དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-15
སྤྱི་ཟླ10པའི་ཚེས13ཉིན་གྱི་དགོང་མོར་ཡུལ་དངོས་བཀོད་འདོམས་པུའུ་ནས་གནས་ཚུལ་འབྱོར་གསལ། ཚེས13ཉིན་གྱི་དགོང་མོའི་ཆུ་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་བར། འབྲི་ཆུའི་དཔལ་དགེའི་ཆུ་བསྐྱིལ་མཚེའུའི་བཞུར་ཚད་སྐར་ཆ་རེར་སྨི་ལྷམ་པ་གྲུ་བཞི6600ཡིན་ཞིང་། ཆུ་བསྐྱིལ་མཚེའུ་ཡི་ཆུ་ཚད་སྨི35ཡས་མས་མར་ཆག་ཅིང་མཚེའུ་བརྡོལ་བའི་ཉེན་ཁ་ཇེ་ཆུང་དུ་སོང་བ་རེད། ཆེད་རམས་པས་གྲོས་འགོ་འདི་ལྟར་བཏོན་པ་སྟེ། རྒྱུད་ངོགས་ཀྱི་ས་གནས་ཁག་གིས་ཆུ་ལོག་སྔོན་འགོག་གི་ལས་ཀའི་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁྲེང་ཏུའུ་ས་གཤིས་རྩད་ཞིབ་ཁང་དང་ཞིང་ཆེན་ཆུ་བེད་ཁང་སོགས་འབྲེལ་ཡོད་སྡེ་ཚན་གྱིས་དཔལ་དགེའི་ཆུ་བསྐྱིལ་མཚེའུ་ལ་བདེ་འཇགས་དཔྱད་དཔོག་བྱ་རྒྱུ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཆུ་ཆུང་བའི་སྐབས་དང་བསྟུན་ནས་ཨར་ལས་བྱེད་ཐབས་སྤྱད་དེ་སང་ལོར་ཆར་ཆུ་འབེལ་དུས་ཡང་བསྐྱར་ཆུ་བསྐྱིལ་མཚེའུ་མི་ཆགས་པའི་སྔོན་འགོག་ལས་ཀ་ཡག་པོ་བསྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་དཔྱད་དཔོག་སྙན་སེང་ལ་གཞིགས་ནས་དུས་ཐོག་ཆུ་ལམ་བཅོས་སྐྱོང་གི་འཆར་འགོད་བཟོས་ནས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་ལ་བཅོས་སྐྱོང་བྱ་རྒྱུའི་སྙན་སེང་འབུལ་དགོས། དཔལ་ཡུལ་རྫོང་གིས་སྣེ་ཁྲིད་བྱས་ཏེ་དཔལ་དགེའི་ཆུ་བསྐྱིལ་མཚེའུ་ཡིས་གཏོར་སྐྱོན་བཟོས་པའི་གཞུང་ལམ་འཛུགས་སྐྲུན་བྱ་དགོས། བོད་ལྗོངས་འཇོ་མདའ་རྫོང་གིས་སྣེ་ཁྲིད་བྱས་ཏེ་རི་ཉིལ་བ་བཅོས་སྐྱོང་བྱ་དགོས་པ་བཅས་སོ།།
ཡང་གོང་ཚེས་ཉིན་གྱི་དགོང་མོར། སི་ཁྲོན་ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ནས་གནས་ཚུལ་འབྱོར་གསལ། ད་ཆ་འབྲི་ཆུའི་ཆུ་བསྐྱིལ་མཚེའུ་ཡི་བཞུར་ཚད་ཆེ་ཞིང་ཆུ་ཚད་མཐོ་བའི་གནས་ཚུལ་དང་། བབ་བསྟུན་དོ་དམ་པུའུ་ཡིས་རི་ཉིལ་སར་གས་སྲུབས་གསར་པ་བྱུང་བས་རི་ཡང་བསྐྱར་ཉིལ་བའི་ཉེན་ཁ་གསར་པ་ཡོད་ཅེས་བསྟན་པར་གཞིགས་ཤིང་། 《སི་ཁྲོན་ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་གི་བབ་བསྟུན་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་ཐག་གཅོད་བྱས་ཏེ། སྤྱི་ཟླ10པའི་ཚེས13ཉིན་གྱི་དགོང་མོའི་ཆུ་ཚོད་དྲུག་པ་དང་སྐར་མ་སུམ་ཅུར་རིམ་པ་གསུམ་པའི་ཆུ་ལོག་སྔོན་འགོག་གི་བབ་བསྟུན་མྱུར་སེལ་བྱ་འགོ་ཚུགས་རྒྱུ་ཡིན་ཞིང་། ཞིང་ཆེན་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡི་ཁོངས་གཏོགས་ལས་ཁུངས་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་ཆུ་ལོག་དང་ཐན་པ་སྔོན་འགོག་བཀོད་འདོམས་པུའུ་ཡིས་འགན་ནུས་ལས་བགོས་ལྟར་ཆུ་ལོག་སྔོན་འགོག་གི་བདེ་སྲུང་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས་པ་བསྟན་པ་རེད།།