མཛོད་དགེ་རྫོང་གིས་གྲོང་ཁྱེར་དོ་དམ་འཛུགས་སྐྲུན་གྱི་ཁྱད་ཆོས་གོང་དུ་སྤེལ་བའི་གནས་ཚུལ་རགས་བཀོད།
སྟོན་གཞུང་ཡོངས་སུ་ཤར་བའི་དུས་འདིར། རྣམ་པ་གསར་བའི་མཛོད་དགེའི་རྫོང་མཁར་དང་། རི་མོ་མཁན་གྱི་པུར་རྩེ་ལས་ཐོན་པ་ལྟ་བུའི་ཡིད་འོང་གི་ཡུལ་གྲོང་རྣམས་མཐོང་ཚེ། རང་དབང་མེད་པར་མཛོད་དགེ་རྫོང་གི་གྲོང་ཁྱེར་དོ་དམ་འཛུགས་སྐྲུན་གྱི་ཁྱད་ཆོས་དང་། འགྱུར་ལྡོག་ལ་ངོ་མཚར་མི་སྐྱེ་རང་སྐྱེ་རུ་གྱུར་འགྲོ།
ད་སོ་མར་གསར་དུ་བསྐྲུན་པ་ལྟ་བུའི་གྲོང་ཁྱེར་ཆུང་ཆུང་དེར་བལྟས་པ་ན། ཕྱི་ཡུལ་ན་ཡུན་རིང་ཞོར་ལས་ལ་སོང་བའི་མཛོད་དགེ་རྫོང་གི་བུད་མེད་ཝང་ལགས་རང་གི་མི་དབང་ལའང་ཡིད་ཆེས་མི་ཐུབ་པར་གྱུར་ཏེ། མོས་དགའ་སྤྲོ་ཆེན་པོས་བགྲོད་ལམ་ཡངས་ཤིང་བདེ་བ་དང་། སྲང་ལམ་དུ་གློག་འོད་ཆེམ་ཆེམ་བྱེད་ལ། གསར་དུ་བསྐྲུན་པའི་སྤྱི་གླིང་དང་། རིག་གནས་ཐང་ཆེན་སོགས་ཀྱི་ཡུལ་ལྗོངས་ཀྱིས་ཡིད་སེམས་རབ་ཏུ་འཕྲོག དངོས་གནས་མཛོད་དགེ་རྫོང་ལ་འགྱུར་ལྡོག་ཆེན་པོ་བྱུང་འདུག་ཅེས་བཤད།
ཕྱི་ཡུལ་དུ་ལས་ཀར་སོང་བ་རྣམས་ཀྱིས་རང་གི་ཕ་ཡུལ་གྱི་འགྱུར་ལྡོག་ཚོར་ཏེ་ངོ་མཚར་དང་ང་རྒྱལ་བྱེད་པར་མ་ཟད། མཛོད་དགེ་རྫོང་དུ་འཚོ་བ་དང་ལས་ཀ་བྱེད་བཞིན་པའི་མཛོད་དགེ་རྫོང་གི་སྡོད་དམངས་མི་ཉུང་བ་ཞིག་གིས་ཀྱང་རྫོང་མཁར་གྱི་འགྱུར་ལྡོག་ཕྲན་བུ་ཡན་ཆད་ལུས་ཀྱིས་མྱངས་ཡོང་ཞིང་། སྔར་སྲང་ལམ་ཐམས་ཅད་ཆག་རལ་དུ་གྱུར་ཅིང་། གྲོང་ཁྱེར་དོ་དམ་གྱི་མ་ལག་ཆ་མི་ཚང་བའི་རྫོང་མཁར་འདིར། ད་ལྟ་ལམ་བུ་མང་དུ་བསྐྲུན་ཡོད་ཅིང་། ལམ་འགྲམ་གང་སར་རྩྭ་དང་ཤིང་ཕྲན་སོགས་ཀྱིས་སྔོ་ཐིང་ཐིང་བྱེད་ལ། སེམས་པ་དབང་མེད་སྐྱིད་པར་བྱེད་ཅེས་ཁོ་ཚོས་བཤད།
དཔལ་འབྱོར་མགྱོགས་མྱུར་གྱི་འཕེལ་བ་དང་མཉམ་དུ། མཛོད་དགེ་རྫོང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཁྱེར་དོ་དམ་འཛུགས་སྐྲུན་འཆར་འགོད་བྱས་ཤིང་། གྲོང་ཁྱེར་དོ་དམ་འཛུགས་སྐྲུན་གོང་དུ་སྤེལ་བས། གྲོང་ཁྱེར་གྱི་ཁྱད་ཆོས་མངོན་པར་འཕགས་པར་མ་ཟད། ཡུལ་གྲོང་གི་འཛུགས་སྐྲུན་ཀྱང་ཇེ་ཡག་དང་། ཇེ་བདེ་རུ་གྱུར།
གཞི་རྒྱ་བསྐྱེད་ཅིང་སྤུས་ཚད་ལེགས་སུ་བཏང་སྟེ། གྲོང་ཁྱེར་གྱི་རིམ་པ་མཐོ་བར་བྱས།
མུན་རུབ་ལ་ཉེ་བའི་སྐབས་སུ། སྲང་བར་གྱི་བསྟར་བསྒྲིགས་པའི་ལམ་སྒྲོན་དག་གིས་བགྲོད་ལམ་གསལ་ལྷང་ལྷང་བྱེད་པ་དང་། མཛོད་དགེ་རྫོང་ལ་དུས་རབས་ཀྱི་ཁྱད་ཆོས་སྔར་བས་ལྷག་པར་བྱས་འདུག་ལ། ག་ས་གང་དུ་དར་ཞིང་རྒྱས་ལ། འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་རྣམ་པ་ཞིག་ལྷང་ངེར་མངོན་འདུག
འདི་དག་ཐམས་ཅད་གྲོང་ཁྱེར་དོ་དམ་འཛུགས་སྐྲུན་གྱི་གྲུབ་འབྲས་གཡུར་དུ་ཟ་བའི་རྟགས་སུ་མངོན་ཏེ། ན་ནིང་མཛོད་དགེ་རྫོང་གིས་མ་དངུལ་སྒོར་དུང་ཕྱིར23434.29བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས14ལག་བསྟར་བྱས། མ་དངུལ་སྒོར་ཁྲི1150བཏོན་ནས་རྫོང་མཁར་གྱི་ལམ་སྒྲོན་དང་གློག་སོགས་ཀྱི་ལས་གྲྭ་བསྒྲུབས་པ་དང་། མ་དངུལ་སྒོར་ཁྲི 8400བཏོན་ནས་ མཛོད་དགེ་རྫོང་གི་རིགས་འཕེལ་ལམ་ཆེན་ཁམས་བདེ་ཁྲོམ་གཞུང་སོགས་ཀྱི་གྲོང་ཁྱེར་དོ་དམ་སྲང་ལམ་གྱི་དུས་ཐེངས་དང་པོའི་ལས་གྲྭ་བསྒྲུབས། མ་དངུལ་སྒོར་ཁྲི3000བཏང་ནས་མཛོད་དགེ་རྫོང་གི་རིགས་འཕེལ་ལམ་ཆེན་ཁམས་བདེ་ཁྲོམ་གཞུང་སོགས་ཀྱི་གྲོང་ཁྱེར་དོ་དམ་སྲང་ལམ་གྱི་དུས་ཐེངས་གཉིས་པའི་ལས་གྲྭ་བསྒྲུབས་པ་སོགས་ཏེ། འགྱུར་ལྡོག་ཇི་ལྟར་ཆེ་བ་ལྟར་མཛེས་སྡུག་ཀྱང་དེ་ལྟར་ཆེ་བར་གྱུར་འདུག
སྐྱ་རེངས་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་གོང་དུ་སྤེལ་བའི་སྒྱུར་བཀོད་འཛུགས་སྐྲུན་ལས་གྲྭའི་ཡུལ་དངོས་སུ། ཁོད་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་མིག་ལམ་དུ་མངོན་ཡོང་། རྫོང་དེའི་རྫོང་དང་གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་དང་སྡོད་ཁང་འགན་ལེན་ཅུས་ཀྱི་ལས་བྱེད་པ་ཡེ་ཤེས་རྒྱལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལམ་ཆེན་འདིའི་རིང་ཚད་ལ་སྨི342.955 དང་། ཞེང་ཚད་ལ་སྨི14ཡོད་ལ། ལམ་གྱི་རིམ་པ་ནི་གྲོང་ཁྱེར་གྱི་ཡན་ལག་གི་ལམ་ཡིན། ཇུས་འགོད་ཀྱི་མྱུར་ཚད་དུས་ཚོད་རེར་སྤྱི་ལེ20བྱས་ཡོད་པ་དང་། ཕྱོགས་གཅིག་ལ་འཁོར་ལམ་གཉིས་དང་ཁྱོན་འཁོར་ལམ་བཞི་ཡིས་གྲུབ་ལ། ཨར་འདམ་བསྲེས་པའི་ས་ལམ་ཡིན་ཟེར།
“སྒོར་བུད་པ་ན་ཐང་ཆེན་དང་། སྤྱི་གླིང་ཡོད་པར་མ་ཟད། ད་རུང་འཐུས་སྒོ་ཚང་བའི་གཞུང་ལམ་དྲ་རྒྱ་དང་། སྨན་བཅོས་ཀྱི་སྒྲིག་བཀོད་སོགས་ཀྱང་ཡོད་པས། ད་ལྟ་ང་ཚོའི་འཚོ་བར་སྔར་བས་ཀྱང་རེ་བ་ཡོད་འདུག་ཅེས་ཡུལ་དེའི་མང་ཚོགས་ཚོས་བཤད།
གྲོང་ཁྱེར་གྱི་དོ་དམ་དེས་གྲོང་ཁྱེར་གྱི་ཉམས་འགྱུར་སྔར་བས་ཀྱང་ལེགས་པར་བཏང་།
ནངས་སྔ་མོར། ཁོ་ཚོས་ཕྱགས་མས་ལམ་བུ་འཕྱག་པའི་སྒྲ་ཡིས་ཞོགས་པའི་སྐྱ་རེངས་བསུ་བ་དང་། མཚན་མོར་ཡང་དེ་ལྟར་གཉིད་དུ་ཡུར་བར་བྱེད། ཁོ་ཚོ་ནི་གྲོང་ཁྱེར་གྱི་གཙང་སྦྲ་འགན་དུ་བླངས་པའི་གད་པ་བ་རྣམས་རེད། ཁོ་ཚོའི་བཀའ་དྲིན་ལ་བརྟེན་ནས་ལམ་སྲང་དག་ནི་གཙང་ཞིང་དག་ལ། ད་སོ་མར་འགྲུབ་པ་ཞིག་དང་ཀུན་ནས་མཚུངས།
ཁོར་ཡུག་གད་པ་བ་མའོ་པང་ཅིན་ཁོར་ཡུག་གཙང་སྦྲ་ཁང་དུ་ལས་ཀ་བྱས་ནས་ལོ26སོང་ཡོད་པ་དང་། ཁོས་མཛོད་དགེ་རྫོང་གི་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་ལུས་ཀྱིས་མྱངས་ཤིང་མིག་གིས་མཐོང་ཡོད་ལ། “གནམ་ངོ་དྭངས་དུས་སུ་ལུས་པོ་ཡོངས་རྫོགས་རྡུལ་གྱིས་བཀང་བ་དང་། ཆར་བ་འབབ་པའི་དུས་སུ་འདམ་ཆེ་བས་འགྲོ་ལམ་ཡང་མི་རྙེད་པར་བྱེད། ད་ནི་ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ནི་གཙང་ཞིང་དག་ལ། འགྱུར་ལྡོག་དངོས་གནས་ཆེན་པོ་རེད། ད་ལྟ་ང་ཚོའི་ལས་ཀ་ཡང་ཇེ་ཉུང་དུ་སོང་འདུག་པར་མ་ཟད། སྙིགས་སྒམ་ཡང་ཇེ་མང་དུ་གྱུར་འདུག་ལ། གྲོང་ཁྱེར་སྔར་བས་མཛེས་སྡུག་ལྡན་པ་དང་། ང་ཚོར་ཡང་སྔར་ལྟ་བུའི་དཀའ་ངལ་མི་འདུག་ཅེས་བཤད།
གྲོང་ཁྱེར་གྱི་གཙང་སྦྲའི་ལས་དོན་སྒྱུར་བཅོས་གོང་དུ་སྤེལ་ཆེད། ད་ལོར་མཛོད་དགེ་རྫོང་གིས་སྲིད་གཞུང་གི་ཉོ་སྒྲུབ་ཞབས་ཞུའི་བྱེད་ཐབས་སྤྱད་དེ། གཙའ་སྦྲའི་ཞབས་ཞུའི་ཁེ་ལས་ནང་འདྲེན་བྱས་ཏེ། དོན་དངོས་སུ་གཙང་སྦྲ་བྱས་པའི་རྒྱ་ཁྱོན་དང་ཞབས་ཞུའི་ཁྱབ་ཁོངས་ལྟར། རིན་གོང་སྡོམ་འབོར་གྱི་འགན་གཙང་ལེན་བྱེད་པའི་ཞབས་ཞུའི་གན་རྒྱ་ལག་ཏུ་བསྟར།
གཙང་སྦྲ་ཁྲོམ་ར་ཅན་དུ་འགྱུར་བའི་རིམ་པ་དང་། གྲོང་ཁྱེར་གྱི་གཙང་སྦྲའི་ལས་དོན་བསྒྱུར་བཅོས་བྱེད་པའི་གོམ་འགྲོས་མགྱོགས་སུ་བཏང་སྟེ། གྲོང་ཁྱེར་གྱི་གཙང་སྦྲ་ཁྲོམ་ར་ཅན་དང་ཆེད་ལས་ཅན། ཚད་ལྡན་ཅན་གྱི་དོ་དམ་ལམ་ལུགས་གྲུབ་སྟེ། གཙང་སྦྲའི་ལས་ཆོད་དང་། གཙང་སྦྲའི་སྤུས་ཀ་སོགས་གྲོང་ཁྱེར་གྱི་གཙང་སྦྲའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་བར་ཕྱིན།
གྲོང་ཁྱེར་སྔར་བས་ཀྱང་གཙང་དག་ཡོང་ཆེད། མཛོད་དགེ་རྫོང་གིས་ཧུར་བརྩོན་ཆེན་པོས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་བསྐྲུན་པའི་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་བ་དང་། གད་སྙིགས་སར་སྦས་པའི་གནས་རྣམས་སུ་སྡོང་བོ་བཙུགས་ཏེ། ལྗང་མདོག་འཁྱིལ་ལེར་བྱས།
ད་སྐབས་མཛོད་དགེ་རྫོང་གི་སྲང་བར་དུ་སོང་ན། ག་ས་གང་གི་ལམ་འགྲམ་དུ་མེ་ཏོག་བཞད་ཡོད་པ་དང་། ལམ་ངོས་གཙང་ཞིང་དག་པར་མ་ཟད། གད་སྙིགས་ཤིག་མིག་གིས་མཐོང་དཀོན་པའི་ཚད་དུ་འདུག་ལ། ལམ་དུ་དལ་གྱིས་བགྲོད་པའི་འཁོར་རིགས་རྣམས་ཀྱང་སྒྲིག་ལམ་ལྡན་པ་སོགས་གྲོང་ཁྱེར་གྱི་རྣམ་པ་ཡར་ངོས་ཟླ་ལྟར་འཕེལ་རྒྱས་འགྲོ་བཞིན་འདུག་གོ།