༄༅།། ཕོ་མོ་འདྲ་མཉམ་མ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-19


འཇུ་སྐལ་བཟང་།
ཕར་ལ་མ་བརྟག་མིག་མདའ་ལན་གཅིག་ཤོར་བས། །
ཚུར་ལ་མཛེས་འཛུམ་ལྕགས་ཀྱུས་སྙིང་ཤ་འབིགས་བྱེད། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་ཆོ་འཕྲུལ་ཁྱོད་ཚོ་ལྷག་རེད། །
ཕར་ལ་གླེན་གཏམ་བདེན་པ་ཚིག་གཅིག་བཤད་པས། །
ཚུར་ལ་ཚེ་གཅིག་ལག་མགོ་གཏོང་བ་མི་གནངས། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་ཕྱི་ཐག་ཁྱོད་ཚོ་རིང་རེད། །
ཕར་ལ་ཁང་མིག་གྲུ་བཞི་ཙམ་ཞིག་སྤྲད་པས། །
ཚུར་ལ་གཞིས་ཁྱིམ་དྲོན་མོ་དངོས་ཤིག་བྱིན་འོང་། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་སྒྱུ་འཕྲུལ་ཁྱོད་ཚོར་མངའ་རེད། །
ཕར་ལ་ལྡམ་ལྡུམ་ཤ་རུག་ཤས་ཙམ་སྤྲད་པས། །
ཚུར་ལ་རོ་བཅུད་ཟས་སྣ་ཐང་མར་བརྡལ་བྱུང་། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་མིག་འཕྲུལ་ཁྱོད་ཚོ་མཁས་རེད། །
ཕར་ལ་ཉག་ཉོག་ལད་ལུད་ཐང་གང་བྱོས་པས། །
ཚུར་ལ་གཙང་མཛེས་གྲ་དག་ཁྱིམ་གང་བསྒྲིགས་འདུག། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་དགའ་ཚལ་ཁྱོད་ཚོས་བསྐྲུན་རེད། །
ཕར་ལ་ནག་ནོག་རྫབ་རྫོབ་རྒྱབ་གང་ཕུད་པས། །
ཚུར་ལ་གཙང་སྒྲོས་སྤུས་ལྡན་ལུས་གང་བསྐོན་བྱུང་། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་བཟའ་འདང་ཁྱོད་ཚོ་ཆེ་རེད། །
ཕར་ལ་རྒྱན་གོས་རང་ཉིད་འབྱོར་ཙམ་སྤྲས་པས། །
ཚུར་ལ་འཕྱོར་སྒེག་མིག་གིས་མི་བཟོད་སྟེར་མཁན། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་མཛེས་སྡུག་ཁྱོད་ཚོར་རྫོགས་རེད། །
ཕར་ལ་སྡུག་རབས་བསྔལ་རབས་རུམ་གང་བླུགས་ན། །
ཚུར་ལ་སེམས་གསོ་ལུས་མཉེད་མལ་གང་སྟེར་ནུས། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་དགའ་སྐྱིད་ཁྱོད་ཚོས་སྟེར་རེད། །
ཕར་ལ་དགའ་བའི་དྲོད་ཐིག་ཡུད་ཅིག་བྱིན་པས། །
ཚུར་ལ་བསམ་འགྲུབ་བུ་ཆུང་བུབས་གཅིག་སྤྲོད་ནུས། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་རྫུ་འཕྲུལ་ཁྱོད་ཚོར་ཡོད་རེད། །
ཕར་ལ་ཕྲུ་གུ་དམར་འབྱར་འབུ་ཙམ་སྤྲད་པས། །
ཚུར་ལ་སྨྲ་ཤེས་དོན་གོའི་མི་ཞིག་གསོས་འདུག། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་བུ་དུང་ཁྱོད་ཚོ་བཟང་རེད། །
ཕར་ལ་ཨ་མ་ཨ་ཡས་ལན་གསུམ་བོས་པས། །
ཚུར་ལ་བུ་ཚའི་ཕྱིར་དུ་མི་ཚེ་འབུལ་ནུས། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་སེམས་བསྐྱེད་ཁྱོད་ཚོ་འཕགས་རེད། །
ཕར་ལ་གྱོས་པོ་སྒྱུག་མོ་ཁྱིམ་གང་བསྟར་བས། །
ཚུར་ལ་ཁ་འཇམ་ཚིག་དྲོའི་ཕོར་བ་འདེགས་མཁས། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་མ་དུང་ཁྱོད་ཚོ་ཟབ་རེད། །
ཕར་ལ་རི་དྭགས་རི་ཤོར་ལྷས་གང་བསྐོར་བས། །
ཚུར་ལ་མར་དང་འོ་མའི་རྒྱ་མཚོ་བསྐྱིལ་བྱུང་། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་གཞིས་འཛིན་ཁྱོད་ཚོ་འཇོན་རེད། །
ཕར་ལ་ཞིང་གོག་སྐམ་པོ་རྣང་གཅིག་སྤྲད་པས། །
ཚུར་ལ་ལྗང་མྱུག་སྔོན་མོ་མུ་གང་བསྙོར་འདུག། །
བསམ་གྱིས་མི་ཁྱབ་བུད་མེད་སྒྱུ་མ་འདི་རེད། །
འདྲ་མཉམ་མ་རེད་ཚེགས་ཡུན་ཁྱོད་ཚོས་ཐེག་རེད། །
བུད་མེད་གནམ་གྱི་ཕྱེད་ཀར་བསྔགས་པ་ཡོད་ཀྱང་། །
རྒན་བྱིས་ཕལ་བའི་ཁྱིམ་ན་བུད་མེད་མེད་ན། །
སུམ་ཆའི་གཉིས་ཀྱི་གནམ་དེ་རྡིབས་པར་འདུག་པས། །
ཨ་མ་ཆུང་མ་བུད་མེད་ཀུན་ཀྱང་རླབས་ཆེ། །
ང་དང་ང་འདྲ་འདུལ་ཁྲིམས་རྒྱང་ཐག་རིང་ཞིང་། །
ཐོབ་དང་འབྱོར་སོགས་ངོ་སོ་མཐུན་རྐྱེན་ཕྲ་བས། །
འཁོར་ངན་ཁྲོད་ན་ཚེ་འདིར་བུད་མེད་ཚོ་དང་། །
ནང་རྒྱུས་ཆེ་ཕྱིར་གསུམ་བརྒྱད་ལེགས་སྐྱེས་འདི་བྲིས། །  
◆ ཞེས་པ་ནོར་བེར་བྱ་དགའ་ཐོབ་མཁན་དབྱིན་ཇིའི་རྩོམ་པ་པོ་གྲགས་ཅན་ཝི་ལམ་ལགས་ཀྱི་ཚིག་ཅིག་ལ་གཞི་བྱས་ཏེ་ཅུང་ཟད་སྤྲོ་བར་བྱེད་པ་པོའང་སྙུག་ཐོགས་པ་འཇུ་སྐལ་བཟང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1