༄༅།། གནམ་གྱི་འཇུ་ཐག

ཉི་མ་དཔལ་བཟང་། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18



ཉི་མ་དཔལ་བཟང་། (སྡེ་དགེ།)

སྔ་དུམ།
འོད་ཀྱི་ཐིག་ལེ་ཞིག་མཁའ་མཐའི་དཀྱིལ་ནས་འཚེར། །
ཚོར་སྣང་ཟིམ་མེ་ཞིག་རླུང་སིམ་མཉམ་དུ་ལྡང་། །
ན་བུན་གསལ་མདངས་ཤིག་རི་རྩེའི་མགུལ་པར་འཁྱུད། །
སྤྲིན་དཀར་འདབ་དྲུག་ཅིག་རྒྱང་ཐག་བཀྱེད་ཙམ་བསྙེན། །
ཚོན་སྨུག་རླངས་དིར་ཞིག་ངལ་གསོའི་དཔལ་དུ་བསྙབ། །
ཆུ་འཛིན་ནར་མོ་ཞིག་ཁྲོས་པའི་སྟབས་ལ་རྩེན། །
ཆར་པ་ཤག་ཤག་ཅིག་ཞལ་འཛུམ་གསེབ་ནས་བཞུར། །
བར་དུམ།
ནོར་འཛིན་གྲུ་ག་ཞིག་ནས་སྔུར་བའི་སྨུག་རླངས་འཐིབ། །
རྟ་བདུན་གཟི་བྱིན་ཞིག་ལ་མིག་ལོག་གཉེར་རིས་འཐེན། །
ཚ་བའི་རྙི་ཐག་ཅིག་ལ་ཁ་ཆུའི་གཤེར་ཁུ་གཏོར། །
ཀུན་མཐོང་ཡོངས་ཁྱབ་ཅིག་ལ་ཁྲོས་པའི་ཚིག་མཚོན་འཕེན། །
སྐབས་འཕྲལ་ཡུད་ཙམ་ཞིག་ལ་ངུ་ངག་དབྱངས་རྟ་གྱེར། །
རེ་བའི་ཉིང་ཞུན་ཞིག་ལ་འབད་སྡང་འབུམ་གྱིས་ཕྱུག །
དོན་དམ་སྙིང་པོ་ཞིག་སྟེ་ཆར་སིམ་གཡང་འབོད་བྱེད། །
མཇུག་དུམ།
ཆར་པའི་མགྲོན་པོ་ཞིག་པདྨའི་འཛུམ་དཀར་ལ་ཐིམ། །
དྲི་བསུང་ངད་མོ་ཞིག་ཟེའུ་འབྲུའི་དང་མ་རུ་ཟུམ། །
ཆར་ཐིགས་ཡང་མོ་ཞིག་སྡོང་པོའི་རྩ་བ་རུ་བཞུར། །
གནམ་སའི་བར་ཐག་ཅིག་ཆར་སྤྲིན་སྔོན་མོས་སྡུད། །
མཛའ་མཐུན་འོད་ཀོར་ཞིག་ཆར་རྗེས་མཁའ་རུ་འཁྲིགས། །
འཇིག་རྟེན་སེམས་བདེ་ཞིག་གསང་ཐག་ཧྲལ་གྱིས་གཏོར། །
དགའ་བདེའི་དཔལ་ཡོན་ཞིག་འཛིན་མས་ཁྱེར་ལ་ལྟོས། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1