སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱིས་མང་ཚོགས་ཉིས་ཁྲི་ལྷག་བཀོད་སྒྲིག་འོས་འཚམ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-16



          གནོད་འཚེ་ཐོན་རྗེས་སི་ཁྲོན་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱིས་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ་དང་། སྤྱི་ཚེས་13ཉིན་བར་མང་ཚོགས་ཉིས་ཁྲི་ལྷག་ཙམ་བཀོད་སྒྲིག་བྱས་ཡོད།
          སྤྱི་ཚེས་12ཉིན་གྱི་དགོང་དྲོ་ནས་བཟུང་། འབྲི་ཆུའི་འགག་འཁྱིལ་ཆུ་ཁའི་མཐོ་ཚད་ཆུ་རགས་ཀྱི་མཐོ་ཚད་ལས་བརྒལ་ཏེ་ཆུ་རང་བཞིན་ངང་ཕྱིར་རྒྱུག་པས་འགག་འཁྱིལ་མཚེའུའི་ཆུ་ཁ་སྨི་20ལྷག་ཙམ་དམའ་རུ་སོང་ཡོད།
བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་འདའ་རྫོང་གི་རྫོང་དཔོན་བཅོ་ལྔ་བཀྲ་ཤིས་ཀྱིས་སྤྱི་ཚེས་13ཉིན་ངོ་སྤྲོད་གནང་བར། ཆུ་ཁ་དམའ་རུ་སོང་བའི་དབང་གིས་སྤོ་ལོ་ཤང་གི་གནས་སྤོ་བྱས་པའི་གྲོང་མི་ཁག་གཅིག་ཁྱིམ་དུ་བལྟ་བར་འགྲོ་རྩིས་བྱས་ཀྱང་ལས་དོན་མི་སྣས་བཀོད་སྒྲིག་ས་ཆར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་ཡོད་པ་རེད།
          འབྲི་ཆུའི་འགག་འཁྱིལ་མཚེའུའི་ཕྱོགས་གཅིག་ནི་བོད་ལྗོངས་འཇོ་མདའ་རྫོང་དང་ཕྱོགས་གཞན་ཞིག་ནི་སི་ཁྲོན་དཀར་མཛེས་ཁུལ་གྱི་དཔལ་ཡུལ་རྫོང་རེད། དཔལ་ཡུལ་རྫོང་སྒ་རྗེ་ཤང་གླག་གི་གྲོང་ཚོ་ནི་འགག་འཁྱིལ་མཚེའུའི་སྨད་རྒྱུད་ཀྱི་སྤྱི་ལེ་ཉི་ཤུའི་སར་གནས་ཡོད། རི་ཉིལ་རྗེས་གླག་གི་གྲོང་ཚོའི་གྲོང་མི་218བདེ་འཇགས་ལྡན་པའི་ས་ཆར་ཛ་དྲག་གནས་སྤོ་བྱས་པ་དང་། དེའི་ཁྲོད་མི་51དགའ་ཉེ་སྤུན་མཆེད་ཀྱི་སར་སྤོས་པ་དང་། མི་167གླག་གི་གྲོང་ཚོ་དང་བར་ཐག་སྤྱི་ལེ་42ཡོད་པའི་བདེ་འཇགས་ལྡན་པའི་ས་ཆར་གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད། སྒ་རྗེ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་པད་མ་རྒྱལ་མཚན་གྱིས། ས་གནས་ནས་གུར་དང་། ཕོ་ཁེབས། སྨན་བཅོས་འཕྲོད་བསྟེན་ཡོ་བྱད། འབྲས་དང་གྲོ་ཞིབ། ཟ་སྣུམ་སོགས་སྟབས་བསྟུན་རོགས་སྐྱོབ་དངོས་པོ་གཅིག་གྱུར་ངང་བཀོད་སྒྲིག་བྱས་པ་དེས་མང་ཚོགས་ལ་བཟའ་རྒྱུ་འཐུང་རྒྱུ་དང་། གྱོན་རྒྱུ། སྡོད་ས་བཅས་འགན་ལེན་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད།
          མིག་སྔར། སི་ཁྲོན་དཀར་མཛེས་ཁུལ་གྱིས་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མང་ཚོགས་ཆིག་ཁྲི་སྟོང་མེད་526གནས་སྤོ་བྱས་ཟིན་ཡོད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱིས་མང་ཚོགས་ཆིག་ཁྲི་3637བཀོད་སྒྲིག་འོས་འཚམ་བྱས་ཡོད། སྤྱི་ཚེས་13ཉིན། སྟབས་བསྟུན་དོ་དམ་པུས་གནོད་འཚེ་ཕོག་ཁུལ་དུ་གུར་7000དང་། སྲིང་བལ་གྱི་སྟོད་ཐུང་སུམ་ཁྲི། ཕོ་ཁེབས་ལྔ་ཁྲི། སྟབས་བདེའི་ཉལ་ཁྲི་5000སོགས་ཀྲུང་དབྱང་གི་གནོད་སེལ་དངོས་ཟོག་སྤྲད་དེ་གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་དང་བར་བརྒལ་རང་བཞིན་གྱི་འཚོ་བའི་ཐད་འགན་སྲུང་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1