སི་ཁྲོན་གྱིས་སྒྲིག་ཁོངས་ཀྱི་ཐོན་ཁུངས་ཡག་པོ་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བ།
རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-11
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་10ཚེས་8ཉིན་གློག་འཕྲིན་འབྱོར་གསལ། སི་ཁྲོན་ཞིང་ཆེན་ཅན་གོ་རྫོང་ཡའོ་ཅ་ཤང་དབྱིན་ཤིས་གྲོང་ཚོའི་ཧྲུའུ་ཅི་དང་པོ་ལི་ཙེང་ཆང་གིས་རྒྱལ་སྟོན་ངལ་གསོའི་སྐབས་སུ་ཡང་ད་དུང་གྲོང་ཚོའི་འཕེལ་རྒྱས་ཆེད་གང་སར་རྒྱུག་བཞིན་ཡོད་པ་རེད། དབུལ་སྐྱོར་ལས་དོན་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པར་བརྟེན་ཁོང་བྱ་གཞག་ཚན་པའི་མི་སྣ་ནས་འགོ་ཁྲིད་ཀྱི་ལས་གནས་ཐོག་གནས་སྤར་བྱས་ཡོད། སི་ཁྲོན་དུ་ཐོབ་ཐང་གི་ཚད་བཀག་ལས་སྒྲོལ་ནས་དབུལ་སྐྱོར་ལས་བྱེད་པ་གནས་སྤར་བྱ་རྒྱུ་དང་སྒྲིག་ཁོངས་སྤྱི་འདོམས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ཤེས་ལྡན་མི་སྣ་གདན་དྲངས་རྒྱུ་སོགས་ཀྱི་ལས་དོན་འཚོལ་ཞིབ་བྱེད་བཞིན་ཡོད་པ་རེད།
ཅན་ཀེ་རྫོང་ཨུད་རྩ་འཛུགས་པུའི་པུང་ཀྲང་གཞོན་པ་ཀུའོ་ཡུས་ཁྲེང་གིས་རྫོང་དེས་གྲོང་སྡོད་དབུལ་སྐྱོར་ལས་བྱེད་པ་36ཁོའོ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་གནས་དང་ལས་གནས་གལ་ཆེན་ཐོག་གོ་གནས་སྤར་བ་དེའི་ནང་ཧྲུའུ་ཅི་དང་པོ་8ཤང་གྲོང་གི་ཁོའོ་རིམ་པ་གཞོན་པའི་འགོ་ཁྲིད་ལས་བྱེད་པར་བདམས་ཡོད། དེ་སྔ་ལས་བྱེད་དཀྱུས་མ་ཞིག་ནས་ད་ཆ་གཞུང་ཞབས་པར་གྱུར་ཡོད་ཅེས་བཤད།
གཞི་རིམ་རྩ་འཛུགས་སྡེ་ཚན་གྱི་འགན་འཁུར་བ་ལ་ལས་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་མི་སོགས་ཚུད་པའི་དབུལ་སྐྱོར་ལས་བྱེད་པ་མང་ཆེ་བ་ནི་བྱ་གཞག་སྒྲིག་ཁོངས་ཀྱི་མི་སྣ་ཡིན་པ་དང་ལས་ཀའི་གྲུབ་འབྲས་གཟེངས་སུ་ཐོན་པའི་དབུལ་སྐྱོར་ལས་བྱེད་པ་འགོ་ཁྲིད་ལས་གནས་ཐོག་བསྐོ་བའི་ཐད་ད་དུང་འཇུར་མིག་ངེས་ཅན་ཞིག་ཡོད་བཤད།
“‘སྒྲིག་ཁོངས་ཀྱི་འཇུར་མིག’གི་སྣང་ཚུལ་ནི་སྒྲིག་ཁོངས་ཀྱི་ཐོན་ཁུངས་ལ་ཚད་ཡོད་པ་དང་བྱ་གཞག་སྒྲིག་ཁོངས་ནས་གཞུང་ཞབས་པའི་སྒྲིག་ཁོངས་སུ་འགྱུར་དཀའ་བ་སོགས་རེད། དེའི་རྩ་བ་ནི་སྒྲིག་ཁོངས་ཐོན་ཁུངས་སྤྱོད་དགོས་སར་སྤྱོད་མི་ཐུབ་པ་དེ་རེད”ཅེས་ཀུའོ་ཡུས་ཁྲེང་གིས་བཤད།