༄༅།། སྐྱེ་དངོས་རིག་པའི་ཚོགས་ཐུན་སློབ་ཁྲིད་ལེགས་ཤོས་ཀྱི་ཕན་ནུས་མཐོར་འདེགས་སུ་གཏོང་ཐབས་།

གནམ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 10-15


རྨ་ལྷོ།གནམ་སྐྱིད།

(1)སློབ་ཁྲིད་ཀྱི་དམིགས་ཡུལ་ཐད་ནས་ལེགས་པའི་ཆ་སྔོག་འདོན་བྱེད་པ།

        སློབ་ཁྲིད་ཀྱི་དམིགས་ཡུལ་ནི་ཚོགས་ཐུན་གྱི་མགོ་རྩོམ་ས་དང་། དགེ་རྒན་གྱིས་བརྩི་སྲུང་བྱེད་དགོས་པའི་རྩ་དོན་ཡིན་ལ། བསླབ་དེབ་ཀྱི་གཞི་འཛིན་ས་དང་སློབ་མའི་གནས་ཚུལ་དངོས་དང་བསྟུན་ནས་གཏན་འཁེལ་བྱས་པ་ཡང་ཡིན། སློབ་ཁྲིད་ཀྱི་དམིགས་ཡུལ་ཡག་པོ་ཞིག་ཡོང་རྒྱུ་ནི་ཚོགས་ཐུན་གཅིག་ལ་འབྲས་བུ་ལེགས་པོ་ཡོང་བའི་འགག་རྩ་ཡིན། སློབ་ཁྲིད་ཀྱི་དམིགས་ཡུལ་དེ་སློབ་གསོའི་ཁ་ཕྱོགས་ཀྱི་གཏན་འཁེལ་བྱས་ཡོད་པའི་སྤྱིའི་དམིགས་ཡུལ་གྱི་ཐོག་མངོན་ཡོད་དེ། སྐྱེ་དངོས་རིག་པའི་ཚོགས་ཐུན་སློབ་ཁྲིད་དེ་བརྒྱུད་ནས་སློབ་མ་རྣམས་ལ་སྐྱེ་དངོས་རིག་པར་འབྲེལ་ཡོད་ཀྱི་རྨང་གཞིའི་ཤེས་བྱ་དང་རྩ་བའི་ནུས་རྩལ་ལ་རྒྱུས་ལོན་བྱ་དགོས་པར་མ་ཟད། སློབ་མའི་རང་འགུལ་གྱི་ནུས་པ་དང་ལྟ་ཞིབ་ཀྱི་ནུས་པ། དབྱེ་ཞིབ་ཀྱི་ནུས་པ།གནད་དོན་ཐག་གཅོད་པའི་ནུས་པ་བཅས་ཕྱོགས་གང་ཐད་ནས་མཐོར་འདེགས་སུ་གཏོང་བ་དང་མཉམ་དུ། བསླབ་དེབ་ཀྱི་ཤེས་བྱ་དང་ཟུང་འབྲེལ་བྱས་ཏེ་དེའི་ནང་གི་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ། སློབ་སྦྱོང་བྱེད་པའི་དམིགས་ཡུལ་དང་སློབ་སྦྱོང་གི་ཀུན་སློང་འཛིན་སྟངས་དང་སློབ་སྦྱོང་བྱེད་པའི་འདུ་ཤེས། སློབ་སྦྱོང་བྱེད་པའི་གོམས་འདྲིས་སོགས་སྐྱེད་སྲིང་བྱ་དགོས།
(2)སློབ་ཁྲིད་ཀྱི་ནང་དོན་ཚད་ལྡན་ཡིན་མིན།
        ཐོག་མར་དགེ་རྒན་གྱིས་རང་ཉིད་ཀྱི་ཁྲིད་གཞིའི་བསླབ་ཚན་གྱི་ནང་དོན་དེ་ནོར་འཕྱུག་མེད་པར་སློབ་མར་བརྒྱུད་སྤྲོད་བྱ་དགོས་པར་མ་ཟད། ད་དུང་སློབ་མའི་དངོས་གཞིའི་ཤེས་བྱར་དམིགས་ནས།དགེ་རྒན་གྱིས་ཚད་དང་མཐུན་པའི་སྒོ་ནས་ཁྲིད་བྱའི་ནང་དོན་དེ་གཙོ་ཕལ་བཀར་ཏེ།སྐབས་སུ་བབས་པའི་ཁྲིད་བྱའི་ནང་དོན་གྱི་ཁྱད་ཆོས་གཞིར་བཟུང་ནས། དཀའ་གནད་དང་གཙོ་གནད་རྒྱུས་ལོན་བྱས་ཏེ་སློབ་མའི་དོགས་གཞི་སེལ་ཐུབ་པར་བྱ་དགོས།
(3) སློབ་ཁྲིད་བཀོད་སྒྲིག་ལུགས་མཐུན་ཡིན་པ།
        སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་དགེ་རྒན་གྱིས་སྣེ་ཁྲིད་ཀྱི་ནུས་པ་དང་སློབ་མ་གཙོ་བོ་ཡིན་པ་མངོན་དགོས། དགེ་སློབ་བར་མཉམ་འབྲེལ་བྱེད་སྐབས་གཅིག་སེམས་གཅིག་ལ་མཐུན་དགོས་པར་མ་ཟད། ད་དུང་འོས་འཚམ་སྒོས་སློབ་ཁྲིད་ཀྱི་དུས་ཚོད་བཀོད་སྒྲིག་བྱས་པ་དང་བསྟུན་ནས་སློབ་ཁྲིད་ཀྱི་རིམ་པ་ཁ་གསལ་པོ་ཡིན་པ། གསལ་བཤད་དང་རང་ཀློག་ཡང་ན་གྲོས་བསྡུར། བསྐྱར་སྦྱང་གང་ཡིན་རུང་དེ་དག་གོ་རིམ་ཅི་ལྟ་བུ་ཞིག་ཡིན་པ་གསལ་པོར་ཤེས་དགོས། སློབ་ཁྲིད་བརྒྱུད་རིམ་གྱི་སྔ་གཞུག་གི་ནང་དོན་ལ་འབྲེལ་བ་དམ་པོ་ཡོད་པ་དང་། མགོ་མཇུག་ཆ་ཚང་བ་བཅས་ཀྱི་ཆ་རྐྱེན་ཚང་ན་དེ་ནི་སྐྱེ་དངོས་རིག་པའི་སློབ་ཁྲིད་ལེགས་ཤོས་ཀྱི་ཆེས་མཐོ་བའི་ཚད་གཞི་ཞིག་ཡིན། ད་དུང་དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་ངོ་གདོང་གི་རྣམ་འགྱུར། བསམ་བློ་གཏོང་བའི་ཚད། ཁ་ནས་བཤད་པ། དཔེ་ངོས་ཡིག་ཆ་སོགས་ཀྱི་གནད་ཁེལ་རང་བཞིན་བཅས་གཞིར་བཟུང་ནས་སློབ་ཁྲིད་ཀྱི་སྒྲིག་གཞི་ཇེ་ལེགས་སུ་གཏོང་དགོས།
(4)སློབ་ཁྲིད་བྱེད་པའི་ཐབས་ལམ་འོས་འཚམ་ཡིན་པ།
        དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སུ་སློབ་མའི་གནས་ཚུལ་དངོས་དང་སློབ་ཁྲིད་ཀྱི་ནང་དོན་དངོས་གཙོ་བོར་བཟུང་ནས། སློབ་མའི་རང་འགུལ་གྱིས་སློབ་སྦྱོང་བྱེད་པ་གཙོ་བོར་བཟུང་སྟེ། སློབ་ཁྲིད་བྱེད་པའི་ཐབས་ལམ་རིགས་མང་པོ་བཀོལ་སྤྱོད་བྱས་ནས་ཞིབ་ཚགས་ཀྱིས་སློབ་ཁྲིད་བྱེད་པའི་ཐབས་ལམ་གསར་བསྒྱུར་བྱ་དགོས་མིན་དང་། གསར་སྐྲུན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་མེད། ད་དུང་སྐད་རིགས་དང་ཟུང་འབྲེལ་བྱས་ནས་དམར་དཔེ། འདྲ་དབྱིབས། དཔེ་རིས་སོགས་ཐད་ཀར་མཐོང་ཐུབ་པའི་སློབ་ཁྲིད་ཡོ་བྱད་དག་བཀོལ་སྤྱོད་བྱེད་པ་གཙོ་བོར་འཛིན་དགོས།གལ་ཏེ་ཚོད་ལྟའི་སློབ་ཁྲིད་ཡིན་སྐབས། དགེ་རྒན་གྱིས་ཚོད་ལྟའི་གོ་རིམ་ལ་དབྱེ་ཞིབ། རིགས་འདེད་བཅས་ཕྱོགས་གང་ཐད་ནས་སློབ་མར་དོ་སྣང་བྱེད་དུ་འཇུག་དགོས།
(5)སློབ་ཁྲིད་ཀྱི་སྐད་ཆ་ཚད་དང་མཐུན་དགོས།
        སློབ་ཁྲིད་བྱེད་པའི་བརྒྱུད་རིམ་ཁྲོད་ཤེས་བྱ་བརྒྱུད་སྤྲོད་བྱེད་པའི་ལག་ཆ་གཙོ་བོ་ནི་སློབ་གསོའི་སློབ་ཁྲིད་ཀྱི་སྐད་ཆ་དེ་རེད། སློབ་ཁྲིད་བྱེད་པའི་སྐད་ཆ་དེ་ལ་སྒྲ་ཡོད་སྐད་ཆ་དང་སྒྲ་མེད་སྐད་ཆ་གཉིས་སུ་དབྱེ་ཡོད། སྒྲ་ཡོད་སྐད་ཆ་དེས་སློབ་ཁྲིད་ཀྱི་ནང་དོན་དེ་སློབ་མས་སྤྲོ་སྣང་སྒོས་དང་ལེན་བྱེད་པ་དང་། སྣ་ཚོགས་པ་དང་བརྒྱུད་རིམ་ལྡན་པ། སྣང་བརྙན་ཐད་མཐོང་དང་། སྟབས་བདེ་གོ་སླ་བ།དེ་དང་མཉམ་དུ་སྐད་ཆའི་ཐུན་མོང་གི་ཆོས་ཉིད་དང་མཐུན་པར་མ་ཟད། སྐྱེ་དངོས་ཚན་རིག་གི་ཁྱད་ཆོས་ཡང་ལྡན་དགོས། སྒྲ་མེད་སྐད་ཆ་ལ་གཙོ་བོ་སྒོ་སམ་གྱི་ཡི་གེ་དང་གཟུགས་བྱད་སྐད་ཆ་གཉིས་ཡོད། སློབ་ཁྲིད་གྲ་སྒྲིག་བྱེད་པའི་སྐབས་སུ་སྒོ་སམ་ཇུས་འགོད་ལེགས་པོ་ཞིག་བྱེད་རྒྱུ་ནི་གལ་ཆེ་ལ། སློབ་ཁྲིད་བྱེད་སྐབས་ཡིག་གཟུགས་ལེགས་ཤིང་དཀའ་གནད་དང་གཙོ་གནད་སོགས་གོ་རིམ་ལྡན་པའི་ངང་འབུར་དུ་ཐོན་པ། ཁ་གསལ་ཞིང་ཡང་དག་ལ།མདོར་བསྡུས་པའི་སྒོ་ནས་སློབ་ཁྲིད་དཔྱད་གཞིའི་གནད་དོན་སྟོན་ཐུབ་པ་ཞིག་ཡིན་དགོས། གཟུགས་བྱད་སྐད་ཆའི་ཆ་རྐྱེན་ནི་དགེ་རྒན་གྱི་འགྲོ་ལུགས་སྤྱོད་གསུམ་ཚུལ་ལྡན་དང་སློབ་མའི་ཡིད་དབང་འགུག་པའི་ནུས་པ་ཡོད་དགོས་པ་དེ་ཡིན།
(6) སློབ་ཁྲིད་ཀྱི་འབྲས་བུ་མངོན་གསལ་ཡིན་དགོས།
        ཐོག་མར་སློབ་མའི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་དང་། སེམས་ཁམས་སྐྱེད་སྲིང་བྱས་ཡོད་མེད། སློབ་ཁྲིད་ཀྱི་ནང་དོན་ལ་ཁ་གཏད་ནས་བཤད་ན་སློབ་མས་རང་འགུལ་གྱིས་བསམ་གཞིག་གཏོང་བ་དང་དྲིས་ལན་འདེབས་པ། ད་དུང་སློབ་མའི་དྲིས་ལན་འདེབས་པའི་ངོ་གདོང་གི་འགྱུར་ལྡོག དྲི་བའི་དོགས་གཞི། ལག་ལེན་བཀོལ་སྤྱོད་བཅས་ལ་ལྟ་ཞིབ་བྱེད་པ་བརྒྱུད་ནས་སློབ་མའི་བསླབ་ཚན་གྱི་ནང་དོན་ལ་རྒྱུས་ལོན་བྱེད་པ་དང་། ད་དུང་སྔོན་བཀོད་ཀྱི་སློབ་ཁྲིད་དམིགས་ཡུལ་མངོན་འགྱུར་བྱས་ཡོད་མེད། སློབ་མ་ཡོངས་ཀྱིས་སྐྱེ་དངོས་རིག་པའི་སློབ་ཁྲིད་ཁྲོད་ཀྱི་རྨང་གཞིའི་ཤེས་བྱ་དང་གཞི་རྩའི་ནུས་པ་སོགས་དོན་དངོས་ཐོག་རྒྱུས་ལོན་བྱས་ཡོད་མེད། སྐྱེ་དངོས་རིག་པ་སློབ་སྦྱོང་བྱེད་པའི་ནུས་པ་གོང་འཕེལ་དུ་སོང་ཡོད་མེད་བཅས་ལ་བལྟ་དགོས།
        ཚོགས་ཐུན་སློབ་ཁྲིད་ལེགས་ཤོས་ནི་སློབ་གྲྭའི་སློབ་ཁྲིད་ཀྱི་གཞི་རྩའི་རྣམ་པ་ཞིག་ཡིན། སློབ་མའི་རྒྱུད་ལ་འབྱོར་བའི་ཤེས་བྱའི་སྤུས་ཚད་དང་བསམ་བློའི་གོ་རྟོགས།རིག་ནུས(智能)འཕེལ་རྒྱས་སོགས་ཚད་ངེས་ཅན་ཞིག་གི་ཐད་ནས་སློབ་ཁྲིད་ཀྱི་སྤུས་ཚད་དང་འབྲེལ་བ་ཟབ་མོ་ཡོད། དེའི་རྐྱེན་གྱིས་ང་ཚོའི་དངོས་ཡོད་ཀྱི་སློབ་ཁྲིད་དང་ཟུང་འབྲེལ་བྱས་ནས་སྐྱེ་དངོས་རིག་པའི་ཚོགས་ཐུན་སློབ་ཁྲིད་ལེགས་ཤོས་ལ་གོང་གི་རྒྱུ་རྐྱེན་དྲུག་གི་ངོས་ཐད་ནས་བསམ་གཞིག་གཏོང་དགོས་པའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1