གངས་ལྗོངས་ཉི་གཞོན་དྲ་བའི་འཕྲིན། (གསར་འགོད་པ་ཚུལ་ཁྲིམས་བཟང་པོ། )སྤྱི་ཟླ་10པའི་ཚེས་16ཉིན། སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་ཧི་མ་ལ་ཡ་རིག་མཛོད་ཁང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཁྲེན་ཏུའུ་ཁྲི་ཀ་ཚང་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཆེན་མོས་རོགས་སྒྲུབ་བྱས་པའི་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》ཡི་དཔེ་སྐྲུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས།
ཚོགས་ཐོག་ཏུ། ཀྲུང་གུང་སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཀྲུའོ་དང་། སི་ཁྲོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་སྐོར་གཟིགས་པ་གཞོན་པ་ཞའོ་ཧྲི་ཅུན་གཉིས་ཀྱིས་གཏམ་བཤད་བྱས། སི་ཁྲོན་དཔེ་སྐྲུན་ཚོགས་པའི་སྤྱི་འདོམས་པ་ཁྲེན་ཡུན་ཧྭ་ཡིས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། གེ་སར་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་འཇམ་དཔལ་རྒྱ་མཚོ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་གླིང་གི་ཞིབ་འཇུག་པ། རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན། མཚོ་སྔོན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཅོད་པ་དོན་གྲུབ་བཅས་ཀྱིས་ཤིས་ཚིག་ཕུལ་བ་དང་། སི་ཁྲོན་དཔེ་སྐྲུན་ཚོགས་པའི་ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་བློ་བཟང་རྡོ་རྗེས་ཚོགས་འདུའི་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག །《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》ཡི་རྩོམ་སྒྲིག་ཚོགས་པས་ཆེད་མཁས་པ་རྣམས་ལ་གདན་འདྲེན་ཞུ་ཡིག་ཕུལ་བ་དང་རྒྱལ་ཡོངས་གེ་སར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གཞུང་ལས་ཁང་གིས་ཧི་མ་ལ་ཡ་རིག་མཛོད་ཁང་ལ “རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་གེ་སར་ཡིག་ཚགས་ལྟེ་གནས”ཞེས་པའི་མཚན་སྙན་གནང་།
དེ་རིང་ཕྱི་དྲོར། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》ཡི་དཔེ་སྐྲུན་སྐོར་གྱི་དཔྱད་གླེང་ཚོགས་འདུ་འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་གདན་ཞུའི་ཆེད་མཁས་པ་40ལྷག་གིས་《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ།》འཆར་འགོད་དང་། རྩོམ་སྒྲིག །དཔེ་སྐྲུན་སོགས་ཀྱི་བྱ་བའི་ཐད་ནས་དགོངས་ཚུལ་བརྗེ་རེས་དང་བགྲོ་གླེང་ལྷུག་པོ་གནང་།།