༄༅།། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་དོན་གང་ཞིག་དོ་དམ་བྱ་དགོས།
ཚེ་བརྟན་སྒྲོལ་མས་བསྡུ་སྒྲིག་བྱས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-18
རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་མཐོ་ཤོས་ཀྱི་ལག་བསྟར་ལས་ཁུངས་ཡིན་པ་དང་། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་། རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་མཐོ་ཤོས་ཡིན་ཞིང་། རྒྱལ་ཡོངས་ཀྱི་སྲིད་འཛིན་ལས་ཁུངས་མ་ལག་ཁྲོད་གནས་བབ་མཐོ་ཤོས་སུ་གནས་ཡོད། རྩ་ཁྲིམས་ཀྱི་སྲིད་འཛིན་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགན་དབང་ཁོངས་སུ་རྩ་ཁྲིམས་དང་བཅའ་ཁྲིམས་ལག་ལེན་དུ་བསྟར་རྒྱུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན་ལག་ལེན་དུ་བསྟར་རྒྱུ། སྲིད་འཛིན་ཁྲིམས་སྲོལ་དང་སྲིད་འཛིན་བྱེད་ཐབས་བཟོ་རྒྱུ། སྲིད་འཛིན་ཆོད་དོན་དང་བཀའ་རྒྱ་འགྲེམ་བསྒྲགས་བྱེད་རྒྱུ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱི་ཁྱབ་ཁོངས་ནང་གི་ཁུལ་ཁ་ཤས་ཛ་དྲག་ཆེ་བའི་གནས་སུ་འཁོད་པའི་ཐག་གཅོད་བྱེད་རྒྱུ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་གཞི་འབུལ་རྒྱུ། རང་ཁོངས་སུ་འདུས་པའི་པུའུ་དང་ཨུ་ཡོན་ལྷན་ཁང་། ས་གནས་རིམ་པ་ཁག་གི་སྲིད་འཛིན་ལས་ཁུངས་བཅས་ལ་འགོ་ཁྲིད་བྱེད་པའི་དབང་ཆ་ཡོད་པ། རྒྱལ་ཡོངས་ཀྱི་སྲིད་འཛིན་ལས་དོན་ཁག་སྒྲིག་འཛུགས་དང་འགོ་ཁྲིད། དོ་དམ་བྱེད་རྒྱུ་བཅས་འདུས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་ནི་ཙུང་ལི་དང་ཙུང་ལི་གཞོན་པ་པུའུ་སོ་སོའི་པུའུ་ཀྲང་དང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། རྩིས་བཤེར་འགོ་འཛིན། དྲུང་ཡིག་ཆེན་མོ་བཅས་ལས་གྲུབ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འོག་ཏུ་བཙུགས་པའི་ལས་ཁུངས་གྲས་སུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཆེད་བཙུགས་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་གཅོད་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་ལས་ཁུངས། རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་དོ་དམ་བྱེད་པའི་རྒྱལ་ཁབ་ཅུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་གྲོས་ཆོད་ལས་ཁུངས་དང་གནས་སྐབས་ལས་ཁུངས་བཅས་འདུས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ལ་རམ་འདེགས་བྱས་ཏེ་གྲོས་ཚོགས་ཀྱི་ཆོད་དོན་ནང་འཁོད་དོན་དག་ལེན་དུ་བསྟར་བའི་སྒྲིག་འཛུགས་བྱེད་རྒྱུ་སོགས་རེད། རྒྱལ་སྲིད་སྤྱི་ཁྱབ་གི་གྲུབ་ཆའི་སྡེ་ཁག་གི་ཆ་ནས་2013ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་ཐག་བཅད་ནས་གྲོས་འཆམ་བྱུང་བའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུ་དང་འགན་ནུས་བསྒྱུར་རྒྱུའི་འཆར་གཞིའི་སྐོར་གྱི་ཆོད་དོན་ལ་གཞིགས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲུབ་ཆའི་སྡེ་ཁག་དེ་ཕྱི་འབྲེལ་པུའུ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། སློབ་གསོ་པུའུ་སོགས་འདུས་པའི་སྡེ་ཁག་25བར་དུ་ཉུང་འཕྲི་བྱས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ཆེད་བཙུགས་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་མ་དངུལ་གཏོང་བའི་འགན་འཁྲི་བསྒྲུབ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དམིགས་ལས་སྒོ་ཞིག་གཙོ་སྒྲུབ་གནང་བ་དང་། དེར་འགག་སྒོའི་སྤྱི་ཁྱབ་ལས་ཁུངས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་སོགས་འདུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དོན་གཅོད་ལས་ཁུངས་ཀྱི་འགན་འཁྲི་གཙོ་བོ་ནི་ཆེད་དམིགས་ལས་དོན་ཞིག་ཞིབ་འཇུག་དང་འགྲེམ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། དེར་སྲིད་འཛིན་གཙོ་ཤུགས་ཀྱི་ཐོབ་ཐང་མི་ལྡན་པ་དང་། དེར་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་དང་། ཀང་ཨའོ་ལས་དོན་གཞུང་ལས་ཁང་། ཁྲིམས་ལུགས་གཞུང་ལས་ཁང་། ཞིབ་འཇུག་ཁང་སོགས་འདུས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐད་གཏོགས་ལས་དོན་སྡེ་ཚན་ནང་དུ་ཞིན་ཧྭ་གསར་འགྱུར་ཁང་དང་ཀྲུང་གོ་ཚན་རིག་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སོགས་འདུས་ཡོད།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་དོན་ཐད་ལ་ཙུང་ལིས་འགན་འཁུར་བའི་ལམ་ལུགས་ཏེ་དབུ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་ལེན་བསྟར་བཞིན་ཡོད། དེའི་གོ་དོན་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལ་རང་ངོས་ཀྱིས་གཙོ་སྐྱོང་གནང་བའི་ལས་དོན་ཐག་གཅོད་དབང་ཆ་ཆ་ཚང་ཡོད་པ་དང་ཁག་འགན་བྱུང་བ་ཚང་མ་ཆབས་སྦྲགས་སུ་འཁུར་དགོས་པ་དེ་རེད། དཔེར་འོས་མཚོན་བྱེད་ཞིག་ལ་ཙུང་ལིར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་འཚོག་ཚེ་མཇུག་མཐའི་ཐག་གཅོད་བྱེད་དབང་ཡོད་པ་མ་ཟད། ཐག་བཅད་ཀྱི་མཇུག་འབྲས་དང་འབྲེལ་བའི་ཁག་འགན་ཀྱང་ཡོད་ཚད་འཁུར་དགོས། འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངོ་བོ་དང་ལས་འགན་གྱི་རྐྱེན་གྱིས་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ངོ་བོ་ནི་སྲིད་འཛིན་ལས་ཁུངས་ཡིན་ཞིང་། དབང་ཆ་གཅིག་སྡུད་ཆེན་པོ་བྱུང་ཚེ། དེ་ཉིད་ཀྱིས་ད་གཟོད་རྙོག་འཛིང་ལྡན་པའི་ལས་དོན་ཁག་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ཁག་ལས་ཆོད་ཆེ་བ་དང་། དུས་ཐོག་མགྱོགས་མྱུར་བཅས་ཀྱི་སྒོ་ནས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། །