སྤྱི་ཟླ་8པའི་ཚེས་27ཉིན་ནས་9བའི་ཚེས་3་གྱི་ཉིན་བར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་2011ལོའི་དགེ་ཐོན་སློབ་མ་1236ཡུལ་ཤུལ་དང་མགོ་ལོག མཚོ་ནུབ་ཁུལ་སོགས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་སོང་ནས་ལས་ཚབ་དངོས་སྦྱོང་བྱས།
ཐེངས་འདིའི་དུས་ཡུན་ལོ་ཕྱེད་ཡིན་པའི་ལས་ཚབ་རོགས་སྐྱོར་སློབ་གསོའི་དངོས་སྦྱོང་བྱ་བའི་ཁྲོད་ཞུགས་པའི་སློབ་མ་དེ་དག་དགེ་ཐོན་སློབ་ཆེན་གྱི་སློབ་གླིང་དང་སྡེ་ཁག་13ནས་ཡོང་བ་ཡིན་ལ། དེའི་ཁྲོད་ཆེད་ལས་16དང་རྒྱ་བོད་སྐད་གཉིས་ཀྱི་ཁ་ཕྱོགས་7འདུ། ལས་ཚབ་རོགས་སྐྱོར་སློབ་གསོའི་དངོས་སྦྱོང་ས་གནས་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལས་གཞན་གྱི་ཁུལ་6དང་རོང་འབྲོག་ཁུལ་གྱི་རྫོང་17གྱི་སློབ་གྲྭ་འབྲིང་ཆུང་200ལ་ཁྱབ་ཡོད་པ་དང་། དེའི་ཁྲོད་ཡུལ་ཤུལ་དང་ནང་ཆེན། རྫ་སྟོད། རྨ་སྟོད། དགའ་བདེ། དར་ལག རྨ་ཆེན། རྐང་ཚ། ཧེ་ཡན། ཐེམ་ཆེན། པད་མ་སོགས་རྫོང་11གི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་ཀྱི་རྨིས་3000ཡན་ཡིན་ལ། ཐད་ཀར་རོང་འབྲོག་ཁུལ་གྱི་སློབ་ཆུང་དང་སློབ་འབྲིང་གི་སློབ་མ་འབུམ་གཉིས་ལྷག་ལ་ཞབས་འདེགས་ཞུས།
མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་2009ལོའི་ཚུན་ནས་དགེ་ཐོན་སློབ་མའི་ལས་ཚབ་རོགས་སྐྱོར་སློབ་གསོའི་དངོས་སྦྱོང་བྱ་བ་མགོ་བརྩམས་པ་དང་། དེའི་ཁྲོད་སློབ་གྲྭས་མུ་མཐུད་དུ་ལས་ཚབ་རོགས་སྐྱོར་སློབ་གསོའི་དངོས་སྦྱོང་བྱ་བའི་ཐད་ཀྱི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ལས་ཚབ་རོགས་སྐྱོར་སློབ་གསོའི་དངོས་སྦྱོང་ཇུས་གཞི་འཐུས་ཚང་དུ་བཏང་བས། སྟབས་བདེ་ཞིང་ཕན་འབྲས་མཐོ་ལ། གོ་རིམ་ལྡན་པའི་བྱ་བའི་སྒྲིག་སྲོལ་འཐུས་ཚང་ཞིག་རིམ་གྱིས་ཆགས་པར་བྱས།