེན་པོ་ཞིག་ཡིན། ལྷག་པར་ང་ཚོ་དབུས་གཙང་བ་དང་སོག་པོ་མཁས་པ་དག་ལ་ཁ་སྐྱེངས་དགོས་པ་ཞིག་རེད། དེའི་རྒྱུ་མཚན་ཡང་དགེ་འདུན་ཆོས་འཕེལ་ཨ་མདོ་བ་ཡིན་པས་ཨ་མདོའི་ཕྱོགས་ཞེན་ཆེ་བ་དང་དགེ་བཤེས་ཆོས་གྲགས་སོག་པོ་ཡིན་པས་ན་གཞོན་དེ་དག་བོད་དང་ཨ་མདོར་ཞེན་ཆེ་ཁུལ་གྱིས་རང་མཚང་རང་གིས་བྲུས་ཏེ་དགའ་ཀྲོག་ཀྲོག་བྱེད་པ་དེ་རེད།
ད་དུང་རེ་འགའ་ཞིག་དེ་བས་ཀྱང་ཐལ་ནས《དག་ཡིག་གསར་བསྒྲིགས》དང《ཐོན་མིའི་ཞལ་ལུང》ཡང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ་ཡིན་ཞེས་ཁོང་འཛུམ་དབང་མེད་དུ་འཆོར་བའི་སྐད་ཆ་ཡང་རྒྱུན་དུ་ཐོས་རྒྱུ་ཡོད་པ་རེད། དེ་དག་ནི་རྣམ་དཔྱོད་བྲལ་བའི་ན་གཞོན་བླུན་པོ་གཡམ་ལ་རྒྱུགས་པའི་ངག་ལས་བྱུང་བ་ཡིན་པས་དཔྱད་གཞིའི་རིན་ཐང་ཏིལ་འབྲས་ཙམ་ཡང་མེད་ན་ཡང་། ཆུ་སྣ་གར་ཁྲིད་འགོག་པའི་ཕྱིར་ཏུ་ཅུང་ཟད་བརྗོད་པར་བྱ་སྟེ།
1 དགེ་བཤེས་ཆོས་གྲགས་ཀྱི་མིང་མཛོད་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ་ཡིན་ཟེར་བ་དག་གིས་གཞི་གཟུང་ས་གཅིག་ནི་དག་ཡིག་དེའི་སྔོན་འགྲོ་དང་མཇུག་གི་ཚིགས་བཅད། སྲིད་པའི་ཐ་སྙད་ལམ་ནས་སྲིད་པའི་འགྲོར། །སྲིད་ལས་འདས་པའི་དབྱིངས་སུ་ཁྲིད་མཛད་པ། །སྲིད་གསུམ་འགྲོ་བའི་ས་མཁན་ཆོས་ཀྱི་རྗེ། །སྲིད་ཞིའི་རྣམ་འདྲེན་རྡོ་རྗེ་གདན་པར་འདུད། །རྒྱ་ཆེན་རྒྱལ་ཁམས་ཀུན་གྱི་རིག་པའི་དབྱིག ། མི་འཇིག་ དུས་བཞིའི་མཐར་ཡང་བསྲུང་བའི་སླད། །གངས་རིས་བསྐོར་བའི་མཛོད་དུ་ལེགས་བསྡུས་པའི། །སྔོན་བྱོན་ལོ་པཎ་དེ་དག་ཕྱག་གི་ཡུལ། །ཞེས་དང། རིགས་མཐུན་མི་ཡི་འགྲོ་བའི་སེམས་ཀྱི་འོད། །ཕན་ཚུན་འཕྲོ་བའི་རྒྱུན་ལམ་ཉག་གཅིག་དེ། །ལུས་ངག་རྣམ་རིག་སྲད་བུར་ཟུང་འབྲེལ་བའི། །ཐ་སྙད་གློག་གི་སྐུད་པ་འདི་མཐོང་ནས། །གཡར་བོའི་ཕ་ཡུལ་གངས་ཅན་བོད་ལྗོངས་སུ། །རྒྱུན་རིང་གནས་བའི་མགྲོན་ལ་རྒྱུས་ཆེ་བས། །གནའ་བོའི་བརྡ་དང་ཕྱིས་ཀྱི་ཐ་སྙད་ཀུན། །ཐོར་བུ་སྡེབ་ཏུ་བསྡུས་ཏེ་བྲི་བར་བྱ། །ཞེས་པའི་ཚིགས་བཅད་འདི་དག་གི་རྩོམ་སྟངས་དགེ་འདུན་ཆོས་འཕེལ་གྱི་རྩོམ་སྟངས་དང་མཚུངས་པས་ཡིན་ཟེར།
དེ་ནི་ཞིབ་འཇུག་བྱེད་མ་ཤེས་པ་སྟེ་དགེ་བཤེས་ཆོས་གྲགས་ཀྱི་རྩོམ་སྟངས་གང་འདྲ་ཞིག་ཡིན་པ་མ་ཤེས་པར་དེ་ལྟར་ཁ་ཚོན་གཅོད་པ་ནི་གཡག་ཞར་གྱིས་རྩྭ་ཟོས་པ་ལས་མ་འདས་པས་སོ། །གོང་དུ་བརྗོད་པ་ལྟར་དགེ་བཤེས་ཆོས་གྲགས་ཀྱང་རིག་པ་གསར་བ་དང་རྩོམ་སྟངས་གསར་བ་ལ་དགྱེས་པས་དཔེ་གསར་བ་དེ་ལྟར་བཀོལ་མི་བཀོལ་ལ་སོམ་ཉི་བྱེད་དགོས་པ་ཞིག་མ་རེད། གཙོ་བོ་དགེ་བཤེས་ཆོས་གྲགས་ལགས་ཀྱིས་རྩོམ་སྟངས་ག་འདྲ་ཞིག་ཡིན་མིན་ལ་དཔྱད་དགོས་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་སྟེ་ད་ལྟ་ང་ཚོའི་མཐོང་ ལམ་དུ་དགེ་བཤེས་ཆོས་གྲགས་ལགས་ཀྱིས་སྙན་རྩོམ་མེད་པས་དེ་ནི་དཔྱོད་དཀའ་བ་ཞིག་ཡིན་ཀྱང་། སྟབས་ལེགས་པ་ཞིག་ལ་ཧོར་ཁང་གིས་བྲིས་པའི་ཁོང་གི་ལོ་རྒྱུས་དེར། “ཉ་གང་ཟླ་བ་ཤར་བར་སུ་ཞིག་སྨད། །ཟས་གཙང་སྲས་ཀྱི་ཞབས་ལ་སུ་མི་འདུད། །འབྲུག་སྒྲ་སྒྲོག་པས་རྨ་བྱ་ཅིས་མི་དགའ། །དམ་ཆོས་བདུད་རྩིས་བདག་ཡིད་ཅིས་མི་འཚེངས། །”ཞེས་དང་།“ལྡེམ་ལྡེམ་གཡོ་བའི་པད་མོ་ལ། །ཡང་ཡང་འཁོར་བའི་བུང་བ་བཞིན། །བརྗིད་བརྗིད་ཡངས་པའི་གན་དྷོ་ལར། །ཡང་ཡང་གུས་པས་བསྐྱོད་པར་བྱེད། །⑾”ཅེས་པའི་སྙན་རྩོམ་ཞིག་བཀོད་འདུག དེ་ལ་བལྟས་ན་ཁོང་རྣམ་པ་གཉིས་ཀྱི་རྩོམ་གཤིས་འདྲ་བ་མཐོང་བས་གོང་དུ་བཤད་པའི་སྒྲུབ་བྱེད་དེ་ནི་དགོས་མེད་ཀྱི་ལྟར་སྣང་འབའ་ཞིག་ཡིན་པ་ཤེས་ཐུབ། དེ་ལྟར་དགེ་བཤེས་ལགས་ལ་དེ་ལྟ་བུའི་རྩོམ་གཤིས་ལྡན་པ་ཆེས་གསལ་ཞིང་། ཚིགས་བཅད་འདི་གཉིས་ལས་གཞན་པ་དག་དགེ་བཤེས་ལགས་ཀྱི་ཡིན་ན་དེ་དག་གི་བར་ན་ཁྱད་པར་ཆེན་པོ་མེད་པས་རང་གིས་བཀོད་པའི་སྒྲུབ་བྱེད་རང་གིས་བཤིག་པ་ཉིད་དོ། །
2 ཡང་ཁ་ཅིག་གིས་ཚིག་མཛོད་འདིའི་ནང་དུ། པ་ནི་ཆུ་ཡི་མིང་རྒྱ་གར་སྐད་ཡིན། ཞེས་པ་འདི་རྒྱ་གར་སྐད་ལ་མཁས་པའི་དགེ་ཆོས་དང་བྷ་བུ་མཐར་ཕྱིན་ལྟ་བུ་ལས་མི་ཤེས་པ་དང་། རྒྱ་ཤུག་ཆི་ག་བ་ཞེས་པ་ཤིང་ཏོག་ཤུག་པའི་བྱེ་བྲག་ཅེས་པའང་སྣང་ཞེས་པ་དགེ་ཆོས་ཀྱི་གསེར་གྱི་ཐང་མར་ཤུག་ཐོག་ལ་མི་འདོད་པ་དང་མཐུན་ལ་ཀརྐཊ་སྡིག་སྲིན་ཞེས་པ་ཡང་དགེ་ཆོས་ཀྱིས་གསར་རྙེད་ཅིག་ཡིན་སྔོན་གྱི་རྩིས་གཞུང་དུ་མ་ན་སྦལ་བར་བཤད་འདུག་པ་བཅས་ལས་དགེ་བཤེས་ཆོས་གྲགས་ཀྱིས་འབྲས་སྤུངས་ནས་རྙེད་པའི་བློ་བསྐྱེད་ཅིག་མ་ཡིན་པ་གསལ་བོར་རྟོགས་ཟེར་བ་ནི་དེ་བས་ཀྱང་མ་ངེས་པ་སྟེ་ཚིག་མཛོད་ནི་གཞན་གྱི་ལེགས་ཆ་ཕྱོགས་བསྒྲིགས་བྱ་དགོས་པ་སྨོས་མ་དགོས་པ་ཞིག་ཡིན་པས་ཚིག་མཛོད་དེ་ལས་འགྲེལ་གང་བྱུང་ཐམས་ཅད་རྩོམ་པ་བོའི་གསར་དུ་ཤེས་དགོས་པའི་ངེས་པ་ག་ལ་ཡོད། དེ་དགེ་ཆོས་ཀྱིས་གསར་དུ་ཤེས་ཀྱང་འགལ་བ་མེད་དེ་དགེ་ཆོས་ཀྱི་རྩོམ་ཡིག་མང་བོ་དགེ་བཤེས་ཆོས་གྲགས་ཀྱིས་བཀླགས་ཡོད་པ་ནི་ཐེ་ཚོམ་མི་དགོས་པ་ཞིག་རེད།
ཡང་ལ་ལས། ཚིག་མཛོད་འདིར་ཨ་མདོ་ཁ་སྐད་གང་མང་ཞིག་འདུག་ཅིང་སོག་པོ་དགེ་བཤེས་ཁོང་ཨ་མདོར་བཞུགས་མྱོང་མེད་པས་དགེ་ཆོས་ཀྱི་ཡིན་པ་གསལ་ཟེར་ཀྱང་འོ་ན་དགེ་ཆོས་སོག་ཡུལ་དུ་མ་བཞུགས་པས་སོག་སྐད་མི་མཁྱེན་པས་འདིར་སོག་པོའི་ཐ་སྙད་འགྲེལ་ལེགས་པོ་གཞན་ན་མེད་པ་གང་མང་ཞིག་ཡོད་ལ་ཇི་ལྟར་འགྲེལ་ལམ།
3 མ་བཅོལ་ལྒིགས་བམ་བྲི་བའི་བྲེལ་ཟིང་གིས། མི་ལོ་བཅུ་གསུམ་དལ་གྱིས་ཟད་པ་ལས་ཞེས་པས་འདི་དག་དགེ་ཆོས་ཀྱི་ཡིན་པ་ཤེས་ཐུབ་ཟེར། མི་ལོ་བཅུ་གསུམ་ཟད་ན་དགེ་ཆོས་ཀྱི་ཡིན་དགོས་པ་ནི་ངེས་པར་དགོད་བྲོ་བ་ཞིག་ཡིན་པས་དགག་པ་གཏོང་དགོས་དོན་ཅི་ཡང་མི་འདུག
4 ཚིག་མཛོད་དེ་དགེ་ཆོས་ཀྱི་ཡིན་ཟེར་མཁན་རྣམས་ཀྱིས་གཞི་གཟུང་ས་གཞན་ཞིག་ནི་དེའི་ནང་དུ་ཨ་མདོའི་ཁ་སྐད་གང་མང་ཞིག་ཡོད་པས་ཡིན་ཟེར་མོད། དེ་ནི་ཚིག་མཛོད་སྒྲིག་སྟངས་ལ་ཆ་རྒྱུས་ཅི་ཡང་མེད་པས་མགོ་བོ་མགལ་མེ་བཞིན་འཁོར་བ་ཞིག་ཡིན་ཏེ་ཚིག་མཛོད་ཅིག་ཡིན་ན་བོད་ཀྱི་ཡུལ་གྲུ་ཆེན་པོ་གསུམ་གྱི་སྐད་ལ་རྒྱུས་ཡོད་མེད་ལ་མ་བལྟས་པར་དཔེ་ཆ་མང་བོ་ལས་ཐ་སྙད་གང་མང་ཞིག་གསག་དགོས་ལ་ཡང་གཅིག་བཤད་ན་སྔོན་གྱི་སྤྱི་སྐད་ལ་མེད་པའི་ཐ་སྙད་ཡུལ་སྐད་ལས་ལེགས་པོ་འཚམ་པོ་ཞིག་གིས་ཁ་སྐོང་བ་ན་ཤིན་ཏུ་འོས་པ་ཞིག་ཡིན་ལ་ངེས་པར་དགོས་པ་ཞིག་ཀྱང་ཡིན།
5 ལ་ལས་དགེ་འདུན་ཆོས་འཕེལ་མ་གཏོགས་དགེ་བཤེས་ཆོས་གྲགས་ཀྱིས་དེ་འདྲ་རྩོམ་མི་ཐུབ་ཟེར་བའང་དགེ་བཤེས་ཆོས་གྲགས་ལ་རྒྱུས་མེད་པའི་གཏམ་མོ། །གོང་དུ་བཤད་པ་ལྟར་དགེ་བཤེས་ཆོས་གྲགས་ཀྱིས་རྒྱ་སྐད་དང་དབྱིན་སྐད་ཤེས་མིན་མ་ཤེས་ཀྱང་སོག་ཡིག་དང་སོག་སྐད་ཤེས་པས་སོག་པོའི་ཐ་སྐད་ཀྱི་སྒྲིག་སྟངས་ཤེས་ཤིང་། ད་དུང་རྒྱ་གར་སོགས་ལ་ཡང་སོང་མྱོང་བས་དགེ་བཤེས་ཆོས་གྲགས་ལ་དེ་འདྲ་རྩོམ་པའི་ནུས་པ་མེད་སྙམ་པ་ནི་རང་ལ་དགེ་བཤེས་ཆོས་གྲགས་ཀྱི་ཐད་ལ་དཔྱོད་པའི་ནུས་པ་མེད་པར་བསྟན་ཏོ།།
ལྷག་པར་དེབ་འདིའི་སྒྲིག་སྟངས་ནི་སྔོན་ཆད་བོད་ལ་མེད་ཅེས་ཐན་སྐད་སྒྲོག་པ་ནི་བོད་ཀྱི་བརྡ་དག་གི་ཚུལ་ལ་འདྲིས་ཆ་ཞན་པའི་རྟགས་ལས་གཞན་དུ་མེད་དེ། ཨ་ལག་ཤ་ངག་དབང་བསྟན་དར(1759_ )གྱི་གངས་ཅན་བརྡའ་གསར་རྙིང་ལས་བྱུང་བའི་བརྡའ་ཡིག་བློ་གསལ་མགྲིན་རྒྱན་ཞེས་བྱ་བ། ⑿དེ་ཡང་ཀ་ཕྲེང་ལྟར་བསྒྲིགས་ཡོད་པ་དང་། མཁས་པའི་དབང་བོ་ཚེ་ཏན་ཞབས་དྲུང་གི་དག་ཡིག་ཐོན་མིའི་དགོངས་རྒྱན་ཡང“རབ་རྒྱལ་ལྕགས་འབྲུག་ལོ(1940)ནས་མགོ་བརྩམས། ལོ་དྲུག་གི་རིང་ཁོམ་ལོང་ནམ་ཡོད་ལ་བརྩོན་པ་མ་བཏང་བར་བྲིས་པ། ཤིང་བྱ་ལོའི(1945)སྣོན་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ⒀”ལ་གྲུབ་ཅིང་། དེའི་སྒྲིག་སྟངས་ཀྱང་དེང་རབས་ཀྱི་ཚིག་མཛོད་སྒྲིག་སྟངས་དང་མཐུན་པས་ན་འདི་ལྟ་བུའི་སྒྲིག་སྟངས་བོད་ན་མེད་ཅིང་དགེ་ཆོས་ཁོ་ན་ལས་མ་གཏོགས་འབྱུང་མི་ཐུབ་པར་སྨྲ་བ་ནི་རང་གི་སྣང་བ་གསོ་བའི་སྐད་ཆ་ཞིག་ལས་ཞིབ་འཇུག་པ་ཞིག་གི་ངག་ལས་འདོན་འོས་པའི་སྐད་ཆ་ཞིག་མིན་ཏེ་རྒྱུན་ཤེས་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པས་སོ། །ཀཱ་ལི་ཕྲེང་བསྒྲིགས་ཀྱི་དག་ཡིག་ཐམས་ཅད་ཀ་ཕྲེང་ལྟར་བསྒྲིགས་ཡོད་པ་མངོན་སུམ་དུ་མཐོང་བས་དེ་ནི་རང་ཉིད་མཐོང་རྒྱ་མེད་པའི་སྐྱོན་ལས་གཞན་མིན་ནོ། །
6 ཡང་ལ་ལས“དགེ་ཆོས་ཀྱིས་སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས། །”ཞེས་པའི་ཚིག་རྐང་འདི་གཉིས་དགེ་ཆོས་ཀྱིས་གཞས་སུ་གཏོང་བར་བཤད་པས་དགེ་ཆོས་ཡིན་ཟེར་ཞིང་དེ་ཁུངས་ནི་དགེ་འདུན་ཆོས་འཕེལ་གྱི་གྲོགས་པོ་ཅོ་ནེ་བ་ཨ་ལགས་འཇམ་དབྱངས་ཀྱིས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདིར། །ཤི་ཡང་ཕྱི་མིག་ལྟ་བའི་རེ་བ་ཡིས། །ཟེར་བ་དེ་འདྲ་བོ་ཁོང་རང་གི་གླུ་བཏང་ཡག་གི་རྩོམ་ཞིག་ཡོད་པ་རེད། ཅེས་དང་། གཞོན་དུས་དགའ་བའི་ཆུང་མ་ངས་མ་བླངས། །རྒས་དུས་དགོས་པའི་ནོར་རྫས་ངས་མ་བསགས། །སྤྲང་བོའི་མི་ཚེ་ལྕགས་སྨྱུག་ལྷན་ཅིག་ཏུ། །རྫོགས་པ་འདི་ནི་བདག་གི་སྣང་བ་སྐྱོ། །དེ་འདྲ་བོ་ཡོད་པ་རེད། དེ་གླུའི་གྲས་ལ་བཏང་གི་རེད། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་ཟེར་བ་དེ་ཧོར་ཁང་དགེ་བཤེས་ཁོང་རང་གི་རྩོམ་ཟེར་ནས་བྲིས་ཡོད་པ་རེད་ནས་རྒྱུ་མཚན་གཅིག་དེ་ཡིན⒁ཞེས་ཟེར་མོད། དེ་ལ་ཐེ་ཚོམ་ཟ་བ་ནི་ཁོང་གིས་སྐབས་དེར་དངོས་སུ་མཐོང་བ་བཤད་པ་མ་ཡིན་པར་དག་ཡིག་དེ་དགེ་ཆོས་ཀྱི་ཡིན་པར་བསྒྲུབ་འདོད་པའི་ཚིག་ཅིག་ཡིན་ཀྱང་དེ་ནི་ཤིན་ཏུ་མ་ངེས་པ་ཞིག་རེད།
བསྟན་པའི་སྒྲོན་མེའི་གསུང་ན་ཀུན་མཁྱེན་འཇིགས་མེད་དབང་བོ་དང་མཁས་གྲུབ་རིན་པོ་ཆེའི་གསུང་ཇི་མ་ཇི་བཞིན་ཚིག་རེ་གཉིས་ལ་བཟོ་བཅོས་བྱས་ནས་བཀོད་པ་ཡང་ཡོད་ལ་ལྷག་པར་སློབ་གཉེར་བསླབ་བྱ་ན་མཁས་གྲུབ་རིན་པོ་ཆེ་དང་རྒྱལ་དབང་ལྔ་བ། ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་ཀྱི་ཚིག་སྣ་མང་བོ་བསྡུས་ཡོད་ལ། གཞན་ས་སྐྱ་ལེགས་བཤད་དང་། རྒྱལ་བོ་ལུགས་ཀྱི་བསྟན་བཅོས་ལས་སྔོན་གྱི་ཚིག་འགྲོས་ཇི་ལྟ་བུ་བཞིན་དུ་བཀོད་པ་མང་ལ་དགེ་འདུན་ཆོས་འཕེལ་གསུང་ན་ཡང་། སྔོན་གྱི་ཚིག་ལ་བཟོ་བཅོས་བྱས་ནས་བཀོད་པ་མང་དེ་དཔེར་ན།“ཁ་རྒྱ་དང་ནི་རྒན་གྱའི་བར་ཡང་རིང་། །དབུས་དང་ཨ་མདོའི་ལམ་ནི་ཤིན་ཏུ་རིང་། །མ་ག་དྷཱ་དང་བོད་ནི་ཆེས་ཆེར་རིང་། །ལེགས་སྦྱར་དངོས་དང་སུམ་རྐང་དེ་བས་རིང་། །ཞེས་པ་འདི་ནི་མདོ་ལས། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། །རྒྱ་མཚོའི་ཕ་རོལ་ཚུར་རོལ་མཐའ་ཡང་རིང་། །ཤར་དང་ནུབ་ཀྱི་བར་ཐག་ཆེས་ཆེར་རིང་། །ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་། །⒂”ཞེས་པ་འདིར་ལད་འབྲི་བྱས་པ་དང་། ཡང་དགེ་ཆོས་ཀྱི།“ན་ཆུང་བུ་མོས་སྐྱེས་པ་འདོད་པ་ནི། །སྐོམ་པ་ཆུ་ལ་འཕྲད་པའི་དོ་ཟླ་མིན། །ཆགས་ལྡན་སྙིང་ལ་སྐྱེས་བུ་དྲན་པ་ནི། །ལྟོགས་པ་ཟས་ལ་རྔམ་པའི་དོ་ཟླ་མིན། །ཕ་མ་བཙན་པོས་དེ་ལ་གེགས་བྱས་པ། །ཁྲི་མོན་དོང་དུ་བཅུག་པའི་དོ་ཟླ་མིན། །ཆོས་སྒོ་བཙན་པོས་དེ་ལ་ཁྲིམས་བྱས་པ། །བཙོན་པ་ཚེ་སྒོ་འཁུར་བའི་དོ་ཟླ་མིན། །”ཞེས་པ། བཀའ་ཐང་གི་ཚིག་སྟེ། “བུད་མེད་སྙིང་དུ་སྐྱེས་པ་ཞུགས་པ་ནི། །ནད་དུ་སྙིང་རླུང་ཞུགས་པའི་དོ་ཟླ་མིན། །སྐྱེས་པའི་སྙིང་དུ་བུད་མེད་ཞུགས་པ་ནི། །སྨྱོ་འདྲེ་རྒྱལ་འགོང་ཕལ་གྱི་དོ་ཟླ་མིན། །བཟའ་མི་སྙོམས་ཆུང་ཁྱིམ་ཐབ་བྱེད་པ་ནི། །ཆོམ་རྐུན་ཨ་ར་ཕལ་གྱི་དོ་ཟླ་མིན། །⒃”ཞེས་པའི་ཚིག་སྣ་བཅོས་པ་སོགས་ཡོད་པས་སོ། །གཞན་ཡང་ས་སྐྱའི་ལེགས་བཤད་དང་རྒྱལ་བོའི་ལུགས་ཀྱི་བསྟན་བཅོས་ལས་སྔོན་གྱི་ལུགས་ཀྱི་བསྟན་བཅོས་མང་བོའི་ཚིག་སྣ་བསྡུས་ཡོད་པས་དེ་དག་གི་རྩོམ་པ་བོ་ཡང་སྔོན་གྱི་དེ་དག་ཡིན་པར་འདོད་དགོས་སོ། །
7 ཡང་ཅོ་ནེ་མཆེད་པ་ཨ་ལགས་ཀྱིས“མཐར་ཕྱིན་བྷ་བུ …… ཁོང་གིས་གསུང་ཡག་ལ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་ངའི་བརྩམས་པའི་ཚིག་མཛོད་དེ་འཁྱེར་ནས་ང་ལ་རྩ་བ་ནས་རེག་མ་སོང་གསུང་གི་འདུག⒄”ཞེས་ཁོང་གཉིས་ཀའི་སྒྲིག་བཞིན་པ་དག་དགེ་ཆོས་ཀྱིས་འཁྱེར་ནས་རྩ་མེད་དུ་བུད་སོང་བར་གླེང། འོན་ཀྱང་དེ་ནི་བདེན་མིན་གང་ལྟར་རྗེས་སུ་ཀིརྟི་ཚང་གིས་རྙེད་ནས་དཔེ་མཛོད་ཁང་ལ་ཕུལ་ཡོད་པ་དེ་ཡིན་པས་དགེ་ཆོས་ཀྱིས་འཁྱེར་ནས་རྩ་མེད་དུ་བཏང་མེད་ལ་རྐུན་མིང་དགེ་བཤེས་ཆོས་གྲགས་ལ་འགེལ་དོན་ཡང་ཅི་ཡང་མེད་དོ། །
8 ཡང་ལ་ལས་ཧོར་ཁང་གིས་དགེ་བཤེས་ཆོས་གྲགས་ཀྱི་བརྩམས་པར་བཤད་པ་ནི་ཧོར་ཁང་སོག་པོའི་རྒྱུད་ཡིན་པས་སོག་པོའི་ཕྱོགས་ཞེན་བཟུང་བ་ཡིན་ཟེར་ཀྱང་དེ་ནི་གཞན་ལ་ཆེད་དུ་དམའ་ཕབ་པའི་ཚིག་ཅིག་སྟེ་མདོར་ན་གཞན་དག་ཀྱང་རང་གི་མི་གཤིས་ཀྱི་ཚད་དུ་བཟུང་བ་འདྲ་བས་དེ་འདྲའི་ཐ་ཤལ་གྱི་གཏམ་བློ་ལྡན་དག་གི་དབུས་སུ་འདོན་འོས་པ་ཞིག་གཏན་ནས་མིན་ནོ། །ང་ཚོ་སུ་ཡང་ཧོར་ཁང་ལ་གསལ་ཆ་ཅི་ཡང་མེད་པས་སྐད་ཆ་དེ་འདྲ་བཤད་པའི་ཐོབ་ཐང་ཞིག་གཏན་ནས་མེད་པས་ཧོར་ཁང་མི་ག་འདྲ་ཞིག་ཡིན་མིན་གསལ་ཐག་ཆོད་པའི་སྒོ་ནས་བཤད་དཀའ་ཡང་དགེ་ཆོས་ཀྱིས་རང་གི་སློབ་མ་རྣམས་ལས་བློ་གཏད་ས་ཉག་གཅིག་ཡིན་པ་ཁོང་གིས་རང་གི་གསུང་རྩོམ་དག་ཁོང་ལ་བཅོལ་བས་ཤེས་ཏེ། དེ་ལས་གཞན་ཞིག་ལ་བཅོལ་ས་མ་རྙེད་པ་ནི་ཁོང་གི་སློབ་མའི་ཁྲོད་དུ་ཁོང་འདྲ་བའི་མི་གཤིས་ལེགས་པོ་ཞིག་མེད་པ་གསལ་བོར་མཚོན་པ་མ་ཡིན་ནམ།
ལྷག་པར་ཁོང་གི་གསུང་རྩོམ་ལས་དེབ་ཐེར་དཀར་བོ་ཤིང་པར་དུ་སྐྲུན་མཁན་ཡང་ཧོར་ཁང་ཡིན་ལ་ཁོང་གི་གསུང་རྩོམ་ཀུན་ཉར་ཚགས་བྱེད་མཁན་ཡང་ཧོར་ཁང་བསོད་ནམས་དཔལ་འབར་ཡིན་པས་དེ་ནི་དགེ་ཆོས་ཀྱི་གསུང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་ཡིན་པ་མ་གཏོགས་དགེ་ཆོས་ཀྱི་རྩོམ་རྐུ་མཁན་གྱི་གྲས་སུ་གཏོགས་པ་ཞིག་ག་ལ་ཡིན། བདག་གིས་ཤེས་གསལ་ལྟར་ན་ཁོང་ནི་རང་གི་ཁེ་ཕན་གྱི་ཆེད་དུ་མི་རིགས་ལ་གནོད་པའི་བྱ་བ་བྱེད་མཁན་ཞིག་མིན་ལ་དགེ་རྒན་གྱི་ཕྱག་རྩོམ་བརྐུས་ནས་གཞན་ལ་སྟེར་མཁན་ཞིག་དེ་བས་ཀྱང་ག་ལ་ཡིན།
ལྔ་བ། 《བརྡ་དག་མིང་ཚིག་གསལ་བ》དགེ་ཆོས་ཀྱི་མ་ཡིན་པའི་སྐོར་བཤད་པ།
ན་གཞོན་ཕྱོགས་རིས་ཅན་དག་གིས《བརྡ་དག་མིང་ཚིག་གསལ་བ》དགེ་འདུན་ཆོས་འཕེལ་གྱི་ཡིན་ཟེར་བ་ནི་བོད་ཀྱི་ཕྱོགས་རིས་ཀྱི་དབང་དུ་སོང་བ་ཡིན་ལ། 《སྲིད་དོན་རྒྱལ་རབས》དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ་ཡིན་ཟེར་བ་ནི་ཨ་མདོ་བའི་ཕྱོགས་རིས་སུ་སོང་བའོ། །ལྷག་པར་དགེ་བཤེས་ཆོས་གྲགས་ཀྱི་མིན་ཟེར་བ་འདི་སོག་པོའི་མཁས་པས་བོད་ལ་བཞག་པའི་བྱས་རྗེས་བསུབ་འདོད་པ་ཁོ་ན་སྟེ། དེ་ནི་རིག་གཞུང་གི་ཁོངས་གཏོགས་སུ་བྱུང་བའི་ནད་ངན་པ་ཞིག་ཡིན་པ་ལས་སྒྲུབ་བྱེད་རྣམ་དག་ཅི་ཡང་མེད་དོ། །དེ་བས་དེ་དག་གིས་བཀོད་པའི་སྒྲུབ་བྱེད་ལྟར་སྣང་ཡིན་པ་མ་ཟད་དགེ་བཤེས་ཆོས་གྲགས་ཀྱི་ཡིན་པའི་སྒྲུབ་བྱེད་འདི་ལྟར།
1 《བརྡ་དག་མིང་ཚིག་གསལ་བ》དགེ་འདུན་ཆོས་འཕེལ་གྱིས་ཡིན་ཟེར་བ་དག་གི་གཞི་གཟུང་ས་གཙོ་བོ་ནི་ཅོ་ནེ་མཆེད་པ་ཨ་ལགས་འཇམ་དཔལ་ལ་བཅར་འདྲི་བྱས་པ་ལས། “དགེ་འདུན་ཆོས་འཕེལ་ཁ་སྐོང་གི་མཇུག་སྐྱེལ་བྱེད་དགེ་བཤེས་ཆོས་གྲགས་ལ་བཅོལ་ཡོད་པ་འདྲ། ཁོང་གི་ལྕགས་སྨྱུག་འཁྱེར་ཡོང་ནས་དགེ་འདུན་ཆོས་འཕེལ་གྱི་སྐུ་མདུན་ལ་བཅར་གྱི་འདུག དེ་དུས་འདིའི་བར་དུ་འདི་བཅུག་ཤོག་གསུངས་ནས་བཀའ་གནང་བ་དེ་འདྲ་ངས་ཐེངས་ཁ་ཤས་ལ་མཐོང་མྱོང⒅”ཟེར་བ་དེ་རེད།
འོན་ཀྱང་ང་ཚོས་དེ་ལས་གསལ་བོར་མཐོང་བ་ནི་བཅོལ་བ་འདྲ། ཞེས་རང་ལ་ངེས་གཏད་མེད་པའི་ཚིག་བཤད་ཡོད་ཅིང་། ཁོང་གི་གསུང་ལ་བལྟས་ན་ཁོང་ནི་དགེ་བཤེས་ཆོས་གྲགས་ལ་མི་དགའ་མཁན་ཞིག་རེད། འོན་ཀྱང་ཁོང་གི་གསུང་གི་ཞར་ལ། དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་ཅིག་འབྲི་བཞིན་ཡོད་པ་གསལ་བོར་བཤད་ཡོད་ལ། འབྲི་མཁན་ཡང་ཁོང་ཡིན་པ་ལས་དགེ་ཆོས་མིན་པ་དང་དགེ་ཆོས་ལ་བཀའ་འདྲི་ཞུ་བཞིན་པ་དེ་རེད། དེ་ལས་བལྟས་ན། འདིའི་བར་ལ་འདི་ཆུགས་ཟེར་སྲོལ་ལ་དེ་ནི་ཁོང་ལ་བློ་དྲིས་པ་ཞིག་ལས་དགེ་ཆོས་ཀྱིས་བྲིས་པ་མིན་པ་གསལ་བོ་རེད། གལ་ཏེ་དགེ་ཆོས་ཀྱི་ཡིན་ན་ཁོང་གི་འབྲི་ངེས་པ་ལས་དགེ་བཤེས་ཆོས་གྲགས་ལ་འདིའི་བར་དུ་འདི་ཆུགས་ཟེར་དོན་མེད་པའི་ཕྱིར། གལ་ཏེ་ཁོང་གིས་བརྩམས་པ་ཞིག་ཡིན་ན་ཁོང་གི་སློབ་བུ་དག་ལ་ལས་བཅོལ་བ་ལས། དགེ་བཤེས་ཆོས་གྲགས་ལྟ་བུ་ལ་ལས་བཅོལ་དོན་གཏན་ནས་མེད་དོ། །དགེ་འདུན་ཆོས་འཕེལ་གྱི་ཚིག་མཛོད་ཅིག་གྲུབ་ཡོད་མེད་ཀྱང་ཐེ་ཚོམ་ཟ་དགོས་པ་ཞིག་རེད།
མང་ཆེ་བས་དགེ་འདུན་ཆོས་འཕེལ་གྱི་དག་ཡིག་ཅིག་བརྩམས་ཟེར་བཞིན་ཡོད་མོད། དོན་ངོ་མར་དགེ་འདུན་ཆོས་འཕེལ་གྱིས་དག་ཡིག་ཅིག་བརྩམས་ཡོད་པ་ནི་ད་སྔ་གཞི་འཛིན་ས་མེད། ད་སྔའི་གཞི་གཟུང་ས་གཅིག་ནི་དགེ་འདུན་ཆོས་འཕེལ་དང་བྷ་བུ་མཐར་ཕྱིན་གཉིས་ཀྱིས་ཚིག་མཛོད་ཅིག་བསྒྲིགས་པའི་གཏམ་དེ་རེད། དེ་ཡང་ཐོག་མར་མགོ་འཛིན་མཁན་རྣམ་པ་གཉིས་ཡིན་ཀྱང་། དེ་ལེགས་པར་གྲུབ་ཡོད་མེད་ལ་ཐེ་ཚོམ་ཟ་དགོས་པ་ཞིག་སྟེ། “ཀ་བློན་སྦུག་གི་མཐར་ཕྱིན་དཔར་ཁང་ནས་ལྷག་བསྡད་པའི་ཚིག་མཛོད་མཇུག་མ་འཁྱོལ་བའི་རྩོམ་འཕྲོ་ཅན་གྱི་པར་བརྒྱབས་འདུག ང་ཕྱི་ལོ1980ལོར་དེར་འགྲོ་བའི་སྐབས་མཐར་ཕྱིན་བྷ་བུ་ལགས་ཀྱི་པར་ཁང་ནས་ཅ་ཆའི་བར་བརྒྱབས་གྲུབ་འདུག ཚིག་མཛོད་འདིའི་མགོ་དང་བོ་ཚུགས་དུས་དགེ་འདུན་ཆོས་འཕེལ་སོགས་ཡོད་ས་རེད⒆”ཅེས་གསལ། དེ་ནི་མང་བོ་ཞིག་གིས་བསམ་པའི་དགེ་ཆོས་ཀྱི་དག་ཡིག་ཡིན་མོད། དེའི་ནང་དུ་དགེ་བཤེས་ཆོས་གྲགས་ཀྱང་ཡོད་དེ། “སྐབས་དེ་དུས་ཀ་བློན་སྦུག་ཏུའང་། དེ་ལྟ་བུའི་ཚིག་མཛོད་གསར་བ་ཞིག་བསྒྲིགས་འདུག་པ་དེའང་དགེ་འདུན་ཆོས་འཕེལ་ལགས་དང་དགེ་བཤེས་ཆོས་གྲགས་སོགས་མི་མང་བོ་ཞིག་གིས་རྩོམ་སྒྲིག་གནང་ཡོད་ཚོས་འདུག ཚིག་མཛོད་འདིའི་མ་དཔེ་དང་པོའི་ལག་བྲིས་མ་ངོ་མ་དེའང་ངས་དཔེ་མཛོད་ཁང་དུ་ཕུལ་ཡོད⒇” འོན་ཀྱང་ཁོང་གིས་དངོས་སུ་གཤིབ་བསྡུར་བྱེད་ཆོག་པ་ལ“ཚིག་མཛོད་འདིའི་སྒྲིག་སྟངས་དེ་གནའ་སྔ་མོའི་དག་ཡིག་སྒྲིག་སྟངས་དང་མི་འདྲ་བར་དེང་དུས་ཀྱི་དགེ་བཤེས་ཆོས་གྲགས་ཀྱི་དག་ཡིག་དང་པེ་ཅིང་ནས་ཐོན་པའི་དང་བོའི་ཚིག་མཛོད་སོགས་ཀྱི་གཞི་རྩ་ཀ་ལོན་སྦུག་ནས་བསྒྲིགས་པ་དེ་རྩ་བ་བྱས་པ་ཡིན་སྲིདⅠ”ཞེས་ནེམ་ནུར་གྱི་ཚིག་གསུངས་པ་དེས་ཤེས་པ་ནི་སྒྲིག་སྟངས་ཙམ་ལས་གཤིབ་བསྡུར་བྱས་པ་ལས་ངེས་ཤེས་ཤིག་བྱུང་མེད་པ་དེ་གསལ་བོར་ཤེས།
གོང་གི་དེ་དག་ལས་ཤེས་ཐུབ་པ་ནི་ཁོང་རྣམ་པས་བསྒྲིགས་པའི་ཚིག་མཛོད་དེ་ཆའི་བར་དུ་མ་གཏོགས་མེད་པ་དང་། མགོ་ཚུགས་དུས་དགེ་འདུན་ཆོས་འཕེལ་ཡོད་པ་ལས་རྗེས་ཀྱི་ལས་ཀ་མུ་མཐུད་དུ་བྱེད་མ་ཐུབ་པ་གསལ་བོར་རེད། ཀུན་གྱི་གཞི་གཟུང་ས་དག་ཡིག་དེ་ཡིན་མོད། དོན་ངོ་མར་དག་ཡིག་དེ་བརྡ་དག་མིང་ཚིག་གསལ་བ་ཡི་མ་དཔེ་ཡིན་མིན་དེ་དཔེ་ཆ་གཉིས་གཤིབ་བསྡུར་བྱས་པས་ཐག་ཆོད་ན་ཡང་ཕངས་པ་ཞིག་ལ་དེའི་ཆ་རྐྱེན་བདག་ཅག་ལ་མི་འཛོམས། ཡིན་ན་ཡང་དཔེ་ཆ་དེ་དངོས་སུ་མཐོང་བའི་ཀིརྟི་རིན་པོ་ཆེས་ཀྱང་དེ་ཉིད་དགེ་བཤེས་ཆོས་གྲགས་ཀྱི་བརྩམས་པའི《བརྡ་དག་མིང་ཚིག་གསལ་བ》དང་གཅིག་མིན་མཐའ་ཆོད་པ་ཞིག་བྱུང་མེད་པ་དེས་ཀྱང་དེ་གཉིས་དཔེ་ཆ་གཅིག་མ་ཡིན་པར་གསལ་བོ་མཚོན་པ་རེད།
2 ཡང་ལ་ལས་དག་ཡིག་འདི་དགེ་བཤེས་ཆོས་གྲགས་ཀྱི་ཡིན་ན་ཅིའི་ཕྱིར་ཁོང་གིས་ཁ་སྐོང་མ་མཛད་པ་ཡིན་ནམ་ཟེར་ཡང་དེ་ནི་གནས་ཚུལ་ལ་རྒྱུས་ལོན་མ་བྱུང་བའི་སྐད་ཆ་ཞིག་ལས་མ་འདས་ཏེ། ཁོང་གིས་དག་ཡིག་དེ་ལ་ཁ་སྐོང་འདོད་ཀྱི་སྦྱོར་བ་བརྩམས་པ་གོང་དུ་ཡང་བཤད་ཅིང་ལྷག་པར་ཧོར་ཁང་བྱམས་པ་བསྟན་དར་ལགས་ཀྱིས་དེའི་སྐོར་གསལ་བོར་གསུངས་ཡོད། “དགེ་བཤེས་ཆོས་གྲགས་མཆོག་ནས་བོད་ལྗོངས་ཉིན་རེ་ཚགས་པར་ཁང་ལ་ཕྱག་ལས་གནང་སྐབས་ཚིག་དེ་ལ་ཁ་སྐོང་གནང་འདོད་ཀྱིས་ལས་ཁུངས་ཀྱི་ཕྱག་ལས་ཀྱི་ཞོར་དུ་མིང་ཚིག་མི་ཉུང་བ་ཞིག་བསྡུ་རུབ་གནང་བ་ཁོ་བོས་ཀྱང་དངོས་སུ་མཐོང་མྱོང་། མིང་ཚིག་གི་ཤོག་ལྷེ་ཆུང་ཆུང་མང་བོ་ཞིག་གི་སྟེང་ལ་བསྒྲིགས་འདུག་ལ། དེང་སང་བསམ་བློ་བཏང་ན་ཁར་ཊི་དེ་འདྲ་ཆིག་ཁྲི་ལྷག་མེད་དམ་སྙམ། རིག་གནས་གསར་བརྗེའི་སྐབས་ཁོང་གི་སྐུ་ཟླ་མེ་ཏོག་ལགས་ཀྱིས་དགེ་བཤེས་མཆོག་གི་དཔེ་དེབ་དང་ཡིག་རིགས་གང་མང་ཞིག་མེར་བསྲེགས་བཏང་བའི་ཁྲོད་དུ་དགེ་བཤེས་མཆོག་གིས་རང་གི་ཚིག་མཛོད་ལ་གསར་སྣོན་གནང་འཆར་གྱི་མིང་ཚིག་དེ་དག་ཀྱང་ཡོད། ཉིན་ཞིག་ཁོང་གིས་ཁོ་བོའི་ཕ་དམ་པར་ངའི་དཔེ་ཆ་དང་དག་ཡིག་ཁ་སྐོང་བཟོ་རྒྱུའི་ཤོག་ལྷེ་རྣམས་དབྱེ་བ་ཕྱེ་ལོང་མེད་པར་མེ་ཏོག་ལགས་ཀྱིས་མེ་བསྲེགས་སོང་། ཁོ་རང་ཚོ་ལྐུགས་པ་ཡིན་ཙང་ཕན་ཐོགས་ཡོད་མེད་དབྱེ་བ་ཕྱེ་ལོང་མེད་པར་མེ་བསྲེགས་བཏང་སོང་། ཕངས་པ་ལ། ཟེརⅡ” ཞེས་གསུངས་འདུག་དེ་ལས་གསལ་བའི་སྒྲུབ་བྱེད་ཅིག་གང་དུ་འཚོལ་ལམ།
3 ཡང་དེབ་འདི་དགེ་བཤེས་ཆོས་གྲགས་ཀྱི་ཡིན་པའི་རྒྱུ་མཚན་ཞིག་ནི་གལ་ཏེ་ཁོང་དང་ཧོར་ཁང་གཉིས་དགེ་ཆོས་ཀྱི་ཕྱག་རྩོམ་རྐུ་མཁན་ཞིག་ཡིན་ན་ཁོང་གཉིས་ཀྱིས་ཧོར་ཁང་གི་ཕྱག་ཏུ་ཡོད་པའི་གསུང་གང་མང་ཞིག་བརྐུ་ཆོག་ཆོག་ཡིན་མོད། དེ་ལྟར་མ་བྱས་པའི་རྒྱུ་མཚན་གང་ཡིན། ང་ཚོས《བརྡ་དག་མིང་ཚིག་གསལ་བ》ལ་བལྟས་ན་དེའི་ཚིག་གི་སྦྱོར་བ་དགེ་འདུན་ཆོས་འཕེལ་གྱི་ཚིག་སྦྱོར་དང་མི་མཐུན་པ་དང་གཅིག མགོ་མཇུག་ཏུ་ལུང་འདྲེན་མང་བོ་སྤུངས་ཡོད་པ་དང་གཉིས། སོག་པོའི་བརྡ་ཆད་དང་འགྲེལ་བ་གཞན་དང་མི་མཚུངས་པར་ཞིབ་ཅིང་གནད་དུ་བབས་པ་བྱས་ཡོད་པ་དང་གསུམ། མང་བོ་ཞིག་བཏང་སྙོམས་བྱས་ཡོད་པ་དང་ལྔ། ཐ་སྙད་ཀྱི་འགྲེལ་བ་མང་ཆེ་བ་མི་རིགས་ གཞན་པའི་བོད་ཡིག་སྦྱོང་བའི་བཟོ་ཡོད་པ་དང་དྲུག དགེ་ཆོས་ཀྱི་གསུང་དུ་གསལ་བའི་ཐ་སྙད་ཀྱི་འབྱུང་ཁུངས་མང་བོ་ཐུན་མོང་མ་ཡིན་པར་གསལ་བ་དང་འདིར་བཀོད་མེད་པ་དང་བདུན། སྒྱོ་བ་ལ་སྣོད་ཆེན་པོ་དང་སྒྱེ་མོ་ལ་སྒྱེའུ་ཆུང་སོགས་བོད་ཀྱི་བྱིས་པས་ཀྱང་ཤེས་པའི་ཐ་སྙད་སྐོར་ཞིག་ལ་འགྲེལ་ལོག་བརྒྱབས་ཡོད་པ་དང་བརྒྱད། བོད་ཀྱི་འགྲེལ་བཤད་དུ་བོད་ཆེན་པོ་ཞེས་བཤད་པ་ལྟ་བུ་དགེ་ཆོས་ཀྱི་དགོངས་པ་དང་མི་མཐུན་པའི་ཐ་སྙད་ཀྱི་འགྲེལ་སྐོར་ཞིག་ཡོད་པ་བཅས་ཀྱིས་དགེ་འདུན་ཆོས་འཕེལ་གྱི་མ་ཡིན་པ་གསལ་བོ་མཚོན་ཡོད་པ་མ་ཡིན་ནམ།
4 ལྷག་པར་བརྡ་དག་མིང་ཚིག་གསལ་བ་འདི་དགེ་ཆོས་ཀྱི་མ་ཡིན་པའི་སྒྲུབ་བྱེད་ཆེས་རྣོན་པོ་ཞིག་ནི་ལོ་ཚིགས་ཡིན་ཏེ་ལོ་ཚིགས་ཀྱི་གཟེར་བཏབ་ན་དེ་ནི་སུས་ཀྱང་སྒུལ་མི་ནུས་པ་ཞིག་རེད། དེ་ཡང་ང་ཚོས་ཤིང་པར་བརྩམས་པའི་དུས་ལས་གསལ་བོར་ཤེས་ཏེ“བརྡ་དག་མིང་ཚིག་གསལ་བ་ཞེས་བྱ་བའི་ཚིག་མཛོད་དེ་ཧོར་ཁང་གཟིམ་ཤག་གིས་སྦྱིན་བདག་བྱས་ནས1949ལོར་པར་དུ་བརྐོས་གྲུབ། ཕལ་ཆེར་དགེ་འདུན་ཆོས་འཕེལ་གྱི་དེབ་ཐེར་དཀར་བོ་ཡང་ལོ་དེ་ནང་པར་དུ་བརྐོ་བའི་སྦྱིན་བདག་ཁོ་བོའི་ཕ་དམ་པས་གནང་ན་ཡང་། པར་ཡིག་ལ་ཞུས་དག་གཏོང་མཁན་དང་པར་བརྐོའི་ལས་འདོམས་གནང་མཁན་ཚང་མ་དགེ་བཤེས་ཆོས་གྲགས་རང་རེདⅢ”དེབ་འདི་ཤིང་པར་དུ་རྐོ་བའི་ལོ་ནི1946ལོ་སྟེ་ལོ་དེར་དགེ་འདུན་ཆོས་འཕེལ་སྐུ་བཞུགས་པའི་དུས་རེད། སྐབས་དེར་དགེ་ཆོས་ད་དུང་བཙོན་དུ་ཡང་བཟུང་མེད་པས་དགེ་ཆོས་སྐུ་བཞུགས་ཤིང་གདུལ་བྱ་འཕེལ་བའི་སྐབས་དེར་སུ་ཞིག་གི་མངོན་སུམ་དུ་སྨྱོན་པའི་ཟློས་གར་འཁྲབ་བམ། ད་དུང་ཁོང་གཤེགས་པའི་དུས་ནི1951ཡིན་པས་ཁོང་དངོས་སུ་བཞུགས་བཞིན་དུ་གསུང་བརྐུས་ནས་སྤྱན་ལམ་དུ་སྟོན་པའི་རྐུ་མ་དེ་ནི་ལྷ་རམས་དམ་བཅའ་བཞག་ཅིང་གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡངས་པའི་དགེ་བཤེས་ཆོས་གྲགས་ཀྱི་ལས་ཀ་ཞིག་ཡིན་ཞེས་སྨྲས་ན་རང་ཉིད་ཁ་སྐྱེངས་དགོས་པ་ཞིག་མ་རེད་དམ།
ལྷག་པར་གལ་ཆེ་བ་ཞིག་ནི་དགེ་ཆོས1948ལོར་བོད་དུ་ཕེབས་པ་ཡིན་ནⅣདེའི་སྔོན་གྱི་ལོ་གསུམ་པར་བརྡ་དག་མིང་ཚིག་གསལ་བ་གྲུབ་ནས་ཤིང་པར་དུ་བརྐོས་པ་ལགས་ཤིང་དགེ་ཆོས་བོད་དུ་ཕེབས་དུས་རང་གི་ཚིག་མཛོད་གཞན་གྱིས་མིང་བརྒྱབས་པ་ལ་ཧོར་ཁང་གིས་ཇི་ལྟར་འགྲེལ་ལམ། གཞུང་ལུགས་རྒྱ་མཚོར་གདེང་ཐོབ་ཅིང་གང་ལ་ཡང་མི་འཇིགས་པའི་དགེ་ཆོས་ལ་དེའི་སྐོར་ལབ་ལྒིང་གང་ཡང་མེད་པ་ཡང་ཧ་མི་ལས་སམ། ལྷག་པར་ཅོ་ནེ་བ་ཨ་ལགས་འཇམ་དབྱངས་ཀྱིས། དགེ་འདུན་ཆོས་འཕེལ་གྱིས་ཚིག་མཛོད་དེའི་ཁ་སྐོང་མཇུག་སྐྱེལ་བྱེད་ཡག་དེ་ཁོང་ལ་མངགས་ཡོད་པ་འདྲ། ཁོང་གིས་ལྕགས་སྙུག་འཁྱེར་ཡོང་ནས་དགེ་འདུན་ཆོས་འཕེལ་གྱི་སྐུ་མདུན་ལ་བཅར་གྱི་འདུག དེ་དུས་འདིའི་བར་དུ་འདི་བཅུག་ཤོག་ཅེས་གསུངས་ནས་བཀའ་གནང་བ་དེ་འདྲ་ཁ་ཤས་མཐོང་བྱུང་ཞེས་པ་བརྫུན་གཏམ་དུ་སོང་འདུག་པ་མིན་ནམ། གལ་ཏེ་དགེ་འདུན་ཆོས་འཕེལ1947Ⅴལོར་བོད་དུ་ཕེབས་པའི་དབང་དུ་བཏང་ཡང་སྐབས་དེར་ཚིག་མཛོད་དེ་གྲུབ་འདུག་པས་མཇུག་སྐྱེལ་བར་བཅོལ་དགོས་དོན་གང་ཡིན་ནམ། དེ་བས་དགེ་ཆོས་ཀྱི་ཡིན་ཟེར་བ་ནི་མཐའ་འཁྱོལ་ཐབས་མེད་པའི་བརྫུན་གཏམ་འབའ་ཞིག་ཡིན་པ་འདིས་ཀུན་གྱིས་ཤེས་འོས་སོ། །
ཡང་ལ་ལས་ཚིག་མཛོད་འདི་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པ་ཡིན་ན་དཔེ་སྐྲུན་གསལ་བྱེད་དུ། 1རྒྱུན་མཁོའི་མིང་ཚིག་གི་གྲངས་སུ་མིང་གཅིག་དོན་མང་དུ་འཇུག་པའི་སྐབས་མང་ཡང་། འདིར་འགྲེལ་བཤད་དང་དཔེ་བརྗོད་དེ་ཙམ་མ་འཛོམས་པ་དང་མཆན་འགྲེལ་ལ་ལར་ཞིབ་ཆ་མ་ཐོན་པ་མ་ཟད་རྩ་ཆད་དུ་སོང་བའང་འདུག 2 སྔ་ཕྱིའི་བསྒྲིགས་རིམ་ད་དུང་ཚགས་སུ་མ་ཚུད་པ་དང་། འགྲེལ་བཤད་སྔ་ཕྱི་མི་མཐུན་པའང་གང་མང་འདུག་སོགས་བཀོད་ནས་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པ་ཡིན་ན་རྩོམ་པ་བོ་རང་ལ་གནད་དོན་དེ་ཐག་གཅོད་དུ་བཅུག་ན་ལེགས་མོད་ཁོ་རང་རྩོམ་པ་བོ་དངོས་མིན་པས་དོགས་གནད་དེ་དག་རང་སོར་བཞག་ནས་དཔར་དུ་བཏབ་ཅེས་བཤད་པ་ནི་དཔེ་སྐྲུན་ཁང་གི་དོན་ཞིག་ལས་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པ་མིན་པའི་སྒྲུབ་བྱེད་ཀྱི་ཕྱོགས་སུ་ཡང་མི་འགྲོ་སྟེ་དཔེ་སྐྲུན་ཁང་ནས་བརྗོད་པའི་གཏམ་དུ། “དག་ཡིག་འདིའི་གོང་གསལ་གྱི་ཆ་ཐམས་ཅད་བཅོས་དགོས་བྱུང་ན་དུས་ཚོད་རིང་བོ་ཞིག་འགོར་འགྲོ་བར་དོགས་ནས་གཟིགས་མཁོའི་ཆེད་དུ་ད་ལྟའི་མ་ཕྱི་འདི་རང་ཉིད་པར་དུ་བཏབ་པའོ། །Ⅵ”ཞེས་གསལ་བོར་གསུངས་ཤིང་། ལྷག་པར་རྩོམ་སྒྲིག་པ་གཟའ་རོ་ཞིག་ཡིན་ན་མ་གཏོགས་རྩོམ་པ་བོ་དགེ་བཤེས་ཆོས་གྲགས་མ་ཡིན་པ་ཤེས་བཞིན་དུ་དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་དང་ད་དུང་མདུན་ཤོག་ཏུ《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》ག་ལ་འགོད་དེ། དགོད་བྲོ་བའི་སྒྲུབ་བྱེད་དེ་འདྲ་ཁ་ལ་མི་འདོན་པར་ཞུ།
མཇུག་གི་གཏམ།
བརྡ་དག་མིང་ཚིག་གསལ་བ་དགེ་བཤེས་ཆོས་གྲགས་ཀྱིས་བརྩམས་པ་མིན་པར་འདོད་པའི་ཞེ་འདོད་དུ་ཡོད་པ་ནི་དགེ་བཤེས་ཆོས་གྲགས་སོག་པོ་ཡིན་པས་ཁས་བླངས་མི་འདོད་པ་དེ་ཁོ་ན་སྟེ། འདི་ནི་རིག་གཞུང་གི་ཁྲོད་དུ་གཟུ་བོ་མ་ཡིན་ཞིང་བདེན་པ་ལ་གཡོལ་བའི་ཕྱོགས་རིས་ཁ་སྐྱེངས་དགོས་པ་ཞིག་སྟེ། བདག་གིས་ཞིབ་འཇུག་བྱས་པ་ལྟར་ན་སོག་པོའི་དགེ་བཤེས་བོད་ཡིག་གི་གསུང་འབུམ་ལྡན་པ་རྒྱལ་བ་ཡོན་ཏན་རྒྱ་མཚོ་གཙོ་བྱས་ཏེ། དཔལ་ལྡན་ཆོས་རྗེ་དང་ཆ་ཧར་དགེ་བཤེས། བསྟན་དར་ལྷ་རམས་པ། ཨ་ཁུ་ཤེས་རབ་རྒྱ་མཚོ། ཧལ་ཤ་ཚུལ་ཁྲིམས་རྒྱ་མཚོ། གསེར་ཏོག་ཚུལ་ཁྲིམས་རྒྱ་མཚོ། ད་ལྟའི་དགེ་བཤེས་དགེ་འདུན་རྒྱ་མཚོ། སྨད་སོག་བསོད་ནམས་སོགས་བགྲང་ལས་འདས་པ་ཡོད་པས་དེ་དག་མང་བོ་ཞིག་གི་མི་ཚེ་བོད་དུ་སྐྱེལ་ཅིང་མི་ཚེ་བོད་ཀྱི་རིག་གནས་ཀྱི་ཆེད་དུ་བཏང་ཡོད་པ་རེད།
བོད་རིགས་མཁས་པ་སོག་པོའི་རིག་གནས་ལ་བྱས་རྗེས་ཆེ་བ་མ་ཟད། སོག་པོ་དགེ་བཤེས་མང་བོ་ཞིག་སོག་པོ་རང་གི་རིག་གནས་ལ་བྱས་རྗེས་དེ་ཙམ་མི་ཆེ་ཡང་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེ་བ་དེ་ཁས་མི་ལེན་ག་མེད་རེད། དེ་བས་བོད་དང་སོག་པོ་དགེ་སློབ་ཀྱི་འབྲེལ་བ་ཆགས་ཡོད་པའི་མི་རིགས་ཤིག་ཡིན་ལ། བོད་ཀྱི་རིག་གནས་ཀྱི་ཐད་ནས་བཤད་ན་བོད་སློབ་དཔོན་ཡིན་ལ་སོག་པོ་སློབ་མ་བཟང་བོ་ཞིག་ཏུ་གྲུབ་ཡོད་པས་འབྲེལ་བ་དམ་འཛིན་བྱེད་པ་ལས་ཕན་ཚུན་ལ་གནོད་པའི་སྐད་ཆ་དང་ཕྱོགས་སུ་མ་ལྷུང་ན་ལེགས་སོ། །དེ་བཞིན་རྒྱ་ནག་པ་བོད་ཀྱི་རིག་གནས་ལ་བྱས་རྗེས་ཆེ་བ་ལོ་ཙཱ་བ་བློ་བཟང་ཆོས་འཕགས་དང་ཨ་ལགས་ཚེ་ཏན་ཞབས་དྲུང་ལྟ་བུ་རེ་འགའ་ཡོད་ཅིང་དེ་དག་ཀྱང་། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་གསུངས་པⅦབཞིན་རུས་རྒྱུད་མི་རིགས་གཞན་པ་ཡིན་མོད་ཀྱང་རིག་གནས་ཀྱི་ཆ་ནས་བཤད་ན་བོད་ཡིན་པས་མིག་སེར་དང་ཕྲག་དོག་བྱ་དགོས་པའི་རྒྱུ་མཚན་ཅི་ཡང་མེད་ཅིང་རིག་གཞུང་གི་ཕྱོགས་ལྷུང་འདི་རིགས་ནི་མི་རིགས་ལ་ཕན་པ་ལས་གནོད་པ་ཆེ་བས་ན་ན་གཞོན་ཞིབ་འཇུག་པ་དག་གིས་གཟུ་བོའི་སྒོ་ནས་བདེན་པ་བདེན་ཐུབ་བཤད་པ་ནི་ཤིན་ཏུ་གལ་ཆེའོ། །
མཆན།
①ཧོར་ཁང་གིས་དེའི་ལན་དུ་ངས་ད་ལམ་ཕྱག་བྲིས་ཕེབས་གསལ་དགེ་བཤེས་མཆོག་བསླབ་སྡོམ་ཉམས་པའི་གནས་ཚུལ་ཐོས་མ་ཐག་ཏུ་བློ་ཕམ་ཧ་ཅང་ཆེན་པོ་བྱུང་བས་ལྷ་རབ་གང་ཉིད་སྡོམ་པ་བསྐྱར་གསོ་མཛད་དེ་སྔར་བཞིན་བཞུགས་ཐུབ་པར་སྙིང་ནས་གསོལ་བ་འདེབས་རྒྱུ་ཡིན་ཞེས་ཞུས་པའི་བཀའ་ལན་དུ་ཁྱེད་རང་ཚོ་སྐུ་དྲག་ཟེར་མཁན་དེ་དེ་འདྲ་རང་རེད། བླ་མ་ཆེན་པོ་དང་། གྲུབ་ཆེན། སྔགས་པ་རྒྱུད་འཛིན་བཅས་མི་དྲག་ཚོས་བུད་མེད་བསྟེན་ན་དེ་ལ་གསང་ཡུམ་དང་། མཁའ་འགྲོ། བདག་མོ་སོགས་མིང་སྙན་པོ་མང་པོ་འདོགས་རྒྱུ་ཡོད་པ་དང་། ང་ཚོ་གྲྭ་བ་དབུལ་ཕོངས་ཀྱིས་བུད་མེད་བསྟེན་ན་གྲྭ་ལོག་དང་། འབར་ཁོག ཕ་རྒན་སོགས་མིང་ངན་ག་རེ་འདོགས་དགོས་བསམ་པ་བྱེད་མཁན་ཞིག་རེད་ཅེས་བཀའ་བསྐྱོན་ཚད་མེད་གནང་བས་བཀའ་ལན་དུ་དགོངས་པ་དྭངས་པ་ཞུ་རྒྱུ་ལས་བྱ་ཐབས་བྲལ། ཞེས་གསུངས་འདུག
②ཁོང་གི་སྐུ་ཟླའི་མིང་ལ་ཨ་ལྕག་མེ་ཏོག་ཟེར་ཞིང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་སྐྱེས། བུའི་མིང་ལ་ཟླ་བ་ཚེ་རིང་དང་གཅིག་ལ་དབང་འདུད་ཞེས་བཏགས་ལོ་རབས་བརྒྱད་ཅུའི་མཇུག་ཙམ་ལ་གཉིས་ ཀས་ཆང་འཐུང་དྲགས་པའི་རྐྱེན་གྱིས་སྔ་ཕྱིར་ཚེ་ལས་འདས། 1966ཡས་མས་ཙམ་ལ་བུ་མོ་ཞིག་སྐྱེས་པའི་མིང་ལ་སྤེན་པ་མཚམས་གཅོད་ཟེར་བ་དེ་ད་ལྟ་བསྡད་ཡོད་ཟེར།
③《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ》 མི་རིགས་དཔེ་སྐྲུན་ཁང་། ཤ 617སྟེང་བཀོད་པའི་《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》ཞེས་པའི་གནད་བསྡུས་ན་བཀོད།
④དགེ་བཤེས་ཆོས་གྲགས།《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》མི་རིགས་དཔེ་སྐྲུན་ཁང་། ཤ 14
⑤ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》 《དགེ་སློང་རིག་འཛིན་དབང་བོའི་བཅར་འདྲི་བྱས་པའི་ལན》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ 259
⑥དུང་དཀར་བློ་བཟང་འཕྲིན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད》མི་རིགས་དཔེ་སྐྲུན་ཁང་། ཤ511
⑦《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ།《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》མི་རིགས་དཔེ་སྐྲུན་ཁང་། ཤ 622
⑧ 《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ།《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》མི་རིགས་དཔེ་སྐྲུན་ཁང་། ཤ 623
⑨ཀིརྟི་བློ་བཟང་བསྟན་འཛིན།《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《ཅོ་ནེ་མཆེད་པ་ཨ་ལགས་ལ་བཅར་འདྲི་བྱས་པའི་ལན》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ259
⑩《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ》《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》མི་རིགས་དཔེ་སྐྲུན་ཁང་། ཤ624
⑴《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ》《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》 མི་རིགས་དཔེ་སྐྲུན་ཁང་། ཤ624
⑵ཧོར་ཁང་བྱམས་པ་བསྟན་དར།《དགེ་བཤེས་ཆོས་གྲགས་དང་ཁོང་གི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ》《ལ་རྩེ》 2005ལོའི་དེབ། PDFཔར་གཞི། ཤ 22
⑶ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《སྣང་རའི་དགེ་འདུན་བཟོད་པའི་དྲིས་ལན》 འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ73
⑷ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《དགེ་སློང་རིག་འཛིན་དབང་བོའི་བཅར་འདྲི་བྱས་པའི་ལན》 འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ69
⑸ཀི་རྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《དགེ་སློང་རིག་འཛིན་དབང་བོའི་བཅར་འདྲི་བྱས་པའི་ལན》 འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ73
⑹ནུབ་བྱང་གི་2003ལོའི་བོད་ཀྱི་རྩོམ་རིག་དངོས་གཞི་འཛིན་གྲྭས་བསྒྲིགས་པ། 《མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》《མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས》 ཤ 49
⑺ཧོར་ཁང་བྱམས་པ་བསྟན་དར།《དགེ་བཤེས་ཆོས་གྲགས་དང་ཁོང་གི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ》《ལ་རྩེ》 2005ལོའི་དེབ། PDFཔར་གཞི། ཤ 22
⑻ཀི་རྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《དགེ་སློང་རིག་འཛིན་དབང་བོའི་བཅར་འདྲི་བྱས་པའི་ལན》 འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ74
⑼《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ》《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》མི་རིགས་དཔེ་སྐྲུན་ཁང་། ཤ551
⑽ཧོར་ཁང་བྱམས་པ་བསྟན་དར།《དགེ་བཤེས་ཆོས་གྲགས་དང་ཁོང་གི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ》《ལ་རྩེ》 2005ལོའི་དེབ། PDFཔར་གཞི། ཤ 22
⑾《ཧོར་ཁང་བསོད་ནམས་དཔལ་འབར་གྱི་གསུང་འབུམ》《དགེ་བཤེས་ཆོས་གྲགས་ཀྱི་ལོ་རྒྱུས་མདོར་བསྡུས》མི་རིགས་དཔེ་སྐྲུན་ཁང་། ཤ622
⑿《བསྟན་དར་ལྷ་རམས་པའི་གསུང་འབུམ》བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང། ཤ 622
⒀《ཚེ་ཏན་ཞབས་དྲུང་གསུང་འབུམ》མི་རིགས་དཔེ་སྐྲུན་ཁང་། པོད་ལྔ་བ། ཤ 368
⒁ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《དགེ་སློང་རིག་འཛིན་དབང་བོའི་བཅར་འདྲི་བྱས་པའི་ལན》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ261
⒂རྗེ་ཙོང་ཁ་བ་བློ་བཟང་གྲགས་པ། 《བྱང་ཆུབ་ལམ་རིམ་ཆེན་མོ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཤ 193
⒃གཏེར་ཆེན་ཨུ་རྒྱན་གླིང་བས་གཏེར་ནས་བཏོན།《པད་མ་བཀའ་ཐང》 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང། ཤ316
⒄ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《ཅོ་ནེ་ མཆེད་པ་ཨ་ལགས་ལ་བཅར་འདྲི་བྱས་པའི་ལན》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ261
⒅ཀིརྟི་བློ་བཟང་བསྟན་འཛིན།《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《ཅོ་ནེ་མཆེད་པ་ཨ་ལགས་ལ་བཅར་འདྲི་བྱས་པའི་ལན》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ 259
⒆ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་དྲིས་ལན་བཅུ་གསུམ་པ》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ328
⒇ཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་དྲིས་ལན་བཅུ་གསུམ་པ》 འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ328
Ⅰཀིརྟི་བློ་བཟང་བསྟན་འཛིན། 《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》《མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་དང་འབྲེལ་བའི་དྲིས་ལན་བཅུ་གསུམ་པ》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ 328
Ⅱཧོར་ཁང་བྱམས་པ་བསྟན་དར།《དགེ་བཤེས་ཆོས་གྲགས་དང་ཁོང་གི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ》《ལ་རྩེ》 2005ལོའི་དེབ། PDFཔར་གཞི། ཤ 23--24
Ⅲཧོར་ཁང་བྱམས་པ་བསྟན་དར།《དགེ་བཤེས་ཆོས་གྲགས་དང་ཁོང་གི་ཚིག་མཛོད་བརྡ་དག་མིང་ཚིག་གསལ་བ》《ལ་རྩེ》 2005ལོའི་དེབ། PDFཔར་གཞི། ཤ 22
Ⅳཧོར་གཙང་འཇིགས་མེད། 《དྲང་བདེན་གྱིས་བསླུས་བའི་སློང་མོ་བ》པར་སྐྲུན་བྱེད་མཁན་མི་གསལ། ཤ 57
Ⅴཀིརྟི་བློ་བཟང་བསྟན་འཛིན།《དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་ཞབས་བཏགས་མ》འཕགས་ཡུལ་ཀིརྟིའི་བྱེས་པ་གྲྭ་ཚང་། ཤ37གསར་འགྱུར་མེ་ལོང་། བོད་རབ་ལོ་925ལྕགས་ཡོས་ཟླ10ཚེས2 ཕྱི་ལོ1951ལོའི་གསར་ཤོག་ཨང9ནང་། ཕྱི་ལོ1947ལོར་ལྷོ་འབྲུག་བརྒྱུད་བོད་དུ་ཕེབས། ལོ་དེ་གའི་ནང་བོད་གཞུང་ནས་དོན་གནས་ཅི་ཞིག་གི་ཆེད་དུ་དོ་དམ་བཙོན་འཇུག་གནང་ཞེས་འཁོད་འདུག ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་དགེ་བཤེས་ཆོས་གྲགས་ཀྱི་ཚིག་མཛོད་དེའང་དགེ་འདུན་ཆོས་འཕེལ་དགོངས་པ་རྫོགས་རྗེས་ནས་མ་གཏོགས་དཔར་འགྲེམ་བྱས་མེད་ཚོད་རེད་ཟེར་བ་ཡང་ལོ་ཚིགས་དང་འགལ་བའི་གསུང་རེད།
Ⅵདགེ་བཤེས་ཆོས་གྲགས།《དགེ་བཤེས་ཆོས་ཀྱི་གྲགས་པས་བརྩམས་པའི་བརྡ་དག་མིང་ཚིག་གསལ་བ》མི་རིགས་དཔེ་སྐྲུན་ཁང་། ཤ 3
Ⅶ 《ཚེ་ཏན་ཞབས་དྲུང་འཇིགས་མེད་རིག་པའི་བློ་གྲོས་ཀྱི་གསུང་འབུམ།》པོད་དང་བོ། མི་རིགས་དཔེ་སྐྲུན་ཁང་།ཤ 42《རང་གི་བྱུང་བ་བརྗོད་པ་བདེན་གཏམ་རྣ་བའི་བདུད་རྩི》ལས། བདག་གི་མེས་པོ་གོང་མ་རྣམས་ནི་མི་རིགས་གཞན་གྱི་རྩི་མ་འདྲེས་པའི་རྒྱ་ནག་གི་རིགས་ཡིན་ཞིང་། བདག་གི་ཕ་ནས་བཟུང་མི་རིགས་འདྲེས་མ་ཅན་དུ་གྱུར་པ་མ་ཟད། ང་རང་ནི་སྐད་ཡིག་གོམས་སྲོལ་གནས་ཡུལ་བཞིའི་སྒོ་ནས་རིགས་འབྱེད་པའི་དབང་དུ་བཏང་ན་བོད་ཀྱི་རིགས་སུ་གཏོགས་ཞེས་གསུངས་པ་ལྟར་རོ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1