སྡེ་རོང་ཚེ་རིང་དོན་འགྲུབ།
བོད་རིགས་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་སྤྱི་ཚོགས་ཀྱི་ལག་ལེན་ཁྲོད་དུ་ལོ་རྒྱུས་ཡུན་རིང་བ་དང་། ཁྱད་ཆོས་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་མང་གི་འོད་སྟོང་འབར་བའི་རིག་གནས་གསར་སྐྲུན་བྱས་ཤིང་། དེའི་ནང་དུ་སྐད་དང་ཡི་གེ། ཆོས་ལུགས་ཀྱི་གསུང་རབ། ལོ་རྒྱུས་ཡིག་ཆ། གཏན་ཚིགས་རིག་པ། གནམ་དཔྱད་དང་སྐར་རྩིས་རིག་པ། རིག་གནས་སློབ་གསོ། གསོ་རིག་འཕྲོད་བསྟེན། ཚན་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། མི་ཆོས་ཀུན་སྤྱོད་སོགས་འདུས་ཡོད། འདི་རྣམས་བརྗོད་བྱའི་སྒོ་ནས་བོད་ཀྱི་སྲོལ་རྒྱུན་གྱི་དབྱེ་ཚུལ་ལ་བལྟས་ན། སྒྲ་དང་ཚད་མ། བཟོ་དང་གསོ་བ། ནང་དོན་རིག་པ་བཅས་གནས་ཆེན་ལྔ་དང་། སྙན་ངག་དང་མངོན་བརྗོད། ཟློས་གར་དང་སྐར་རྩིས། སྡེབ་སྦྱོར་བཅས་རིག་གནས་ཆུང་བ་ལྔར་དབྱེའོ། འདི་དག་ནི་བོད་མི་རིགས་ཀྱི་བསམ་པའི་ལོངས་སྤྱོད་ཀྱི་གྲུབ་ཆ་གཙོ་བོ་ཡིན་ལ། འགྲོ་བ་མིའི་རིགས་ཀྱི་ཤུལ་བཞག་རིག་གནས་ཀྱི་རྒྱུ་ནོར་རྩ་ཆེན་ཞིག་ཀྱང་ཡིན་པས་ང་ཚོས་དུས་ནམ་ཡིན་རུང་བློ་བརྟན་འགྱུར་མེད་ཀྱིས་རིན་ཐང་བྲལ་བའི་རྒྱུ་ནོར་འདི་དག་རྒྱུན་འཛིན་དང་དར་སྤེལ་གཏོང་འོས་སོ།། ང་ཚོ་ད་ལྟར་ཚན་རིག་ལག་རྩལ་རྩེ་གྲ་ཅན་དང་། འཕྲིན་བརྡ་གློག་ལམ་དྲ་བའི་དུས་རབས་ཉེར་གཅིག་པར་སླེབས་ཟིན། འོན་ཀྱང་ཚན་རིག་ལག་རྩལ་རྩེ་གྲ་ཅན་དེ་ནི་རྒྱུ་རྐྱེན་གང་ཡང་མེད་པར་བྱུང་བ་ཞིག་གཏན་ནས་མ་ཡིན་པར་སྲོལ་རྒྱུན་རིག་གནས་ཀྱི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་ཡོད་པ་རེད། ང་ཚོ་བོད་མི་རིགས་མཆོང་ཐེངས་གཅིག་གིས་དུས་རབས་གསར་པ་དང་དེང་རབས་ཅན་དུ་སླེབས་པར་འདོད་ན། རང་འགུལ་གྱི་མི་རིགས་དང་ས་ཁུལ་རང་གི་གནས་ཚུལ་དངོས་དང་བསྟུན་ནས་གང་མྱུར་སྒོ་ནས་སྲོལ་རྒྱུན་རིག་གནས་དང་། དེང་རབས་ཅན་གཉིས་ཟུང་འབྲེལ་དང་རྣམ་པ་བསྒྱུར་རྒྱུ་ནི་མི་རིགས་ཤིག་དུས་རབས་ཀྱི་རླབས་རྒྱུན་གྱི་རྗེས་ཟིན་ཐུབ་མིན་དང་། ཡང་ན་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཐུབ་མིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་ཏེ། ཨོའུ་གླིང་ནུབ་མ(西欧)དང་ལྗར་པན།(日本)སིང་ཀ་ཕོར(新加坡)བཅས་ཀྱིས་ཐབས་ལམ་འདི་སྤྱད་དེ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་འཕེལ་རྒྱས་བྱུང་མྱོང་བའོ།། སྐབས་སུ་བབས་པར་ཁོ་བོ་ཡིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་དུས་རབས་གསར་པའི་ནང་ཐོན་པའི་ནུས་པ་དང་། འཕེལ་ཕྱོགས་ཀྱི་ཐད་ལྟ་ཚུལ་ཁ་ཤས་རྣམ་པ་ཚོར་དཔྱད་གཞིར་འབུལ་རྒྱུ་ཡིན།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས།
དང་པོ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རིམ་དང་ཁྱད་ཆོས། བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོན་ཆོས་རིག་གནས་རྨང་གཞི་དང་རྩ་བ་བྱས་པའི་སྟེང་། ཕྱི་ནས་འོངས་པའི་སངས་རྒྱས་ཆོས་ལུགས་རིག་གནས་ཀྱིས་ཁ་སྐོང་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སྣེ་ཁྲིད་ཀྱི་ནུས་པ་བཏོན་པའི་ལོ་རྒྱུས་རིང་ཞིང་། རྣམ་པ་མང་བ།ནང་དོན་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་མངོན་པར་གསལ་བའི་གངས་ལྗོངས་རིག་གནས་དེར་ཟེར། འདི་ཡི་འཕེལ་རྒྱས་ནི་ཆེས་གནའ་རབས་དང་གནའ་རབས། ཉེ་རབས་དང་དེང་རབས་ཅན་ཀྱི་སྤྱི་ཚོགས་རིམ་པ་བརྒྱུད་ཅིང་། དེ་ནི་ཤེས་རིག་དང་བླུན་རྨོངས།རང་གསོས་དང་ཕྱི་ཡོང་། ཡར་ཐོན་དང་མཁྲེགས་འཛིན། སྒོ་འབྱེད་དང་བཀག་སྡོམ། ཡར་རྒྱས་དང་སྙིང་ཞེན། སྔོན་ཐོན་དང་རྗེས་ལུས། སོར་གནས། བསྡུ་ལེན་དང་ཕྱིར་འབུད། རྒྱུན་འཛིན་དང་ཕོག་ཐུག་ཉམས་པ་དང་ཉམས་གསོ་སོགས་ཀྱི་འཐབ་རྩོད་ཁྲོད་དུ་འཕེལ་རྒྱས་བྱུང་བ་ཡིན། མདོར་ན་བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་རིགས་མི་དམངས་ཀྱིས་མི་ཚེ་མི་རབས་ཀྱི་ཐོན་སྐྱེད་འཐབ་རྩོད་དང་སྤྱི་ཚོགས་ཀྱི་ལག་ལེན་དངོས་ནང་གསར་སྐྲུན་བྱས་པ་རེད། དེར་བརྟེན། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་འགྲོ་བ་མིའི་རིགས་ཀྱི་རིག་གནས་ཀྱི་ཐུན་མོང་རང་བཞིན་ལྡན་པའི་ཁྱད་ཆོས་ཡོད་པ་ཕུད་ཁར། དེ་ལ་ཐུན་མིན་གྱི་ཁྱད་ཆོས་ལྡན་ཏེ། མི་རིགས་དང་། ས་ཁུལ། སྣ་མང་། བརྟན་བརླིང་། ཕྱིར་འབུད། སྤྱི་ཚོགས། རྒྱལ་སྤྱི་བཅས་ཀྱི་རང་བཞིན་ལྡན། ང་ཚོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་རྐྱེན་ཆོས་ཉིད་ལ་ཞིབ་འཇུག་བྱེད་སྐབས་ངེས་པར་དུ་གོང་བསྟན་ཐུན་མིན་གྱི་ཁྱད་ཆོས་བརྒྱད་ལ་ཡིག་འཇོག་བྱ་དགོས།
གཉིས་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་བར་གྱི་འབྲེལ་བ། བོད་དུ་ཆོས་ལུགས་ཀྱི་རིག་གནས་ནི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཆོས་ལུགས་རིག་གནས་མ་ཤེས་ན་བོད་ཀྱི་རིག་གནས་ཕྱོགས་ཡོངས་ནས་རྟོགས་མི་ཐུབ་ཅེས་བཤད་ཆོག དེའི་རྒྱུ་མཚན་ནི་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཕལ་ཆེར་བོད་ཀྱི་སྤྱི་ཚོགས་འཚོ་བའི་ཕྱོགས་སོ་སོར་མ་ཁྱབ་པ་མེད། དེས་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། ཕྱི་འབྲེལ། རྩོམ་རིག སྒྱུ་རྩལ་དང་མི་ཆོས་ཀུན་སྤྱོད། སྤྱི་ཚོགས་ཀྱི་སེམས་ཁམས། བསམ་གཞིགས་བྱེད་སྟངས། རིན་ཐང་ལྟ་ཚུལ་སོགས་ཀྱི་ཕྱོགས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཡོད་པའི་རྐྱེན་གྱིས་སོ། ཆོས་ལུགས་ཀྱི་གསུང་རབ་མང་པོའི་ནང་དུ་ལོ་རྒྱུས་དང་རྩོམ་རིག རྩོམ་རིག་སྒྱུ་རྩལ། མཚན་ཉིད་རིག་པ། གནམ་དཔྱད། སྐར་རྩིས། གསོ་རིག ཨར་ལས། བཟོ་རྩལ། བརྐོས་འབུར། རི་མོ། འཁྲབ་གཞུང་སོགས་ཀྱི་ནང་དོན་འདུས་ཡོད། མི་ལ་ལའི་བསམ་པར། ཆོས་ལུགས་དང་ཚན་རིག་གཉིས་མེ་དང་ཆུ་འཕྲད་པ་ལྟར་ལྷན་སྐྱེས་ཀྱི་དགྲ་ཟླར་བཟུང་ནས་དེ་གཉིས་བར་ལ་འདུམ་ཐབས་མེད་པའི་འགལ་བ་གནས་ཡོད་པར་འདོད་མོད། འོན་ཀྱང་དོན་དངོས་ཐོག་དེ་གཉིས་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། འདིར་མཚོན་དཔེ་ལྔ་ཙམ་བཀོད་པ་ལས།།
གཅིག གནའ་དེང་ཕྱི་ནང་གི་ཆོས་ལུགས་པ་མི་ཉུང་བ་ཞིག་གིས་ཚན་རྩལ་ཕྱོགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་དེ། དཔེར་ན། ཀི་པེ་ཉི(哥白尼)དང་། ཅ་ལི་ལུའེ(加利略)ཧྭ་ཤང་ཡི་ཤིན། (一行和尚)ཀླུ་སྒྲུབ། རྟ་དབྱངས། སྟོན་པ་གཤེན་རབ་མི་བོ་ཆེ། སློབ་དཔོན་པདྨ་འབྱུང་གནས། གཡུ་ཐོག་ཡོན་ཏན་མགོན་པོ། ལོ་ཆེན་རིན་ཆེན་བཟང་པོ། རྔོག་བློ་ལྡན་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། བུ་སྟོན་རིན་ཆེན་གྲུབ།ས་སྐྱ་ཀུན་དགའ་རྒྱལ་མཚན། ཙོང་ཁ་པ་བློ་བཟང་གྲགས་པ། རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། སུམ་པ་ཡེ་ཤེས་དཔལ་འབྱོར། སི་ཏུ་པཎ་ཆེན། ཤ་རྫ་བཀྲ་ཤིས་རྒྱལ་མཚན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་སོ།།
གཉིས། ཆོས་ལུགས་མི་སྣས་ཆོས་གཞུང་བསྒྱུར་བ་དང་ཆབས་ཅིག་ཏུ། གསོ་རིག་དང་སྐར་རྩིས། བཟོ་རྩལ། མཛེས་རྩལ། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་རྩོམ་ཆོས་འབོར་ཆེན་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བས། བོད་ཀྱི་ཚན་རྩལ་དར་རྒྱས་གཏོང་བ་ལ་སྐུལ་འདེད་ཆེན་པོ་ཐེབས་སོ།།
གསུམ། བོད་ཀྱི་ཚན་རྩལ་སྐོར་གྱི་རྩོམ་རྙིང་པ་ཕལ་ཆེར་བཙུན་པ་དགེ་བཤེས་སོགས་ཆོས་ལུགས་མི་སྣས་བརྩམས་པ་ཁོ་ན་ཡིན་ལ། དེ་ཚོས་བོད་ཀྱི་ཚན་རྩལ་འཕེལ་རྒྱས་གཏོང་བ་ལའང་བྱས་རྗེས་མི་དམན་པ་བཞག་ཡོད།
བཞི། བོན་པོའི་ཆོས་གཞུང་ཁྲོད་ཀྱི་དངོས་པོའི་གཟུགས་ཉིད་སྨྲ་བའི་བསམ་བློ་དང་ཕྱོགས་གཉིས་འགལ་ཟླ་གཅིག་འདུས་ཀྱི་འཇིག་རྟེན་ལྟ་ཚུལ། ནང་བསྟན་ཆོས་གཞུང་ཁྲོད་ཀྱི་རིག་གནས་ཆེ་ཆུང་བཅུ་སོགས་ཕལ་ཆེར་ཚན་རྩལ་གྱི་གྲུབ་འབྲས་ཡིན་པ་ལས་ཆོས་ལུགས་དང་ལྐོག་གྱུར་གྱི་ནང་དོན་ཅི་ཡང་མི་ལྡན་ནོ། དེ་བཞིན་དུ་ཚན་རྩལ་གྱི་རྩོམ་ཆོས་ཡོད་ཚད་ཀྱང་ཆོས་གཞུང་དང་མཚུངས་པར་དགོན་པ་དང་ཆོས་ལུགས་མི་སྣས་པར་སྐྲུན་འགྲེལ་སྤེལ་བྱས་ཤིང་ཕལ་ཆེར་ད་བར་སྤྱིའམ་སྒེར་གྱིས་སྤར་ཁང་ངམ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།
ལྔ། སྔོན་བོད་ཀྱི་དགོན་སྡེ་ནི་བོད་ཀྱི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་བ་དང་སློབ་གསོའི་རྟེན་གཞིའམ་ཆེས་མཐོའི་སློབ་གྲྭ་ཡིན་ཏེ། དེས་ནང་བསྟན་ཆོས་ལུགས་མི་སྣ་མཁས་ཅན་སྐྱེད་སྲིང་བྱས་པར་མ་ཟད། ད་དུང་མཚན་ཉིད་རིག་པ་བ་དང་། ལོ་རྒྱུས་རིག་པ་བ། རྩོམ་རིག་པ། གནམ་དཔྱད་སྐར་རྩིས་རིག་པ་བ། སྐད་དང་ཡི་གེའི་ཆེས་ལས་མཁས་ཅན། གསོ་བ་རིག་པ་བ། སྒྱུ་རྩལ་པ་སོགས་འབོར་ཆེན་སྐྱེད་སྲིང་བྱས་ཏེ། བོད་མི་རིགས་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཡོད། ཆོས་ལུགས་རིག་གནས་དང་ཚན་རིག་ལག་རྩལ་གཉིས་ཕན་ཚུན་ཤན་ཤུགས་ཐེབས་རེས་བྱས་པ་དང་། ཕན་ཚུན་བར་ལ་བརྗེ་རེས་དང་འབྲེལ་བ་བྱུང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྲོལ་རྒྱུན་རིག་གནས་ཤིག་གྲུབ་པས།ཆོས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
འོན་ཀྱང་། འདིར་གསལ་བཤད་བྱ་དགོས་པ་ཞིག་ནི། ཆོས་ལུགས་དང་བོད་ཀྱི་རིག་གནས་གཉིས་གཅིག་མཚུངས་མིན་ཏེ། མི་ལ་ལས་བོད་ཀྱི་རིག་གནས་ཡིན་ན་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡིན་པ་དང་། ཆོས་ལུགས་དེ་བོད་ཀྱི་རིག་གནས་ཆ་ཚང་ཡིན་པའི་ལྟ་བ་བཟུང་། ལྟ་བ་དེ་འདྲ་འཛིན་མཁན་དེ་ལ་བོད་ཀྱི་རིག་གནས་ལ་ཤེས་རྟོགས་མེད་པའི་རྟགས་མཚན་ཞིག་ཡིན་པས་དེས་མི་མང་པོར་གོ་བ་ལོག་པ་ཐེབས་ཡོད། སྲོལ་རྒྱུན་གྱི་དབྱེ་བའི་རིག་པའི་གནས་བཅུའི་ཁྲོད་དུ་ནང་དོན་རིག་པ་ནི། ཐུན་མིན་ཏེ་ཆོས་ལུགས་ཀྱི་རིག་པའི་གྲས་སུ་བཞག་པ་སྟེ་དོན་གཉེར་བྱ་ཡུལ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ཐོབ་པ་གཙོ་བོར་འཛིན། གཞན་བཟོ་གསོ་སྒྲ་ཚད་དང་། སྙན་དངགས་སྡེབ་སྦྱོར་མངོན་བརྗོད་སྐར་རྩིས་ཟློས་གར་བཅས་ཐུན་མོང་སྟེ་མི་སྤྱི་བྱིངས་ཀྱི་རིག་གནས་ཡིན་ཞིང་སྐྱ་སེར་སོགས་རིས་མེད་སྐྱེ་བོས་སྦྱང་ཆོག་ལ་སྦྱང་དགོས་པའི་གྲས་སུ་བཞག་པ་སྟེ་སྤྱི་ཚོགས་ཀྱི་བྱ་འགུལ་དང་འཕེལ་རྒྱས་ལ་མཁོ་བའི་ནུས་རྩལ་ལོ། དེའང་ཆོས་ལུགས་དང་བོད་ཀྱི་རིག་གནས་བར་དབྱེ་ཐབས་བྲལ་བའི་འབྲེལ་བ་ཡོད་པའི་རྒྱུ་མཚན་ནི། དབང་སྒྱུར་གྲལ་རིམ་གྱི་བྱེད་ལས་ཀྱི་ནུས་པས་བོད་ཀྱི་རིག་གནས་གོང་འཕེལ་དང་། རྒྱུན་འཛིན། ཁྱབ་སྤེལ་བཏང་བ་ལ་ཆོས་ལུགས་ཀྱི་འདྲེན་བྱེད་དང་མཚམས་སྦྱོར་བྱེད་བྱས་ནས་མངོན་འགྱུར་བྱུང་བ་དང་། བོད་ཀྱི་ལོ་རྒྱུས་སྟེང་དུས་རབས་བར་མའི་ཨོའུ་གླིང་ལྟ་བུའི་ཆོས་ལུགས་དང་རིག་གནས་བར་འབྲེལ་བྲལ་གྱི་རིག་རྩལ་བསྐྱར་དར་ཞེས་པའི་ལས་འགུལ་བྱུང་མྱོང་མེད་པས་སོ།།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་པའི་ནང་གི་དགེ་མཚན་ལྡན་པའི་ནུས་པ།
དང་པོ། སྲོལ་རྒྱུན་རིག་གནས་ཀྱིས་མི་རིགས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱས་པ་རེད།
སྲོལ་རྒྱུན་རིག་གནས་ནི་མི་རིགས་ཀྱི་སྙིང་སྟོབས་དང་མི་རིགས་ཀྱི་གཤིས་རྒྱུད་སྐྱེད་སྲིང་བྱེད་པའི་འཚོ་བཅུད་ཀྱི་འབྱུང་རྩ་ཡིན་ཞིང་། མི་རིགས་ཀྱི་སྙིང་སྟོབས་ནི་མི་རིགས་ཤིག་འཚོ་གནས་དང་འཕེལ་རྒྱས་བྱུང་མིན་གྱི་བསམ་པའི་སྲོག་ཤིང་ཡིན་པ་དང་། མི་རིགས་ཀྱི་གཤིས་རྒྱུད་ནི་མི་རིགས་ཤིག་གི་སྲོལ་རྒྱུན་གྱི་ཡོན་ཚད་དང་སེམས་ཁམས་ཀྱི་བྱང་ཚད་ཕྱིར་མཚོན་པ་ཞིག་རེད། བོད་མི་རིགས་དེ་སྲོལ་རྒྱུན་གྱི་ཤུགས་རྐྱེན་བཟང་པོ་ཐེབས་པ་དང་། དེའི་སྐྱེད་སྲིང་དང་འཚོ་གནས་ཀྱི་ཁོར་ཡུག་དང་། སྤྱི་ཚོགས་ཆབ་སྲིད། ཆོས་ལུགས་དད་མོས་བཅས་ཀྱི་ནུས་པ་མངོན་གསལ་དོད་པོ་ཐོན་པའི་འོག དཀའ་སྤྱད་སྙིང་རུས་དང་། ལས་བརྩོན་སྙིང་སྟོབས། དཔའ་མཛངས་གཡུལ་མཁས། ཉམས་མེད་སེམས་ཤུགས། བཙན་པོའི་ཁ་གནོན། ཉམ་ཆུང་རྒྱབ་རྩ། མཐུན་སྒྲིལ་རོགས་རེས། ཁྱིམ་སྲུང་རྒྱལ་སྐྱོབ་བཅས་ཀྱི་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཆགས་ཡོད་པ་དང་། སྲོལ་རྒྱུན་རིག་གནས་ཀྱིས་བློ་ཁོག་ཡངས་པོ་དང་། གཤིས་མཇལ་གཞུང་དྲང་། བརྩེ་སེམས་ཚད་མེད། ལག་གཤོག་ཆེན་པོ། ཁ་གསལ་ཁོག་དྲང་། བསམ་ཡོད་ཤེས་ལྡན། ཁེངས་སྐྱང་དྲེགས་མེད། བདེ་སྣང་ཆོག་ཤེས། རྒན་བཀུར་བྱིས་སྐྱོང་། དགེ་བཀུར་ལུགས་བརྩི། དགེ་སྒྲུབ་ཉེས་སྤང་། དུང་ཟབ་འདོད་སླ། སྦྱིན་གཏོང་དབུལ་སྐྱོབ་བཅས་ཀྱི་གཤིས་རྒྱུད་ལྡན་པའི་མི་རིགས་ཤིག་སྐྱེད་སྲིང་དང་གསོ་སྐྱོང་བྱས་ཡོད་པ་རེད།
གཉིས་པ། སྲོལ་རྒྱུན་རིག་གནས་ཀྱིས་ཕུལ་དུ་བྱུང་བའི་ཀུན་སྤྱོད་འདུ་ཤེས་སྐྱེད་སྲིང་བྱེད་པ།
བོད་རིགས་ནི་སྤྱོད་ལམ་བཟང་པོ་དོད་བྱེད་པའི་མི་རིགས་ཤིག་ཡིན། མི་ཕལ་ཆེ་བ་ནི་ལས་ལ་བརྩོན་ཞིང་འཚོ་བ་བབ་ཆགས་པ་དང་། བྱམས་དང་སྙིང་རྗེ་ལྡན་པ། མཁས་ལ་བཀུར་ཞིང་ཕུ་དུད་ཆེ་བ། རྒྱལ་ཁྲིམས་བཀུར་ཞིང་བཀའ་ལ་བརྩི་བ་ཤ་སྟག་ཡིན་ལ། ལྷག་པར་དུ་ཆོས་ལུགས་རིག་གནས་དེས་ཐུན་མོང་མ་ཡིན་པའི་ནུས་པ་ཆེན་པོ་ཞིག་དང་། སིམ་འཛུལ་གྱི་སྟོབས་ཤུགས་ཆེན་པོ་ལ་བརྟེན་ནས་སྤྱི་ཚོགས་འཚོ་བ་དང་སྤྱི་ཚོགས་སེམས་ཁམས་ལ་འདྲེས་ཤིང་། ཆོས་ལུགས་ཀྱི་འཛེམ་བྱ་དང་འཇིག་རྟེན་མི་ཆོས་དེ། བོད་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་། ཡུལ་སྲོལ་གོམས་གཤིས་ཀྱི་ནང་དོན་གཙོ་བོར་གྱུར་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་སྲུང་སྐྱོབ་དང་བརྟན་བརླིང་གི་བྱེད་ནུས་ཆེན་པོ་ཐོན། འདིས་མི་རྣམས་ལ་ཚད་ལྡན་སྤྱོད་ལམ་དང་རིན་ཐང་ལྟ་ཚུལ་ཆ་ཚང་ཞིག་བཏོན་ནས། མི་རྣམས་ཀྱིས་བདེན་པ་གཞུང་དྲང་དང་། འདོད་ཞེན་སྐྱུང་བ། ཆེར་བཀུར་ཆུང་བྱམས། དགེ་རྒན་ལ་བསྙེན་བཀུར། ཁེངས་སྐྱུང་གཞན་བཀུར། ཕོ་མོ་འདྲ་མཉམ།མཐོ་དམན་འདྲ་མཉམ། བརྩོན་བསྲིས་ཁྱིམ་སྐྱོང་། བཙན་པོའི་མགོ་གནོན་དང་ཉམ་ཆུང་གི་མགོན་སྐྱབས། གཞན་ཕན་ཀྱི་ལས་ལ་མོས་པ། སྒྲིག་ཁྲིམས་བརྩི་སྲུང་། སྐྱེ་དངོས་སེམས་ཅན་ལ་བརྩེ་བ། ཁོར་ཡུག་སྲུང་སྐྱོབ་སོགས་བྱེད་པ་ནས། བདེན་དྲང་དང་བསམ་པ་དཀར་བ། ཀུན་སྤྱོད་མཛེས་པ་རྣམས་དར་སྤེལ་དང་། གཡོ་རྫུན་དང་བསམ་སྦྱོར་ངན་པ། ཀུན་སྤྱོད་མི་ལེགས་པ་རྣམས་བཀག་འགོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དཔེར་ན་སྤྱི་ལོའི་དུས་རབས་བདུན་པར་བཟོས་པའི་དགེ་བ་བཅུའི་ཁྲིམས་དང་ནུ་བོ་ལ་གདམས་པའི་མདོ། ཕྱིས་ཀྱི་ས་སྐྱ་ལེགས་བཤད་དང་ཆུ་ཤིང་བསྟན་བཅོས། རྒྱལ་པོ་དང་། བློན་པོ། བཙུན་མོའི་བཀའི་ཐང་ཡིག་སོགས་མི་ཆོས་ཀུན་སྤྱོད་ཀྱི་ཆེད་རྩོམ་དག་ལས་གསལ་པོ་གསུངས་པ་བཞིན་ནོ། བོད་རིགས་ཀྱི་ཀུན་སྤྱོད་དང་། སྤྱོད་ལམ་གྱི་ཚད་གཞི་འདི་དག་ནི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ལ་རེ་སྙེག་བྱེད་པའི་ཀུན་སྤྱོད་རིན་ཐང་ཐད་ཀྱི་ལྟ་ཚུལ་ཤ་སྟག་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་དགོས་ངེས་ཀྱི་ནང་དོན་འབའ་ཞིག་ལྡན་ནོ།།
གསུམ་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་ཐབས་ཀྱི་གཞུང་ལུགས།
ལོ་ངོ་བཞི་སྟོང་ཡར་སྔོན་གྱི་གདོད་མའི་ཚོ་ཁག་དུས་སྐབས་ནས་བཟུང་རུས་རྒྱུད་དང་ཚོ་ཁག་བར་དང་། རུས་རྒྱུད་དང་རུས་རྒྱུད་བར།ཚོ་ཁག་དང་ཚོ་ཁག་ཕན་ཚུན་བར་བཅས་གང་གི་སྐབས་སུའང་མིའི་བར་གྱི་འབྲེལ་ལུགས་སྤྱོད་ལམ་དང་། མི་དང་མིའི་བར་གྱི་ཀུན་སྤྱོད་ཚད་གཞི་དེ་ནང་དོན་གཙོ་བོ་ཡིན་པའི་གོམས་གཤིས་ཀྱི་ཁྲིམས་སྲོལ་བྱུང་ཡོད།
བོད་གནའ་རབས་བཙན་པོའི་རྒྱལ་རབས་འགོ་བརྩམས་པ་ནས་བཟུང་ཁྲིམས་ལུགས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་ལམ་ལུགས་བཙུགས་ཡོད་དེ། ཕལ་ཆེར་སྤྱི་ལོའི་དུས་རབས་དྲུག་པ་དང་བདུན་པར་བཙན་པོ་གནམ་རི་སྲོང་བཙན་དང་སྲོང་བཙན་སྒམ་པོ་ཡབ་སྲས་ཀྱིས་སྲིད་དབང་འཛིན་པའི་སྐབས་སུ། བོད་ཀྱི་ཁྲིམས་ལུགས་དེ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཏེ། སྔ་རྗེས་སུ་ཁྲིམས་ལུགས་ཆེན་པོ་སོ་དྲུག་གིས་རྨང་གཞི་བྱེད་པའི་སྲིད་འཛིན་གྱི་ཁྲིམས་ལུགས་དང་རྩ་འཛུགས་ཀྱི་ཁྲིམས་ལུགས། ཉེས་ཁྲིམས། དམངས་དོན་ཁྲིམས་ལུགས། དམག་དོན་ཁྲིམས་ལུགས། གཞན་པའི་ཁྲིམས་ལུགས་སོགས་གཏན་འབེབས་བྱས་སོ། འདིའི་རྗེས་སུ་ཕག་གྲུ་གོང་མ་དང་། གཙང་པ་རྒྱལ་པོ། དགའ་ལྡན་ཕོ་བྲང་སོགས་ས་གནས་སྲིད་གཞུང་གིས་སྔོན་རྗེས་སུ་ཞལ་ལྕེ་བཅུ་གསུམ་དང་། ཞལ་ལྕེ་བཅོ་ལྔ།ཞལ་ལྕེ་བཅུ་དྲུག ཞལ་ལྕེ་བཅུ་གཉིས། བདེན་རྫུན་ཤན་འབྱེད་ཞལ་ལྕེ་ཉེར་གཅིག་སོགས་ཁྲིམས་ལུགས་མང་པོ་གཏན་དུ་ཕབ་བོ། འདིས་བོད་མི་རིགས་འདིར་བརྩི་སྲུང་བྱ་བའི་ཁྲིམས་དང་ལྡན་ཞིང་ཁྲིམས་འགལ་རིགས་ལ་ཐག་གཅོད་ནན་མོ་བྱ་བ། བཅའ་ཁྲིམས་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བའི་མི་རིགས་ཤིག་ཡིན་པ་གསལ་པོར་མཚོན་པར་མ་ཟད། དེ་དང་མཉམ་དུ་བོད་རིགས་ཀྱིས་འགྲོ་བ་མིའི་རིགས་ཀྱི་ཁྲིམས་ལུགས་སྤྱི་ཚོགས་འཛུགས་སྐྲུན་བྱ་བ་ལ་བྱས་རྗེས་བཞག་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཁྲིམས་ལུགས་ལ་བལྟས་ན། དེའི་སྙིང་བཅུད་མང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་འོས། དེས་མི་རྣམས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་སྤྱི་ཚོགས་ཁྲིམས་ལུགས་འདུ་ཤེས་ཤུགས་ཇེ་ཆེར་གཏོང་བ་དང་། བཅའ་ཁྲིམས་ཀྱིས་རྒྱབ་སྐྱོང་བར་དཔེ་མཚོན་གྱི་ནུས་པ་ཐོན་ཐུབ་ལ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་ཡོན་འཛུགས་སྐྲུན་ལའང་ཕན་ངེས་པའོ།།
བཞི་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ་ཀྱི་སྙིང་སྟོབས།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ། ཡར་རྒྱས་འབད་བརྩོན་གྱི་མི་རིགས་སྙིང་སྟོབས་ཡོད་དེ། དཔེར་ན། བོད་ཀྱི་རྩོམ་རིག་གྲགས་ཅན་ཏེ། དཔལ་བོའི་ལོ་རྒྱུས་གེ་སར་རྒྱལ་པོའི་སྒྲུང་ནང་མི་རིགས་དཔའ་བོ་རྣམས་ཀྱིས་གདོན་འདྲེ་འདུལ་བ་དང་། བཙན་པོའི་ཁ་གནོན་དང་ཉམ་ཆུང་གི་རྒྱབ་རྩ། ཚེ་སྲོག་སྐྱོབ་སྐྱོང་། བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་ངང་ལྷོ་འདུལ་བྱང་འཐབ་དང་། ཁྲག་གཏོང་དམར་འཛིང་གིས་མི་དམངས་ཀྱི་དོན་དུ་གནོད་འཚེ་འགོག་ཅིང་། རང་ཡུལ་དང་མི་དམངས་སྲུང་སྐྱོབ་བྱས་པ་སོགས་ལས་ངོ་མཚར་བའི་འདུན་པ་དང་སེམས་ཤུགས་མངོན་ནོ།།
དུས་རབས་གསར་པའི་ནང་རང་རྒྱལ་སྔར་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། བོད་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ད་རུང་དབུལ་ཕོངས་རྗེས་ལུས་ཀྱི་དུས་རིམ་ན་ཡོད་པས། ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་དུས་སྐབས་བཟང་པོ་དམ་འཛིན་སྒོས་དབུལ་ཕོངས་རྗེས་ལུས་ཀྱི་ཛ་དྲག་ཆེ་བའི་འགྲན་རྩོད་ཀྱི་མདུན་བསུས་ཏེ་ངེས་པར་དུ་དཀའ་སྤྱད་སྡུག་རུས་དང་དཀའ་སྤྱད་ལས་སྒྲུབ།ཡར་རྒྱས་འབད་བརྩོན་གྱི་སྙིང་སྟོབས་དེ་དར་སྤེལ་གཏོང་དགོས།
ལྔ་པ། བརྗོད་བྱ་ལེགས་ཞིང་ཕུལ་བྱུང་གི་རིག་རྩལ་གྱི་རྩོམ་ཆོས།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཕུལ་དུ་བྱུང་བའི་རྩོམ་རིག་སྒྱུ་རྩལ་མང་པོ་ཡོད་ལ། དེ་ནི་བོད་རིགས་མི་དམངས་ཀྱིས་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་གོ་རིམ་ནང་འཚོ་བའི་གདོང་རིས་ངོ་མར་བརྟེན་ནས་གསར་བཟོ་བྱས་པའི་རྩོམ་རིག་གི་རྩོམ་ཆོས་ཡིན་ཏེ། དཔེར་ན་བོད་ཀྱི་ལྷ་མོའི་ཟློས་གར་ཆེན་པོ་བརྒྱད་པོའི་བརྗོད་བྱའི་རྒྱུ་ཆ་རྣམས་ངོ་མཚར་བའི་ལྷ་སྒྲུང་ལས་བླངས་པ་ལྟ་བུའོ། རྒྱ་བཟའ་དང་བལ་བཟའ་ཞེས་པས་བོད་རྒྱ་དང་བོད་བལ་བར་གྱི་གཉེན་འབྲེལ་བརྒྱུད་དེ་མཛའ་མཐུན་མཉམ་གནས་བྱུང་བའི་མི་རིགས་འབྲེལ་བར་བསྔགས་བརྗོད་དང་། བོད་ཀྱི་རྒྱལ་བློན་གྱི་བློ་གྲོས་ལ་བསྟོད་བསྔགས་བྱས་ཡོད་པ། རྒྱལ་བུ་དྲི་མེད་ཀུན་ལྡན་ཞེས་པ་ལས་རང་ཕུང་གཞན་སྐྱོབ་བྱེད་པའི་དྲི་མེད་ཀུན་ལྡན་གྱི་སྣང་བརྙན་གསར་བཞེངས་བྱས་པ་དང་། ཆོས་རྒྱལ་ནོར་བཟང་ཞེས་པ་དང་གཟུགས་ཀྱི་ཉི་མ་ཞེས་པ། འགྲོ་བ་བཟང་མོ་ཞེས་པ།པད་མ་འོད་འབར་ཞེས་པ་སོགས་ལས་དགེ་སྤེལ་སྐྱོན་སྤོང་། ལེགས་སྤེལ་ཉེས་འགོག་བཅས་ཀྱི་བསམ་བློ་བསྟན་ཡོད། བོད་ཀྱི་སྒྲུང་གཏམ་རིང་གྲས་གཞོན་ནུ་ཟླ་མེད་ཅེས་པ་དང་བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ཅེས་པ། མི་རོ་རྩེ་སྒྲུང་ཞེས་པ་དང་དམངས་ཁྲོད་རྩོམ་རིག་ཨ་ཁུ་བསྟན་པ་ཞེས་པ། གཏམ་པད་མའི་ཚལ་གྱི་ཟློས་གར་ཞེས་པ་དང་། བྱ་སྤྲེལ་གཏམ་རྒྱུད་ཅེས་པ་རྣམས་ཀྱི་བརྗོད་བྱ་ནི་སྤྱོད་བཟང་དར་སྤེལ་དང་ངན་པ་ལ་ཚར་གཅོད། བདེན་དྲང་བསམ་དཀར་དང་ཀུན་སྤྱོད་མཛེས་པ་བཅས་དར་སྤེལ་དང་། གཡོ་རྫུན་བསམ་སྦྱོར་ངན་པ་ཀུན་སྤྱོད་ཐ་ཤལ་རྣམས་བཀག་འགོག་བྱེད་པའི་ནང་དོན་ལེགས་པོའི་རྩོམ་ཆོས་ལེགས་ཤོས་ཤ་སྟག་ཡིན།
དྲུག་པ། སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྔོན་ཐོན་གྱི་ཚན་རིག་ལག་རྩལ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཚན་རྩལ་རིག་གནས་ནི། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན་ལ། དེར་དུས་ཡུན་རིང་མོའི་ལོ་རྒྱུས་ཡོད་ཅིང་དེ་ད་ལྟའི་བར་དུ་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་གཙོ་བོ་དང་། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྐུལ་འདེད་ཀྱི་ནུས་ཤུགས་ཆེན་པོ་ཡིན་པ། མུ་མཐུད་དུ་ལྐོག་གྱུར་རིང་ལུགས་པ་དགག་པ་རྒྱག་པའི་རིག་གནས་ཀྱི་འཕེལ་ཕྱོགས་གཙོ་བོ་བཅས་ཡིན། ཚན་རིག་རིགས་པའི་གཞུང་ལུགས་རང་བཞིན་གྱི་མཚན་ཉིད་རིག་པའི་བསམ་བློ་ནི་ལོ་ལྔ་སྟོང་ལྷག་གི་སྔོན་གྱི་ལྷ་སྒྲུང་དུས་རབས་བར་ལ་ཡར་འདེད་ཐུབ་སྟེ། སྐབས་དེར་སྒོ་ང་ལས་འཇིག་རྟེན་གྲོལ་བ་དང་། སྤྲ་མི་ལས་མི་མཆེད་པ། ནས་འབྲུ་སྔོན་པོའི་འབྱུང་རབས་སོགས་མཚན་ཉིད་རིག་པའི་བསམ་བློ་བྱུང་ཟིན་ལ། དངོས་པོའི་འཇིག་རྟེན་ལ་ཉམས་མྱོང་སྟེང་བསམ་གཞིག་བྱེད་པའི་རྣམ་པ་དང་སྣང་ཚུལ་ལ་བརྟེན་ནས་དངོས་པོའི་ངོ་བོ་ཤེས་རྟོགས་བྱེད་པའི་བློ་རིག་བྱུང་ཡོད་དོ།།
ཅུང་སྔོ་མོ་ཞིག་ནས་མདོ་དབུས་མཐོ་སྒང་གི་བོད་རིགས་མེས་པོ་རྣམས་ནི། ཞིང་ཕྱུགས་ལས་དུས་རབས་ལ་སླེབས་པའི་མི་རིགས་ཤིག་ཡིན། གནའ་རྫས་རྟོག་ཞིབ་པས་རྒྱུས་ལོན་པར་བལྟས་ན་འབོར་ཆེན་ཞིག་གནའ་བོའི་རྡོ་ཆས་དུས་རབས་ཀྱི་ངལ་རྩོལ་ལག་ཆ་དང་། ས་བོན། རྨོན་ལས། སྒོ་ཕྱུགས། འཁེལ་འཐག་ལྕགས་རིགས་བཙོ་སྦྱང་ལག་རྩལ་བཅས་ཀྱི་རིག་རྫས་ཤུལ་ལོན་འབོར་ཆེན་ཞིག་ཡོད་པ་དང་། གནའ་རྫས་རྟོག་ཞིབ་པའི་ཤེས་རྟོགས་ལ་བལྟས་ན། ད་ནས་བརྩིས་པའི་ལོ་བཞི་སྟོང་ལྷག་གི་སྔོན་དུ་བོད་རིགས་ཀྱི་ལྕགས་རིགས་བཙོ་སྦྱང་བྱེད་པའི་ལག་རྩལ་དེ་ཆུ་ཚད་མཐོན་པོར་སླེབས་ཡོད་པར་མངོན་ཏེ། དེ་ནི་ད་ལྟའི་ལྷ་ས་དང་ཨ་མདོ་ས་ཁུལ་དུ་རྙེད་པའི་ལི་ཆས་ཀྱིས་བདེན་དཔང་བྱེད་ཐུབ་བོ། ཚུལ་དེ་ལོ་རྒྱུས་ཡིག་ཚང་དུ་བཀོད་པའི་སྤྱི་ལོ་སྔོན་གྱི་ལོ༤༠༠ལྷག་གི་ཡར་སྔོན་དུ་པུ་དེ་གུང་རྒྱལ་སྐབས་སུ་ལྕགས་རིས་བཙོ་སྦྱང་ལག་རྩལ་ལས་ཀྱང་ལོ་སྟོང་ཕྲག་གཉིས་ཀྱིས་སྔའོ།ད་ལྟའི་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས། སི་ཁྲོན། ཡུན་ནན་སོགས་བོད་ཀྱི་ས་ཁུལ་ནས་ཐོན་པའི་རྫ་ཆས་ཀྱི་རིགས་དང་། གཟུགས་དབྱིབས། ཁ་དོག རྒྱན་རིས། རྫ་ཆས་ཀྱི་རྒྱུ་སྤུས་སོགས་ཀྱིས་ར་སྤྲོད་བྱས་པ་ནི། ལོ་བཞི་སྟོང་ནས་ལྔ་སྟོང་ཙམ་གྱི་སྔོན་ནས་བོད་རིགས་མེས་པོ་རྣམས་ཀྱི་རྫ་ཆས་བཟོ་བའི་ལག་རྩལ་ཡང་རྩེར་སོན་ཡོད་པ་མ་ཟད། ད་དུང་སོར་ཆུད་དབྱང་འགྱུར་ལག་རྩལ་དང་རྫ་ཆས་ནང་བྱེ་མ་བཏུམ་པ་སོགས་ལ་བརྟེན་ནས་རྫ་ཆས་བསྲེག་སྐབས་གས་སྐྱོན་འགོག་པའི་ནུས་པ་རྣམས་ཁོང་དུ་ཆུད་ཡོད་ལ། སྐབས་དེར་ཅུང་སྔོན་ཐོན་ཡིན་པའི་ལག་ཆ་སྟེ་རྫ་བཟོ་འཁོར་ལོ་ཡང་སྤྱོད་བཞིན་ཡོད་པའི་བདེན་དཔང་བྱས་སོ།།
གོང་མའི་རྒྱལ་པོའི་དུས་རབས་ཞེས་པ་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ཞེས་པ་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ཁུངས་བཙན་དག་ལས་པ་ཡན་རྒྱལ་པོ་ཧྲེན་ལུང་ཧྲི་ནི་ཆྰང་(羌)རིགས་ཀྱི་མི་ཡིན་པ་གསལ་པོར་འཁོད་པ་མ་ཟད། ཁོས་ཨ་མདོ་བོད་རིགས་ཀྱི་ཞིང་ལས་རིག་གནས་དང་། རྫ་ཆས་ཚོན་མདངས་ཅན་གྱི་རིག་གནས། ཁང་པ་བཟོ་བའི་རིག་པ་རྣམས་ཨ་མདོ་བོད་རིགས་ཤར་རྒྱུད་དུ་སྤོ་སྐབས་དབུས་རྒྱུད་དུ་སྤེལ་དུ་མཅུག་པ་དེ། ཨ་མདོ་ས་ཁུལ་གྱི་གནའ་རྫས་རྙིང་པ་དག་གིས་བདེན་དཔང་བྱེད་ཐུབ་བོ། ལོ་རྒྱུས་འདི་བོད་ཀྱི་ལོ་རྒྱུས་ཡིག་ཆའི་ནང་བཀོད་པའི་སྤྱན་རས་གཟིགས་ཀྱིས་ཁ་བ་རི་པའི་ལྗོངས་སུ་མ་རྨོས་པའི་ལོ་ཏོག་རིགས་ལྔ་དང་གསེར་དངུལ་གྱི་གཏེར་ཁ་སྦས་པ། རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་རུས་རྒྱུད་ཆེན་པོ་ཉི་ཤུ་རྩ་བཞི་རྣམས་ཀྱིས་གནས་རེར་མཁར་རེ་བརྩིགས་ཤིང་། རྒྱལ་ཕྲན་སོ་སོར་རང་གི་རྒྱལ་པོ་དང་བློན་པོ་ཡོད་ལ། མི་རྣམས་ཀྱི་ནོར་དང་། ལུག རྟ། ཁྱི་རྣམས་གསོ་ཤེས་པ། ཞིང་ལ་ཆུ་འདྲེན་ཤེས་པ་སོགས་གཞིས་ཆགས་ནས་འཚོ་བ་རོལ་ཚུལ་ཐོ་འགོད་བྱས་པ་དང་ཤིན་ཏུ་མཐུན་ཞིང་། འདིས་བོད་རིགས་མེས་པོ་རྣམས་ཀྱིས་གདོད་མའི་སྤྱི་ཚོགས་ཀྱི་དུས་སྐབས་ནས། ཚན་རིག་དང་མཐུན་པའི་བསམ་གཞིག་བྱེད་པའི་མྱུ་གུ་འབུར་ཡོད་པ་མ་ཟད། ད་དུང་ཞིང་ཕྱུགས་ལས། ལྕགས་རིགས་བཙོ་སྦྱང་། བལ་འཁེལ་བ། ཁྱིམ་ཕྱུགས་གསོ་བ་སོགས་ཀྱི་རིག་པ་ཡོད་པའང་ར་སྤྲོད་གསལ་པོ་བྱས་སོ། གཞན་ཡང་གནའ་བོའི་སྤྱི་ལོ་སྔོན་གྱི་ལོ༡༤༠༠ལ་ཞང་ཞུང་རྒྱལ་རབས་སྐབས་སུ་བོད་དར་གདོད་མའི་ཆོས་ལུགས་བོན་པོའི་སྟོན་པའི་གནོད་ཟློག་ལྷ་གསོལ་དང་། བགེགས་སྐྲོད་ནད་བཅོས། ཆར་སློང་ཐན་འགོག ངག་ནས་སྔགས་བཟླས། ལྷ་ཕབ་གདོན་འདུལ། ལྷ་ཁང་དང་མཆོད་ཁྲི་བརྩིགས་བཟོ་སོགས་ཀྱི་བྱ་བའི་ནང་ཆེས་གནའ་བོའི་སྐར་རྩིས་དང་། གསོ་རིག ཨར་ལས་བཅས་ཀྱི་ཚན་རིག་ལག་རྩལ་འདུས་ལ་གསལ་པོར་མཚོན་ཡོད། བོད་བཙན་པོའི་དུས་(སྤྱི་ལོ་སྔོན་གྱི་ལོ༨༢༥ནས་སྤྱི་ལོ༩༢༣)ལ་ཐོན་ཚེ། ཚན་རིག་དང་མཐུན་པའི་བསམ་གཞིག་དེ་མ་ལག་ཅན་གྱི་དུས་རིམ་ལ་སླེབས་ཡོད་དེ། དེའི་མཚོན་རྟགས་གཙོ་བོ་ནི་འཇིག་རྟེན་གྱི་འབྱུང་བ་ལྔ(ཤིང་མེ་ས་ལྕགས་ཆུ་གནམ་རི་རླུང་།)ལས་གྲུབ་པ་འདོད་པའི་གཟུགས་ཉིད་སྒྲ་བའི་ལྟ་བ་བྱུང་བ་དང་། འཇིག་རྟེན་འདི་འགལ་ཟླའི་ཕྱོགས་འགའ་ལས་གྲུབ་པ་དང་མཁའ་དང་མི་དབྱེར་མེད་ཀྱི(ལྷ་ཡུལ་དང་མི་ཡུལ། དམྱལ་བ་དང་གསུམ)འཇིག་རྟེན་གཅིག་གྱུར་གྱི་ལྟ་བས་ཐད་ཀར་གནམ་དཔྱད་དང་སྐར་རྩིས། རྩིས་རིག མིའི་ལུས་ཁམས་ཀྱི་ཚན་རིག་གསོ་རིག སྐད་དང་ཡི་གེ ཁྲིམས་ལུགས། གཏན་ཚིགས་རིག་པ།མི་ཆོས་ཀུན་སྤྱོད་སོགས་ཚན་རིག་དང་མཐུན་པའི་བསམ་གཞིག་མང་པོ་བྱུང་ངོ་།། ཞིང་ལས་དང་། ཕྱུགས་ལས། ལྕགས་རིགས་བཙོ་སྦྱང་། འཁེལ་འཐག ཨར་ལས། ལུགས་བླུག ཟམ་པ་འཛུགས་པ། བཟོ་རྩལ་སོགས་ཀྱི་ལག་རྩལ་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཞིང་ཚན་རྩལ་གྱི་རིགས་མང་པོ་ཞིག་ད་དུང་འཛམ་གླིང་གི་ཨང་དང་པོའི་གྲས་སུ་སླེབས་འདུག
མཛངས་མི་མི་བརྒྱད་ཀྱིས་མཛངས་པའི་ལས་སུ་ཞིང་ཕྱུགས་ལས་དང་། བྲེ་དང་སྲང་འཇལ། སྐད་དང་ཡི་གེ་རྒྱན་གོས་རིག་གནས་སོགས་ཀྱི་ཐད་སྔ་མཐུད་ཕྱི་སྤེལ་གྱི་བྱ་གཞག་རླབས་ཆེན་བཙུགས་པ་དེས་བོད་ཀྱི་སྤྱི་ཚོགས་མདུན་དུ་སྐྱོད་པ་ལ་སྐུལ་འདེད་ཆེན་པོ་ཐེབས་ཡོད། དེ་དང་མཉམ་དུ་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པའི་ཚན་རིག་གི་འཆར་སྒོ་སྣ་ཚོགས་ཤིག་ཀྱང་བྱུང་ངོ་། བོད་རིགས་ཀྱི་དཔལ་ཡོན་དེ་དབུས་རྒྱུད་ཤེས་རིག་དང་གནའ་བོའི་ཨེ་ཅིབ(埃及)ཤེས་རིག གནའ་བོའི་རྒྱ་གར་གྱི་ཤེས་རིག གནའ་བོའི་པ་པིས་ལོན(巴比伦)གྱི་ཤེས་རིག གནའ་བོའི་ཞི་ལའི(希腊)ཤེས་རིག་དང་དུས་མཉམ་དུ་མིའི་རིགས་ཀྱི་ཤེས་རིག་གི་འབྱུང་ཡུལ་དུ་གྱུར་ཡོད། འོན་ཀྱང་བོད་ཀྱི་ཤེས་རིག་གི་འབྱུང་ཡུལ་དུ་གྱུར་ཡོད། འོན་ཀྱང་བོད་ཀྱི་ཤེས་རིག་དེ་གོང་གི་དབུས་རྒྱུད་ཤེས་རིག་དང་། ཡ་གླིང་ལྷོ་མའི་ཤེས་རིག ཡ་གླིང་དཀྱིལ་རྒྱུད་ཀྱི་ཤེས་རིག་བཅས་དང་བསྡུར་ན། དེ་གནས་པའི་ས་ཁམས་དང་། ཁོར་ཡུག རང་བྱུང་ཆ་རྐྱེན་རྣམས་ཅུང་ཞན་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཕེལ་རྒྱས་ཀྱི་བར་གསེང་ལ་བཀག་འགོག་ཐེབས་ཡོད་དོ།།
དུས་རབས་གསར་པའི་ནང་བོད་མི་རིགས་ཀྱིས་རླབས་ཆེའི་བསྐྱར་དར་ཞིག་མངོན་འགྱུར་བྱས་ཏེ། འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་དགོས་ན། ང་ཚོས་ངེས་པར་དུ་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་སྔོན་ཐོན་ཚན་རིག་ལག་རྩལ་རྣམས་འདོན་སྤེལ་དུས་རབས་གསར་པའི་ནང་སྔ་མཐུད་ཕྱི་སྤེལ་བྱས་ཏེ། དར་སྤེལ་གསར་སྐྲུན་བྱ་དགོས།
བདུན་པ། བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་ནི་དུས་རབས་གསར་པའི་སྙིང་སྟོབས་ཀྱི་འོས་ཞིང་འཚམ་པའི་གྲུབ་ཆ་ཞིག་རེད།
རིག་གནས་སྙིང་སྟོབས་ནི་རིག་གནས་མ་ལག་གྲུབ་ཆའི་ནང་གི་ངོ་བོ་དང་། སྙིང་པོ། རིན་ཐང་མ་ལག་དང་སེམས་ཁམས་མངོན་ཚུལ་གྱི་སྟེང་ནས་མངོན་ཐུབ་པ་ཞིག་ལ་ཟེར། བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྙིང་སྟོབས་གཙོ་བོ་གཤམ་གྱི་དོན་ཚན་ལྔ་ལས་མཚོན་ཐུབ་སྟེ།
(གཅིག)མངོན་ཚན་ཆེ་བའི་གངས་ལྗོངས་རིག་གནས་གྲུབ་ཆ་གཙོ་བོའི་རང་བཞིན་གྱི་སྙིང་སྟོབས་གཙོ་བོ་རྣམས་མངོན་གསལ་དུ་རྒྱུན་འཛིན་བྱེད་པ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་བོད་རིགས་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན་ལ། དེའི་སྙིང་སྟོབས་གཙོ་བོ་ཕྱོགས་གཉིས་ན་མངོན་ཡོད་དེ། ཐོག་མར་རིག་གནས་གསར་སྐྲུན་གྱི་ལོ་རྒྱུས་རིང་མོའི་ནང་། མཚོ་བོད་མཐོ་སྒང་གི་ས་བབ་དང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ཁྱད་པར་བར་ཡང་དག་སྒོས་རྒྱུས་ལོན་དང་ཁོང་དུ་ཆུད་པ། བེད་སྤྱོད་གཏོང་རྒྱུ་ནམ་ཡང་རྒྱུན་སྐྱོང་བྱས་ནས། མིའི་གནས་ལུགས་དང་སྤྱི་ཚོགས་ཁོར་ཡུག་ལ་རང་སྟོབས་ཀྱིས་སྙོམ་སྒྲིག་བྱེད་པ། རན་ཞིང་ལུགས་མཐུན་གྱི་གདམ་གསེས་མཚོན་པ། ནམ་ཡང་ས་ཁུལ་རང་བཞིན་དང་མི་རིགས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་སྒོས་རྒྱུན་འཁྱོངས་བྱེད་པ། རང་འགུལ་སྒོས་མིའི་རིགས་ཀྱི་རིག་གནས་ཀྱི་མཛེས་ཞིང་སྡུག་པའི་བཀྲག་མདངས་ཀྱི་རྦ་རླབས་ཆལ་ཆིལ་དུ་འདྲེས་པ། གཞན་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་དེ་ཕྱི་ཡོང་རིག་གནས་ཀྱི་ཕོག་ཐུག་དང་། འགྲན་རྩོད་འོག་འཚར་ལོངས་བྱུང་བ་ཞིག་ཡིན་ཏེ། དཔེར་ན། ནང་བསྟན་རིག་གནས་དེ་བོད་རིགས་རང་གི་རིག་གནས་ཀྱི་ཕོག་ཐུག་དང་འགྲན་རྩོད་ཆེས་ཆེ་ཤོས་ཡིན་པ་ལྟ་བུའོ། འོན་ཀྱང་། བོད་ཀྱི་རིག་གནས་ཀྱིས་ཕྱོགས་གཅིག་ནས་ཐད་ཀ་ཕྱི་ཡོང་རིག་གནས་ཀྱི་འགྲན་རྩོད་དང་ལེན་བྱེད་ཕོད་ལ། ཕྱི་ཡོང་རིག་གནས་བསྡུ་ལེན་དང་ནང་འདྲེན་མཉམ་བསྲེས་བྱེད་པར་དེ་བས་མཁས། ཕྱོགས་གཞན་ཞིག་ནས་གཞན་དབང་གིས་གཞན་དཔེར་འདྲ་བསྡུས་དང་ཕྱི་ཡོང་རིག་གནས་ཇི་ལྟ་བ་བཞིན་བཀོལ་བ་མ་ཡིན་པར། རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་དེ་རྨང་གཞི་དང་གཙོ་བོར་བཟུང་སྟེ་རང་འགུལ་སྒོས་ཕྱི་ཡོང་རིག་གནས་ལས་རང་ལ་མཁོ་བ་གདམ་ག་དང་བསྡུ་ལེན། རང་ལ་འཚམས་པར་བསྒྱུར་བཅོས་བྱས་ཏེ། རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའོ།།
(གཉིས)གསར་གཏོད་རང་བཞིན་གྱི་སྙིང་སྟོབས།
ལས་ལ་བརྩོན་ཞིང་སྤྱང་གྲུང་འཛོམས་པ། སྤོབས་པ་ཆེ་ཞིང་དཔའ་ངར་ལྡན་པ། བློ་གཤོག་ཆེ་ཞིང་བརྩེ་སེམས་ཀྱང་ལྡན་པའི་བོད་རིགས་མི་དམངས་ཀྱིས་ལོ་སྟོང་ཕྲག་རིང་ནས། ཁོང་ཚོས་གསར་འགྱུར་བྱས་པའི་ཐོན་སྐྱེད་ནུས་ཤུགས་དང་ཐོན་སྐྱེད་བྱེད་སྟངས། མིའི་རིགས་ཀྱི་དཔལ་ཡོན་རྣམས་སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་དང་མི་རྣམས་ཀྱི་བསམ་བློ་དང་སེམས་གཏིང་དུ་སིམ་སྟེ་འཆོལ་ཞིབ་ཀྱི་རིག་པ་ཕུན་སུམ་ཚོགས་པ་དང་གསར་གཏོད་ལ་མཁས་པ། མཆོག་གྱུར་ལ་བརྩོན་པ། སྤྱང་གྲུང་འཛོམས་ལ་བློ་གྲོས་ཀྱི་མཐུ་དང་ལྡན་པ། བློ་གཤོག་ཆེ་ལ་ཁོང་ཡངས་པ་སོགས་ཀྱི་རིག་གནས་བསམ་བློ་མངོན་ཡོད་དོ།། བོད་ཀྱི་དཔལ་ འཛམ་གླིང་དུ་ཆེས་སྔ་བའི་སྤོ་ལོ་གསར་གཏོད་བྱས་པ(རྟ་རྩེད་སྤོ་ལོ་སྤྱི་ལོའི་དུས་རབས་དྲུག་པར་གསར་གཏོད་བྱས)དང་། ཆེས་སྔ་བའི་རྐྱང་འབྲོང་སོགས་རི་དྭགས་བཏུལ་ཏེ་གསོས་ནས་སྒོ་ཕྱུགས་བྱས། (གདོད་མའི་སྤྱི་ཚོགས་ནང་བྱུང)། ཆེས་སྔ་བའི་མི་སྣའི་གསོན་དཔེ་བསྟན་མཁན། (སྤྱི་ལོ779ལོར་བསམ་ཡས་དགོན་པ་བཞེངས་སྐབས་བོད་ཀྱི་ས་ཁུལ་ཁག་ནས་གཟུགས་བྱང་ཚད་ལྡན་ཡིན་པའི་ཕོ་མོ་རྣམས་བདམས་ནས་འབག་བཟོ་གསོན་དཔེ་བསྟན་པ)ཆེས་སྔའི་སྟབས་བདེའི་བཟའ་བཅའ་བཟོས། (རྩམ་པ)སྲིད་བསྐྱངས་པའི་དུས་ཡུན་ཆེས་རིང་བའི་རྒྱལ་རབས། (ཐུ་བྷོད་རྒྱལ་རབས་ཀྱི་གཉའ་ཁྲི་བཙན་པོ་སྤྱི་ལོ་སྔོན825ནས་སྤྱི་ལོ923ལོར་ལོ་མཇུག་སྟེ་བོད་རྒྱལ་དཔལ་འཁོར་བཙན་བར་ཁྱོན་བསྡོམས་རྒྱལ་རབས45དང1748འདས)ཆེས་ཐོག་མར་འབྲུ་རིགས་འདེབས་རྨོ་བྱེད་པའི་མི་རིགས།(ལོ་ངོ་སྟོང་ལྷག་གི་སྔོན་ནས་ཁྲེ་དང་།ནས།བྲོ་རྨོ་འདེབས་བྱས་ཡོད)ཆེས་ཐོག་མར་སློབ་གཉེར་བ་ཕྱི་རྒྱལ་ལ་བརྫངས་ནས་སློབ་གཉེར་བྱེད་དུ་བཅུག་པ། (སྤྱི་ལོ630ལོ་ཡས་མས་སུ་ཐོན་མི་སམ་བྷོ་ཊ་དང་གཞོན་ནུ་ཤེས་རབ་ཀྱི་དཔའ་མངའ་བ་མི་ཉུང་བ་ཞིག་རྒྱ་གར་དང་རྒྱ་ནག་ཏུ་སློབ་གཉེར་དུ་བརྫངས)ཆེས་ཐོག་མར་འབྲི་ཆུའི་སྟེང་མི་རྟ་སྟོང་ཕྲག་སྟབས་ཅིག་ཏུ་རྒྱུ་འོང་བྱ་ཆོག་པའི་ལྕགས་ཟམ་བཙུགས་པ། (སྤྱི་ལོ670ལོར་ཐུ་བྷོཊ་དམག་གིས་ད་ལྟའི་ཡུན་ནན་འབའ་ལུང་མངའ་ཁོངས་ཀྱི་འབྲི་ཆུའི་སྟེང་ལྕགས་ཟམ་དཔྱངས)ཆེས་ཐོག་མར་རྫ་ཆས་ཚོན་ཁྲ་བཟོས་ཤིང་རྫ་ཆས་སྟེང་རི་མོ་མི་འདྲ་བ་སྟོང་གཅིག་ལྷག་འབྲི་ཐུབ་ཡོད། འཛམ་གླིང་ཚན་རྩལ་ལོ་རྒྱུས་སྟེང་ཆེས་སྔ་བའི་བོད་ཀྱི་གསོ་རིག་ལག་རྩལ་དང་། (སྤྱི་ལོའི་དུས་རབས6ནས7པར་གཤག་བཅོས་དང་མངལ་སྦྲུམ་རིག་པ། འ་ཞའི་ལྷ་རྗེས་གསེར་ཐུར་གྱིས་ལོང་བའི་མིག་འབྱེད་པ་དང་མིའི་རུས་བཀྲའི་ཐང་ག་བཟོས་པ་སོགས་མང)བཙོ་སྦྱང་དང་ཨར་ལས་འཛུགས་སྐྲུན་གྱི་ལག་རྩལ་དར་བ། (དཔེར་ན་ཨ་མདོ་དང་ལྷ་ས་ཆུ་སྒང་ཏུ་ས་འོག་ནས་ཐོན་པའི་ལོ་ངོ་སྟོང་ཕྲག་ལྔའི་སྔོན་གྱི་ལིའི་སྣོད་ཆས་དང་སྤྱི་ལོའི་སྔོན་གྱི་དུས་རབས8པ་ནས་སྤྱི་ལོའི་དུས་རབས7པར་བསྐྲུན་པའི་ཡུམ་བུ་བླ་སྒང་དང་། ཕོ་བྲང་པོ་ཏ་ལ། བྱམས་པ་མི་འགྱུར་གླིང་། འུ་ཤང་རྡོ་རིམ་བརྩེགས་དགུའི་ཕོ་བྲང)འཛམ་གླིང་སྟེང་གི་ཟངས་སྐུ་ཆེས་ཆེ་བ། (བཀྲ་ཤིས་ལྷུན་པོའི་བྱམས་ཆེན་གྱི་མཐོ་ཚད་ལ་སྨི26.2དང་ཕྱག་གི་རིང་ཐུང་ལ་སྨི3.2དང་། ཕྱག་མཛུབ་ཀྱི་རིང་ཐུང་ལ་སྨི1བཅས་ཡོད།)། འཛམ་གླིང་ཐོག་ཆེས་ཆེ་བའི་རས་བྲིས་ཀྱི་ཞལ་ཐང(ཕོ་བྲང་པོ་ཏ་ལ་དང་། བཀྲ་ཤིས་ལྷུན་པོའི་ཞལ་ཐང་ཆེན་མོ)། འཛམ་གླིང་ཐོག་ཆེས་རིང་ཤོས་སུ་གྱུར་པའི་ལོ་རྒྱུས་སྙན་རྩོམ་གླིང་གེ་སར་རྒྱལ་པོའི་སྒྲུང་། (སྤྱི་བསྡོམས་སྒྲུང་དཔེ་མི་འདྲ་བ140ལྷག་ཡོ)འཛམ་གླིང་ཐོག་ཆེས་སྔ་བའི་ཟློས་གར་ཏེ་བོད་ཀྱི་ཟློས་གར། (སྤྱི་ལོ་བདུན་བརྒྱ་ཡི་སྐབས་ནས་བྱུང་བ)འཛམ་གླིང་ཐོག་ཆེས་སྔ་བའི་མྱུར་སྦྲགས་ཡིག་ཐེམ(དུས་རབས་བདུན་ནས་མྱུར་སྦྲགས་འཕྲིན་མཁན་གྱི་མཚོན་རྟགས་ཏེ་དངུལ་དྲིལ་བྱུང་ཡོད)། འཛམ་གླིང་ན་གཉིས་སུ་མེད་པའི་སྡེ་དགེ་སྤར་ཁང་ཆོས་མཛོད་ཆེན་མོ། ཁྲ་འབྲུག་དགོན་གྱི་མུ་ཏིག་གི་སྤྱན་རས་གཟིགས་ཀྱི་ཐང་ག པོ་ཏ་ལའི་མུ་ཏིག་ཁྲི་ཕྲག་གཉིས་བརྒྱུས་པ་ལས་གྲུབ་པའི་དཀྱིལ་འཁོར།མཐོ་ཚད་སྨི13ཡོད་པའི་རྒྱལ་དབང་ལྔ་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག ཟངས་གསེར་ལས་གྲུབ་པའི་དུས་འཁོར་བློས་བསླངས་བཅས་རྣམས་འགྲན་པའི་ཟླ་དང་བྲལ་བ་ཤ་སྟག་གོ།
(གསུམ)མདུན་སྐྱོད་ཀྱི་རང་བཞིན་ལྡན་པའི་སྙིང་སྟོབས།
མཚོ་བོད་མཐོ་སྒང་ནི་དེང་འདིར་འཛམ་གླིང་ཐོག་མཚོ་ངོས་ལས་ཆེས་མཐོ་བའི་ས་ཆ་སྟེ། གྲང་ལ་མཐོ་བའི་སྐམ་ས་ཡིན་ལ།འདི་སའི་གོ་ལའི་སྐས་རིམ་གསུམ་པ་ཞེས་སམ་འཛམ་གླིང་གི་གཙུག་ཕུད་ཅེས་ཟེར་བའང་ཡོད། ཡུལ་འདིའི་ས་ཁ་མཐོ་ཞིང་གནམ་གཤིས་རྩུབ་འགྱུར་ཆེ་བ་ལས་གཞན། ད་དུང་ཡུལ་ཁམས་བཀྲམ་ལ། འགྲིམ་འགྲུལ་མི་བདེ་བ་དང་ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ། འདིའི་རང་བྱུང་སྣོད་བཅུད་ཀྱི་བཀོད་པ་ཉེ་འགྲམ་གྱི་ཡུལ་འཁོར་རྣམས་དང་བསྡུར་ན་ཆ་རྐྱེན་ཞན་མོད། ཡིན་ནའང་རླབས་ཆེ་བའི་བོད་རིགས་མི་དམངས་ཀྱིས་དེ་འདྲའི་རྩུབ་འགྱུར་ཆེ་བའི་རང་བྱུང་སྣོད་བཅུད་ལ་ཁ་གཏད་ཀྱི་འཐབ་རྩོད་ཁྲོད། དཔའ་ངར་ཞུམ་པ་མེད་ཅིང་དཀའ་སྤྱད་སྡུག་ཐེག་དང་འབད་འབུངས་ལྷོད་མེད་སྒོས་མདུན་ནས་མདུན་དུ་སྐྱོད་པའི་བླ་མེད་སྙིང་སྟོབས་དང་གཤིས་རྒྱུད་མངོན་ཡོད། ཧ་ཅང་རྩུབ་པའི་རང་བྱུང་ཁོར་ཡུག་ཁྲོད་དུ་འཛམ་གླིང་ལ་འགྲན་པའི་ཟླ་དང་བྲལ་བའི་དངོས་པོ་དང་བསམ་པའི་དཔལ་ཡོན་གསར་སྐྲུན་བྱས། དེ་ལྟ་བུའི་སྙིང་སྟོབས་ནི་ད་ལྟའི་དུས་རབས་གསར་པའི་ནང་བོད་ཁུལ་དུ་དེང་རབས་ཅན་མངོན་འགྱུར་བྱེད་པར་མེད་དུ་མི་རུང་ངོ་།།
(བཞི)རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས།
བོད་ཀྱི་ལོ་རྒྱུས་སྟེང་བོད་རིགས་མི་དམངས་ཀྱིས་ཕྱིའི་སྟོབས་ཤུགས་ཀྱི་ཆབ་སྲིད་ཀྱི་གཉའ་གནོན་དང་། དཔལ་འབྱོར་འཕྲོག་བཅོམ་ལ་ངོ་རྒོལ་ཐེངས་མང་བྱས་ཤིང་། བཀས་བཀོས་རྒྱུད་འཛིན་དབང་སྒྱུར་གྲལ་རིམ་གྱི་མི་རིགས་གཉའ་གནོན་དང་མི་རིགས་མཐོང་ཆུང་བྱེད་པར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐེངས་མང་བྱས། ལན་མང་པོར་ཕྱི་རྒྱལ་མི་སེར་སྤེལ་ཡུལ་རིང་ལུགས་དང་། རྒྱ་སྐྱེད་རིང་ལུགས།ནང་ཁུལ་ཁ་བྲལ་རིང་ལུགས། རྒྱལ་འཚོང་རིང་ལུགས་དག་ལ་ངོ་རྒོལ་བྱས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱས་པ་ནི། གནའ་ནས་བཟུང་རྒྱལ་ཕྱི་ནང་གི་མི་རིགས་བར་གྱི་མཛའ་བརྩེ་དང་མཐུན་སྒྲིལ་གཅེས་འཛིན་བྱས། དེ་དག་ཐམས་ཅད་ནི་བོད་རིགས་མི་དམངས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱི་རླབས་ཆེ་བའི་བྱ་སྤྱོད་ཡིན།
(ལྔ)སྒོ་འབྱེད་རང་བཞིན་གྱི་སྙིང་སྟོབས།
བོད་ཀྱི་ལོ་རྒྱུས་སྟེང་བོད་ཀྱི་རིག་གནས་ཐེངས་གསུམ་ཕྱི་ཕྱོགས་སུ་གཞི་ཁྱོན་ཆེན་པོའི་སྒོ་ནས་སྒོ་འབྱེད་ཁྱབ་སྤེལ་བྱས་པ་སྟེ།ཐོག་མར་ནི་སྤྱི་ལོའི་དུས་རབས7ནས9པར་ཐུ་བྷོཊ་བཙན་པོའི་རྒྱལ་རབས་སྐབས་སུ། དེ་དུས་བོད་ཀྱི་རིག་གནས་དེ་ཡ་གླིང་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་རྒྱལ་ཁབ་སོ་སོར་ཁྱབ་སྤེལ་བྱས་པ་དང་། ཐེངས་གཉིས་པ་ནི་སྤྱི་ལོ་དུས་རབས13པའི་སྐབས་སུ་བོད་ཀྱི་རིག་གནས་དེ་ཀྲུང་ཡོན་དབུས་རྒྱུད་དང་སོག་པོའི་ས་གནས་ཁག་ལ་སྤེལ་བ། ཐེངས་གསུམ་པ་ནི་ཆིང་རྒྱལ་རབས་ཀྱི་དུས་མགོར་བོད་ཀྱི་རིག་གནས་ནང་ལོག་ས་ཁུལ་སོ་སོར་སྤེལ་བ་བཅས་སོ། བོད་ཀྱི་རིག་གནས་ཀྱིས་རྒྱལ་ཁབ་དང་མི་རིགས་དེ་དག་གི་རིག་གནས་ལ་ཕན་ཚུན་འབྲེལ་འདྲིས་དང་ཕན་ཚུན་ཤན་ཤུགས་ཐེབས་པ། ཕན་ཚུན་འདྲེས་པ་དང་སྐུལ་འདེད་བྱེད་པའི་བརྒྱུད་རིམ་བྱུང་ཡོད།།
(དྲུག)བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དུས་རབས་གསར་པའི་དེང་རབས་ཅན་གྱི་སློབ་གསོའི་ཁྲོད་ཀྱི་བྱེད་ནུས།བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚན་རིག་ལག་རྩལ་ནང་དོན་གྱི་བསྡུར་ཚད་ཆེ་བ། དེའི་ཁྲོད་ཀྱི་ནང་དོན་ཕལ་ཆེ་བ་ད་ལྟའི་སྤྱི་ཚོགས་དང་ཤིན་ཏུ་འཚམ་མོ། དེར་བརྟེན། དེ་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱ་རྒྱུ་ནི་བོད་ཁུལ་གྱི་སློབ་གྲྭ་ཁག་གི་བསམ་བློའི་སློབ་གསོ་དང་རིག་གནས་སློབ་གསོ། གཤིས་རྒྱུད་སློབ་གསོ་བཅས་ཡོད་དོ་ཅོག་གི་ནང་དོན་གཙོ་བོ་གལ་ཆེན་ཞིག སློབ་གསོ་ཐེབས་པའི་མི་རྣམས་རིག་གནས་ལྡན་པའི་ངལ་རྩོལ་པར་འགྱུར་པའི་ཆེད་དང་། བོད་ཁུལ་གྱི་འཛུགས་སྐྲུན་ལ་རང་ཤེས་ནུས་པའི་བྱས་རྗེས་འཇོག་ཆེད། བོད་ཁུལ་གྱི་རིམ་པ་སོ་སོའི་སློབ་གྲྭའི་སློབ་གསོའི་ཁྲོད། བསྡུར་ཚད་ངེས་ཅན་གྱི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ་སྐོར་གྱི་སློབ་ཁྲིད་འོས་འཚམ་རེ་འཇོག་རིགས་ཏེ། དེའང་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་ཁྲོད་དུ།ཞང་ཞུང་རྒྱལ་རབས (སྤྱི་ལོའི་སྔོན་གྱི་ལོ1455ནས་སྤྱི་ལོ650ཡས་མས)ཀྱི་ཆེས་གནའ་བོའི་ཤེས་རིག་དང་། གཡུང་དྲུང་བོན་གྱི་བསྟན་པ་སྲོལ་འབྱེད་པོ་སྟོན་པ་གཤེན་རབ་མི་བོ་ཆེས(སྤྱི་ལོ་སྔོན་གྱི་དུས་རབསབཅུ་པའི་མི)ཁྱབ་སྤེལ་བྱས་པའི་ཤེས་རིག ཐོག་མའི་རྒྱལ་པོ་གཉའ་ཁྲི་བཙན་པོའི(སྤྱི་ལོ་སྔོན་གྱི་ལོ825ནས་785བར)རྒྱལ་བཙུགས་མཛད་རྗེས། ཐུ་བྷོཊ་རྒྱལ་རབས་སོ་གཉིས་པ་སྲོང་བཙན་སྒམ་པོའི(སྤྱི་ལོ617ནས698བར)བོད་ཆེན་པོ་གཅིག་གྱུར་བྱས་པའི་བྱ་བ་རླབས་ཆེན། ཁྲི་བཙུན་དང་། རྒྱ་བཟའ་ལྷ་གཅིག་ཀོང་ཇོ། (སྤྱི་ལའི་དུས་རབས་བདུན་པའི་མི)གཉིས་ཀྱིས་རྒྱ་གར་དང་དབུས་ཁུལ་རིག་གནས་ནང་འདྲེན་བྱས་པ། མཛངས་མི་མི་བརྒྱད་ཀྱིས(སྤྱི་ལོ་སྔོན་གྱི་ལོ505ནས་སྤྱི་ལོའི་དུས་རབས9པར)སྔ་མཐུད་ཕྱི་སྤེལ་གྱི་མཛངས་པའི་ལས་རླབས་ཆེན་བྱས་པ། གཡུ་ཐོན་ཡོན་ཏན་མགོན་པོའི(སྤྱི703ལོ་ནས833བར)བོད་ལུགས་གསོ་རིག་ཁྱབ་གདལ་བཏང་བའི་གྲུབ་འབྲས། ཐུ་བྷོཊ་རྒྱལ་རབས་མཇུག་མ་འུ་དུམ་བཙན་པོའི(སྤྱི་ལོ803ནས845བར)རྒྱལ་སྲིད་བཅོས་བསྒྱུར། གླིང་གེ་སར་རྒྱལ་པོའི་དགྲ་འདུལ་གཉེན་སྐྱོང་གི་དཔའ་བོའི་རྔམ་བརྗིད། ཟློས་གར་བ་དང་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོའི(སྤྱི་ལོ1385ནས་1465བར)དཀའ་སྤྱད་མཛད་རྗེས། ས་པཎ་ཀུན་དགའ་རྒྱལ་མཚན་གྱིས(སྤྱི་ལོ1182ནས1251བར)རིག་པའི་གནས་བཅུ་སྤེལ་ཚུལ། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི(སྤྱི་ལོ1357ནས་1419)ཆོས་ལུགས་དར་སྤེལ་དང་དག་ཐེར་བྱས་པ། གོང་ས་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི(སྤྱི་ལོ1617ནས་1682)ཇུས་བཟང་ཕུགས་རིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོའི(སྤྱི་ལོ1653ནས་1705བར)མཛད་རྗེས་རླབས་ཆེན། རྒྱལ་དབང་བཅུ་གསུམ་པ་ཐུན་བསྟན་རྒྱ་མཚོའི(སྤྱི་ལོ1876ནས1933བར)བཅོས་སྒྱུར་བྱེད་སྟངས་བཅས་ད་ལྟའི་བར་གསལ་ལྷང་ངེར་ང་ཚོའི་མིག་ལམ་དུ་མཐོང་རྒྱུ་ཡོད་པའོ།། དེ་ལྟར་ཁོང་རྣམ་པས་བོད་ཀྱི་ལོ་རྒྱུས་སྟེང་དང་། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་སྟེང་བསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད། འོན་ཀྱང་། ང་ཚོས་སྔོན་བྱོན་མཁས་དབང་རྣམ་པས་མི་རིགས་དར་རྒྱས་གཏོང་བ་དང་། མིའི་རིགས་ཀྱི་ཤེས་རིག་དང་ཡར་ཐོན་གྱི་ཆེད་དུ་བཞག་པའི་མཛད་རྗེས་མངོན་གསལ་དོད་པོ་དེ་དག་དུས་གཏན་དུ་ཕ་ཚ་བུ་རྒྱུད་རྣམས་ཀྱིས་ལད་ཟློས་དང་། སློབ་སྦྱོང་གི་མིག་དཔེ་ལྟ་ས་བྱས་མེད་པ་དང་། སྔོན་བྱོན་མཁས་དབང་རྣམ་པ་ལས་ལྷང་ལྷང་འཕྲོ་བའི་མི་རིགས་ལ་དགའ་ཞེན་དང་། བདེན་དོན་རྒྱུན་འཁྱོངས།གསར་གཏོད་མདུན་སྐྱོད། བརྩོན་ཆེན་སློབ་དགའ། ཧུར་བརྩོན་རྒྱལ་སྐྱོང་། གསར་གཏོད་ཕོད་སེམས། སྒེར་མེད་ལུས་འབུལ་བཅས་ཀྱི་སྙིང་སྟོབས་དེ། མི་རབས་རྗེས་མའི་སེམས་ཀྱི་གཏིང་དུ་ཟུག་ཅིང་། ང་རྒྱལ་དེ་སྒུལ་ཤུགས་སུ་བསྒྱུར་ནས་མི་རིགས་རང་བཀུར་དང་། རང་འབད། རང་ལ་ཡིད་ཆེས། རང་སྤོབས་བཅས་ཀྱི་བསམ་པ་སད་དུ་འཇུག་པ། དེ་བས་ང་ཚོས་སྔོན་བྱོན་མཁས་དབང་རྣམས་ཀྱི་བླ་ན་མེད་པའི་མཛད་རྣམ་དག་གཏན་དུ་འགྱུར་བ་མེད་པའི་ལྷ་སྒྲུང་དུ་ཕྱོགས་བསྒྲིགས་བྱས་ཏེ་མི་རབས་རྗེས་མར་ངག་སྐྱོར་བྱ་བཅུག་དགོས། སློབ་མས་འདས་སོང་གི་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཅི་ཙམ་ཤེས་ན། དེ་ཙམ་གྱི་ཤེས་རྒྱ་གཏིང་ཟབ་ཅིང་། མི་རིགས་ཀྱི་སྤོབས་སེམས་དང་། རང་བརྩིའི་བསམ་པ། རང་ཉིད་ལ་ཡིད་ཆེས་པའི་བསམ་བློ་ཡང་དེ་ཙམ་གྱིས་བསྐྱེད་ཅིང་། ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་སློབ་སྦྱོང་ལ་འབད་འབུངས་བྱེད་པའི་ཀུན་སློང་ཐེབས་ངེས་སོ།།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ལ་ཚན་རྩལ་དང་མཚན་ཉིད་རིག་པ། ཆོས་ལུགས། གསོ་རིག སྐར་རྩིས། བཟོ་སྐྲུན། རི་མོ། སྙན་ངག ཟློས་གར། རོལ་མོ། བྲོ་གར། བརྐོས་འབུར་སོགས་ཡོད་པས། སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་ནང་ལོ་རིམ་ལྟར་སླ་མོ་ནས་ཟབ་མོའི་བར་སྒྲིག་ཆོག་ཅིང་། སློབ་གྲྭ་ཆེན་མོའི་བསླབ་གཞི་ནང་རང་གི་ཆེད་ལས་ལ་འབྲེལ་བ་ཡོད་པའི་བོད་ཀྱི་གསོ་རིག་སྡེ་ཁག་དང་གནམ་དཔྱད་སྐར་རྩིས་སྡེ་ཁགཆོས་ལུགས་སྡེ་ཁག རི་མོ་དང་བརྐོས་འབུར་སྡེ་ཁག་རོལ་མོ་ཞབས་བྲོ་སྡེ་ཁག་སོགས་འཛུགས་འོས་སོ།།